ལམ་ལུགས་རང་རྟོན་ཇེ་བརྟན་དུ་བཏང་སྟེ། ཧུར་ཐག་མདུན་སྐྱོད་ཀྱི་སྟོབས་ཤུགས་བསླངས་པ།—ཞིང་ཆེན་ཡོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དྲིལ་སྒྲོག་དང་ལག་ལེན་མཐར་ཕྱིན་བྱས་པའི་སྒྲོག་འགྲེལ་བྱ་འགུལ་བསྡུས་བཤད།
2020.01.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 19

དགུན་ཁའི་མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་། གྲང་ངར་གྱིས་མི་ལ་གཙེ་བར་བྱེད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པའི་ཚ་རླབས་འཕྱུར་བ་དེས་མི་སེམས་དྲོ་བར་བྱེད།

གོ་བ་ཟབ་མོ་སྟེར་བའི་སྒྲོག་འགྲེལ་རེ་རེ་དང་། གསོན་ཉམས་ལྡན་པའི་བརྗེ་སྤེལ་རེ་རེས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དཔྱིད་རླུང་དང་འགྲོགས་པའི་སྦྲང་ཆར་བཞིན་མིའི་སེམས་ཀྱི་ཞིང་ས་བརླན་པར་བྱེད།

ཞིང་ཆེན་རིམ་པའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་སྒྲོག་འགྲེལ་བྱས་ཏེ་འོག་ལ་མིག་དཔེ་བསྟན།

ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ནི་ཏག་ཏག་དགུན་ཚུགས་པའི་སྐབས་དང་འཁེལ་ཡོད་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཐུན་རིན་རྫོང་དང་གཅན་ཚ་རྫོང་དུ་སོང་ནས། ཁོང་རང་ཉིད་ཀྱིས་དངོས་སུ་མགོ་ཁྲིད་དེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ལིག་ཉིང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་དུ་སོང་སྟེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སྒྲོག་འགྲེལ་བྱས།

ཧྲུའུ་ཅི་ཝང་ཅན་ཅུན་དང་། ཧྲིན་ཀྲང་ལིག་ཉིང་སོགས་ཞིང་ཆེན་རིམ་པའི་མགོ་ཁྲིད་ཀྱི་སྣེ་ཁྲིད་འོག ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་མགོ་ཁྲིད་རྣམས་ཁོངས་གཏོགས་སྡེ་ཁག་དང་འབྲེལ་གནས་སྡེ་ཁག གཞི་རིམ་འཐབ་ཕྱོགས་དང་པོ་བཅས་སུ་སོང་ནས། བྱ་བར་རྟོག་ཞིབ་དང་ཆ་སྒྲིག་རོགས་སྐྱོར། ཉེ་བཅར་འཚམས་འདྲི། ཏང་གི་སློབ་ཁྲིད་སོགས་ཀྱི་བྱེད་ཐབས་སྤྱད་དེ་སྒྲོག་འགྲེལ་བྱས་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་ཁེ་ལས་དང་། ཞིང་སྡེ། འབྲོག་ཁུལ། ལས་ཁུངས། སློབ་གྲྭ། སྡེ་ཁུལ། དམག་སྒར། དགོན་པ། དྲ་ཚིགས་བཅས་སུ་བསྐྱོད་པར་སྣེ་ཁྲིད་སྒོས་སྐུལ་འདེད་བཏང་།

ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན་ནས་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་ཉིན་བར། སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་སོ་སོར་གྲོང་ཁྱེར་དང་ཁུལ་སོ་སོ་དང་། རྫོང་ཁག་སྐོར་ཞིག་དང་། ཞང་དང་སྡེ་བ། སྡེ་ཁུལ། དེ་མིན་ཞིང་ཆེན་ཐད་གཏོགས་ལས་ཁུངས་མང་ཆེ་བ་དང་། རྒྱལ་གཉེར་ཁེ་ལས། མཐོ་རིམ་སློབ་ཆེན་བཅས་སུ་སོང་སྟེ། ལམ་གྱི་དཀའ་སྡུག་ལ་མ་འཛེམས་པར་བསྟུད་མར་སྒྲོག་འགྲེལ་བྱས་ཤིང་། ཏང་ཡོན་ལས་བྱེད་པ་དང་གཞི་རིམ་མང་ཚོགས་ཁྲི་བཞི་ལྷག་ལ་སྙན་ཞུ་ཐེངས་གོ་གཉིས་ཞུས་པས། གདེང་འཇོག་རྒྱ་ཆེན་ཐོབ། དེ་དང་ཆབས་ཅིག་ཏུ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་གཅིག་གྱུར་བཀོད་སྒྲིག་ལྟར། སྒྲོག་འགྲེལ་ཚོགས་པ་དང་། སྒྲོག་འགྲེལ་རུ་ཁག སྒྲོག་འགྲེལ་ཚན་ཁག་བཅས་བཙུགས་ཏེ། རྫོང་དང་། ཞང་དང་གྲོང་རྡལ། སྡེ་བ་དང་སྡེ་ཁུལ། གཞི་རིམ་ལས་ཁུངས་སོགས་སུ་སོང་ནས་སྒྲོག་འགྲེལ་བྱ་འགུལ་སྤེལ། ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོ་དང་རིགས་མི་འདྲ་བའི་སྒྲོག་འགྲེལ་དཔུང་སྡེས་སྒྲོག་བཤད་ཐེངས་སྟོང་གཉིས་དང་ཉིས་བརྒྱ་ལྷག་བྱས་པ་དང་། ཉན་མཁན་ས་ཡ་གཅིག་དང་འབུམ་ལྔ་ལྷག་ལ་སླེབས།

གོང་འོག་མཉམ་འགུལ་གྱིས་སྒྲོག་འགྲེལ་གཏིང་ཟབ་ཏུ་སྤེལ་ཏེ་རིམ་པ་རེ་རེར་སྐུལ་འདེད་བཏང་།

ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱ་འགུལ་སྤེལ་བའི་སྐབས་སུ། གྲོང་ཁྱེར་དང་ཁུལ་སོ་སོ་དང་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཏང་གི་སློབ་གྲྭ་དང་། ལས་བྱེད་པའི་སློབ་གྲྭ། “མང་ཚོགས་ཀྱི་ཁེབས་ལྡན་རླངས་འཁོར”དང“མང་ཚོགས་ཀྱི་ཁ་བརྡ་བྱེད་ས”“མང་ཚོགས་ཀྱི་སྒྲོག་འགྲེལ་ཚོགས་པ”“རོལ་དབྱངས་སྒྲོག་འགྲེལ་ཚོགས་པ”“ལས་བྱེད་རྒན་པའི་སྒྲོག་འགྲེལ་ཚོགས་པ”“རྒན་གསུམ”སྒྲོག་འགྲེལ་ཚོགས་པ་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། སྒྲོག་འགྲེལ་ནུས་པ་ངེས་ཅན་ལྡན་ཞིང་མང་ཚོགས་དང་འབྲེལ་འདྲིས་ཟབ་མོ་ཡོད་པའི་གཞི་རིམ་ཏང་ཡོན་ལས་བྱེད་པ་དང་། སྡེ་བ་དང་དགོན་པར་སྡོད་པའི་ལས་བྱེད་པ། “སྐད་གཉིས”ལས་བྱེད་ཁག་ཅིག་སྐོང་འཐེན་བྱས་ཏེ། “རྟ་ཐོག་སྒྲོག་འགྲེལ་རུ་ཁག”དང“འཕྲུལ་རྟའི་སྒྲོག་འགྲེལ་རུ་ཁག”“དར་དམར་སྒྲོག་འགྲེལ་རུ་ཁག”“ཞའོ་ཀའོ་ལིང་སྒྲོག་འགྲེལ་རུ་ཁག”སོགས་གཞི་རིམ་སྒྲོག་འགྲེལ་དཔུང་སྡེ་རྩ་འཛུགས་བྱས་ཤིང་། རྫོང་དང་ཞང་དང་གྲོང་རྡལ། སྡེ་བ། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས། ཁྱིམ་ཚང་གི་ནང་དང་སྒོ་ར་སོགས་སུ་སོང་ནས། མང་ཚོགས་ཀྱི་ལྟ་འདོད་ཅིང་ཉན་སྤྲོ་བ་དང་། ཁ་གསལ་གོ་བདེའི་ངང་ནས་སྒྲོག་འགྲེལ་རྒྱ་ཆེར་སྤེལ་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱལ། ཁོངས་གཏོགས་དང་ལས་རིགས་མང་པོས་སོ་སོའི་ངོ་བོ་དང་ཁྱད་ཆོས་ལ་ཟུང་འབྲེལ་བྱས་ཏེ། བརྗོད་དོན་མངོན་པར་གསལ་ཞིང་གསོན་ཉམས་དོད་པའི་སྒྲོག་འགྲེལ་བྱ་འགུལ་སྤེལ།

སྐབས་བསྟུན་སྣ་མང་སྒོས་སྒྲོག་འགྲེལ་གསར་གཏོད་བྱས་ཏེ་མི་སེམས་ལ་ཟུག་པ་དང་དངོས་ཐོག་ཏུ་བསྐྱོད་པར་བྱས།

ས་གནས་སོ་སོ་དང་མ་ལག་སོ་སོས་སྒྲོག་འགྲེལ་བྱེད་ཡུལ་རིགས་བགར་ཏེ། ཁྲིད་སྟེགས་སྟེང་གི་སྒྲོག་འགྲེལ་དང་ཚ་ཐབ་སྟེང་གི་སྒྲོག་འགྲེལ། ཁྱིམ་སྐྱོད་སློབ་སྦྱོང་། བཞུགས་མོལ་བརྗེ་རེས་སོགས་གསོན་ཉམས་དོད་པའི་བྱེད་ཐབས་ཕྱོགས་བསྡུས་སྒོས་སྤྱད་དེ། “གཞུང་ལུགས་དང་།རིག་རྩལ། དྲ་རྒྱ”ཅན་ལ་དང་དོད་བྱས་པ་དང་། སྲང་ལམ་སྡེ་ཁུལ་དང་། ཐང་ཆེན་སྤྱི་གླིང་། སྡོད་དམངས་ཐོག་ཁང་ར་སྐོར། ཁེ་ལས་འཁོར་ཁང་སོགས་སུ་སོང་ནས། སྐོར་བྲོ་དང་། རྩེད་རིགས། བྲོ་གར་སོགས་ས་གནས་མི་རིགས་དང་དམངས་ཁྲོད་རོལ་དབྱངས་སྒྱུ་རྩལ་ཐེག་བྱེད་བྱས་ཤིང་། བཤད་ལེན་འཁྲབ་སྟོན་བཞི་ཟུང་འབྲེལ་གྱིས་སྒྲོག་འགྲེལ་བྱས་པས། ལས་བྱེད་པ་དང་མང་ཚོགས་ལ་དགའ་སྤྲོའི་ཁྲོད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱས།

མཚོ་ནུབ་དང་མཚོ་ལྷོ། མཚོ་བྱང་། མགོ་ལོག རྨ་ལྷོ་བཅས་དང་། དེ་མིན་རྫོང་ཁག་སྐོར་ཞིག་གིས་སྔ་གཞུག་ཏུ“སྐད་གཉིས་སྒྲོག་འགྲེལ་ཚོགས་པ”བཙུགས་པ་དང་། སྒྲོག་འགྲེལ་མི་སྣས་ཁྱིམ་དོན་ལབ་གླེང་དང་། གཏམ་རྒྱུད་འཆད་པ། དཔེ་འཇོག་པ་སོགས་ངོ་འཕྲད་སྒྲོག་འགྲེལ་བྱས་ཏེ། ལས་བྱེད་པ་དང་མང་ཚོགས་རྣམས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་གོ་བ་ཟབ་མོ་ལེན་རོགས་བྱས།

ཐུན་མོང་གི་ངོས་ཟིན་གཅིག་སྒྲིལ་དང་སྒྲོག་འགྲེལ་མཐོར་འདེགས་བཏང་སྟེ་སྒུལ་ཤུགས་བསླངས།

གཞི་རིམ་ལ་འབྲེལ་བ་ཡོད་པ་དང་། མི་སེམས་ལ་ཟུག་པའི་སྒྲོག་འགྲེལ་སྤེལ་ཐེངས་རེ་རེས། རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་མང་ཚོགས་རྣམས་ལ་ཚང་འཛོམས་གྲོས་ཚོགས་ཀྱི་གཞི་རྩའི་དགོངས་དོན་དང་དོན་སྙིང་གལ་ཆེན་ལ་གོ་བ་སྔར་ལས་ཟབ་མོ་ལོན་དུ་བཅུག་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱིས་བཏོན་པའི་བསམ་བློ་གསར་པ་དང་ལྟ་ཚུལ་གསར་པ་དང་བླང་བྱ་གསར་པ་རབས་དང་རིམ་པར་ཁྱོན་ཡོངས་ནས་གོ་བ་ཡོད་པར་གྱུར།

ཚང་མས་བཤད་རྒྱུར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་དོན་སྙིང་གལ་ཆེན་ལ་ངོས་འཛིན་དང་རྒྱུས་ལོན་བྱེད་ཚད་སྔར་ལས་གཏིང་ཟབ་ཏུ་གཏོང་དགོས་པ་དང་། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་དང་“རང་རྟོན་བཞི”སྔར་ལས་ཇེ་བརྟན།“སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ཏེ། ལམ་ལུགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ལམ་ལུགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱེད་པ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ནན་ཏན་གཏོང་བ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཇུས་ཆོད་དང་བཀོད་སྒྲིག་དག་མཚོ་སྔོན་གྱི་ས་ཆར་དངོས་འབེབས་ནུས་ཐོན་ཡོང་བར་ཁག་ཐེག་བྱེད་དགོས། ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱི་ལས་བྱེད་པ་ཀྲང་ལེན་ཧའེ་ཡིས་བཤད་རྒྱུར། ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་བྱེ་བྲག་གི་ལག་ལེན་དུ་བསྒྱུར་བ་དང་། ལས་སྒོའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་དགོས་ལ། ནན་ཏན་སྒོས་ལས་འགན་ལག་བསྟར་དང་ཡོངས་འགྲུབ་བྱེད་པ། ཇུས་འདོན་ལག་རོགས་ལྟ་བུའི་བྱེད་ནུས་བཟང་པོ་འདོན་པ་བཅས་བྱས་ཏེ། མཚོ་སྔོན་བཅོས་སྐྱོང་གི་ཡུལ་ཁམས་གསར་པ་བཏོད་ཆེད་རང་གིས་འཇོག་འོས་པའི་བྱས་རྗེས་འཇོག་དགོས། ཟི་ལིང་གྲོང་ཁྱེར་ཙུང་ཀྲའེ་གྲོང་རྡལ་གྱི་ཀྲིན་ཀྲང་གཞོན་པ་ཁྲེན་པའེ་ལིང་གིས་བཤད་རྒྱུར། ཐེངས་རྗེས་མར། སེམས་རྣལ་ལ་ཕབ་སྟེ་མུ་མཐུད་དུ་ནན་ཏན་སྒོས་སློབ་སྦྱོང་བྱེད་དགོས་པ་དང་། མུ་མཐུད་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁོང་དུ་ཆུད་པར་བྱེད་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་གཅེས་བརྩེ་བ་སྐྱེད་སྲིང་བྱེད་པ་དང་། རྒྱལ་སྟོབས་ཀྱི་ཕུགས་འདུན་གསོ་སྐྱོང་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་བཅའ་ཁྲིམས་ལམ་ལུགས་ཀྱི་བློ་དཀར་ལག་ལེན་པ་ཞིག་བྱེད་པར་བརྩོན་རྒྱུ་ཟེར།

                                                                                                                          རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།