ཆམ་རིམས་དང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་དབྱེ་བ་ཇི་ལྟར་འབྱེད་དགོས།
2020.01.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 64

མགོ་བོ་ན་བ་དང་། སྣ་ཆུ་ཐོན་པ། གློ་རྒྱག་པ། མིད་པ་ན་བ་སོགས་ཀྱི་ནད་རྟགས་ཐོན་ན་ཇི་ལྟར་བྱ། ཚ་བ་རྒྱས་མིན་ཇི་ལྟར་བརྟག་དགོས། ཆམ་པ་དང་། ཆམ་རིམས། ཏོག་དབྱིབས་ནད་དུག་བགོས་པའི་རྐྱེན་ལས་བྱུང་བའི་གློ་ཚད་བཅས་དབྱེ་བ་ཇི་ལྟར་འབྱེད་དགོས། གཤམ་ལ་དེ་དག་རེ་རེ་བཞིན་གསལ་བཤད་ཞུ།

གང་འདྲ་ཞིག་ལ་ཆམ་པ་བརྒྱབ་པ་ཟེར།

ཆམ་པ་ནི་སྤྱིར་ལུས་པོ་འཁྱག་པའམ་ངལ་དུབ་ཆེ་དྲགས་པའི་རྐྱེན་གྱིས་སྣ་དང་མིད་པ་ཚུད་པའི་དབུགས་ལམ་སྟོད་མར་ནད་རྟགས་ཐོན་པའི་ན་ཚ་ཞིག་ཡིན།

ནད་རྟགས། སྣ་ཁུག་འགག་པ་དང་། སྣ་ཆུ་ཐོན་པ། ཧབ་སྦྲིད་རྒྱག་པ། ཚ་བ་རྒྱས་པ་མངོན་གསལ་དོད་པོ་མེད་པ་དང་། ལུས་ཤུགས་ཟད་པ་དང་ཟས་ཀྱི་དྭངས་ཁ་ཉམས་པའི་ཚོར་བ་ཆེར་མེད་པ། མགོ་བོ་ན་བ་དང་རུས་ཚིགས་ན་བའི་ཚོར་བ་ཆེར་མེད་པ་བཅས་ཡིན། ཆམ་ནད་ནི་གཙོ་བོ་དབུགས་ལམ་སྟོད་མར་ནད་རྟགས་ཆེན་པོ་ཐོན་ཀྱང་ལུས་པོ་ཧྲིལ་པོར་ནད་རྟགས་དེ་ཙམ་ཚབས་ཆེན་པོ་མེད་ཅིང་། དེ་ནི་སྤྱིར་བཏང་ཐོག་ཉེན་ཁ་མེད་པ་ཞིག་རེད།

གང་འདྲ་ཞིག་ལ་ཆམ་རིམས་ཟེར།

ཆམ་རིམས་ནི་ཆམ་རིམས་ནད་དུག་འགོས་པ་ལས་བྱུང་བའི་དབུགས་ལམ་གྱི་ན་ཚ་ཞིག་ཡིན། དེས་གཅིག་ནས་དབུགས་ལམ་སྟོད་མར་ཤུགས་རྐྱེན་བཟོ་བ་མ་ཟད། ད་དུང་དབུགས་ལམ་སྨད་མར་གཉན་ཚད་དམ་གློ་ཚད་རྒྱས་ཀྱི་ཡོད། ཆམ་རིམས་ནི་སྤྱིར་བཏང་བྱས་ན་དགུན་དཔྱིད་གཉིས་སུ་འགོས་ཁྱབ་འགྲོ་བ་དང་། དེར་ཆམ་རིམས་ཀ་པ་དང་ཆམ་རིམས་ཁ་པ་ཞེས་པའི་དབྱེ་བ་གཉིས་ཡོད།

ནད་རྟགས། ཆམ་རིམས་ནི་ནད་རྟགས་མྱུར་དུ་ཐོན་པ་དང་། ནད་རྟགས་ཚབས་ཆེན་པོ་ཡོད་ཅིང་། གཟུགས་པོ་ཧྲིལ་པོ་མི་བདེ་བར་འགྱུར་བ་དང་། ད་དུང་ཚ་བ་རྒྱས་ཀྱི་ཡོད། ཧ་ལམ་ཉིན་རེ་གཉིས་ནང་གཟུགས་པོའི་དྲོད་ཚད་39℃ལ་སླེབས་པ་དང་། མགོ་བོ་ན་བ་དང་། ལུས་ཤུགས་ཟད་པ། ཟས་ཀྱི་དྭངས་ཁ་ཉམས་པ་བཅས་ཀྱི་ནད་རྟགས་མངོན་གསལ་དོད་པོ་ཡོད། རྒན་རྒོན་དང་། ཕྲུ་གུ། རྒྱགས་པའམ་ཚོན་པོ། སྦྲུམ་མ་སོགས་ལ་ཆམ་རིམས་ཕོག་ན་དེས་རྐྱེན་པས་གློ་ཚད་ལྕི་པོ་ཕོག་པ་དང་། ཐ་ན་སྲོག་ཀྱང་ཤོར་གྱི་ཡོད།

ཏོག་དབྱིབས་ནད་དུག་གསར་བ་འགོས་པ་ལས་བྱུང་བའི་གློ་ཚད་ལ་ནད་རྟགས་གང་འདྲ་ཡོད།

ནད་དུག་འགོས་ཀྱང་ནད་རྟགས་མ་ཐོན་པའི་ནད་པ། དེ་ནི་ནད་དུག་དེ་འགོས་ཀྱང་ནད་རྟགས་ཐོན་མེད་པ་དང་། དབུགས་ལམ་ལ་བརྟག་དཔྱད་བྱེད་སྐབས་ནད་དུག་ཕོག་པ་ཤེས་རྟོགས་བྱུང་བ་དག་ཡིན་ཞིང་། མི་དེ་དག་དུས་ཐོག་ཏུ་ལོགས་སུ་བཀར་ནས་འཇོག་དགོས།

ནད་རྟགས་ཅུང་ཟད་ཡོད་པའི་ནད་པ། དེ་དག་ནི་ཚ་བ་ཅུང་ཟད་རྒྱས་པ་དང་། གློ་རྒྱག་པ། གྲང་ཤུར་རྒྱག་པ། གཟུགས་པོ་མི་བདེ་བ་བཅས་ཀྱི་ནད་རྟགས་ཡོད་པ་དག་ཡིན།

ནད་རྟགས་ཚབས་ཆེ་བའི་ནད་པ། ནད་རྟགས་ཐོག་མར་ཐོན་པ་དང་། ལྷག་པར་དུ་མདུན་གྱི་ཉིན་གསུམ་ནས་ལྔའི་ནང་གློ་རྒྱག་པ་དང་ཚ་བ་རྒྱས་པ་དང་། དེ་ནས་ངལ་དུབ་ཀྱི་ཚོར་བ་ཇེ་ཆེར་འགྲོ་བ། གཟའ་འཁོར་གཅིག་གི་རྗེས་ནད་རྟགས་ཚབས་ཇེ་ཆེར་འགྲོ་བ་དང་། རིམ་བཞིན་གློ་ཚད་ཕོག་པ། ཐ་ན་གློ་ཚད་ཚབས་ཆེན་ཕོག་པ། ནད་གཞི་ལྕི་བའི་ནད་པའི་དབུགས་ཀྱི་རྒྱུ་བ་མགྱོགས་སུ་འགྲོ་བ་དང་། དབུགས་འགག་ཐེབས་པ། སྙིང་ལ་གནོད་འཚེ་ཕོག་པ་སོགས་ཀྱི་ནད་རྟགས་ཐོན་པ། ད་དུང་དེ་བས་ཚབས་ཆེ་རུ་ཕྱིན་ན་འདས་གྲོངས་ཀྱི་ཉེན་ཁ་འཕྲད། ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་ནད་པའི་ནད་རྟགས་དེ་རིམ་བཞིན་ཚབས་ཆེ་རུ་འགྲོ་བ་དང་། གཟའ་འཁོར་གཉིས་པར་སླེབས་སྐབས་ནད་རྟགས་ཚབས་ཆེ་ཤོས་སུ་འགྱུར་གྱི་ཡོད།

རང་ཉིད་ལ་ཚ་བ་རྒྱས་མིན་ཇི་ལྟར་བརྟག་དགོས།

ལྷིང་འཇགས་སྐབས་ཀྱི་ལུས་དྲོད་ཨང་གྲངས་37.3℃ལས་བརྒལ་བ།

དོ་སྣང་བྱ་དགོས་པར། ཚ་བ་བརྟག་པའི་གོང་གི་སྐར་མ་ཉི་ཤུ་ནས་སུམ་ཅུའི་ནང་འགུལ་སྐྱོད་དྲག་པོ་བྱེད་པ་དང་། ཟས་ཟ་བ། ཆུ་གྲང་མོ་དང་ཆུ་ཚ་པོ་འཐུང་བ། བསིལ་དུགས་དང་ཚ་དུགས་བཅས་བྱ་མི་རུང་བ་མ་ཟད། མཆན་འོག་སྐམ་པོར་གནས་པ་བྱ་དགོས།

ཚ་བ་ཅུང་རྒྱས་པ། 37.3~38℃

ཚ་བ་འབྲིང་ཙམ། 38.1~39℃

ཚ་བ་ཆེན་པོ། 39.1~41℃

ཚ་བ་ཤིན་ཏུ་ཆེན་པོ། 41℃ཡན།

གལ་སྲིད་མགོ་བོ་ན་བ་དང་། སྣ་ཆུ་ཐོན་པ། གློ་རྒྱག་པ། མིད་པ་ན་བ་བཅས་ཀྱི་ནད་རྟགས་ཐོན་ན་ཇི་ལྟར་བྱ་དགོས།

ཧྭ་ཀྲུང་ཚན་རྩལ་སློབ་གྲྭ་ཆེན་མོའི་ཐུང་ཅི་གསོ་རིག་སློབ་གླིང་གི་ཟུར་གཏོགས་ཐུང་ཅི་སྨན་ཁང་གིས་བཏོན་པའི་གྲོས་འགོར་གཞིགས་ན། གལ་སྲིད་ལུས་དྲོད་38℃ལས་དམའ་བ་ཡོད་ན། ཁྱིམ་དུ་བསྡད་ནས་ནད་གསོ་ཆོག་པ་དང་། ས་གནས་དེ་གའི་གཏན་འབེབས་ལྟར་གོང་ཞུ་བྱེད་པ་དང་སྦྲགས། ནད་རྟགས་ཀྱི་འགྱུར་ལྡོག་ལ་བལྟ་ཞིབ་ནན་པོ་བྱ་དགོས་པ་དང་། པོ་ལོ་ཧྥུན་སོགས་སྨན་ཟ་དགོས། གལ་སྲིད་ནད་གཞི་ལྕི་རུ་ཕྱིན་པའི་སྣང་བ་བྱུང་ན། སྔོན་ལ་སྡེ་ཁུལ་སྨན་ཁང་དུ་བསྐྱོད་དགོས་པ་དང་། ལུས་དྲོད38℃ལས་བརྒལ་ཡོད་ན། ཚ་ནད་སྨན་ཁང་དུ་བསྐྱོད་དགོས།

ཚ་བ་རྒྱས་པའི་ནད་རྟགས་མེད་ཀྱང་། གཟུགས་པོ་ཧྲིལ་པོ་མི་བདེ་བར་འགྱུར་བ་དང་། གྲོད་པ་ན་བ་དང་བཤལ་ན་ཇི་ལྟར་བྱ་དགོས།

ནད་རྟགས་ཚབས་ཆུང་བ་ལོགས་སུ་འཇོག་པ་དང་། ནད་རྟགས་ཚབས་ཆེ་བ་སྨན་ཁང་དུ་སྐྱེལ་དགོས།

མིག་སྔའི་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་ཐོག་མའི་ནད་རྟགས་གྲས་སུ་ཕོ་རྒྱུ་མི་བདེ་བ་ཡང་ཡོད་པས།གྲོད་པ་བཤལ་སྐབས་རང་ཁྱིམ་དུ་ལོགས་སུ་འཇོག་དགོས་པ་དང་། འཚོ་བཅུད་གསབ་རྒྱུར་དོ་སྣང་བྱ་དགོས།གལ་སྲིད་ནད་གཞི་ཚབས་ཆེ་རུ་ཕྱིན་ན་སྨན་པ་བསྟེན་པར་འགྲོ་དགོས།

གལ་སྲིད་དབུགས་བསྡམས་པའི་ཚོར་སྣང་བྱུང་ཡང་ཚ་བ་མ་རྒྱས་ན་སྐྱོན་ཆེ་བ་ཡོད་དམ།

དབུགས་བསྡམས་པ་ནི་དངངས་འཚབ་ལངས་པ་དང་། སྙིང་གི་ན་ཚ། གློ་ཡུའི་ནད། གློ་བའི་གཅོང་ནད་སོགས་ཀྱི་རྐྱེན་ལས་འབྱུང་བ་དང་། གལ་སྲིད་སྔར་ནས་གཅིན་པ་མངར་འགྱུར་དང་། ཁྲག་ཚིལ་མཐོ་པོ། ཁྲག་ཤེད་མཐོ་བ། སྙིང་ནད། གློ་གཅོང་སོགས་ཀྱི་ན་ཚ་ཡོད་པའམ། ཡང་ན་ཁྱིམ་དུ་བསྡད་ནས་ལུས་གསོ་བྱས་ཀྱང་དྲག་སྐྱེས་མ་བྱུང་ཚེ་སྨན་ཁང་དུ་སྨན་པ་བསྟེན་པར་བསྐྱོད་ན་ལེགས།

གལ་སྲིད་ཚ་བ་རྒྱས་པ་དང་དབུགས་བསྡམས་པ་སོགས་ཀྱི་ནད་རྟགས་ཐོན་ན་མུ་མཐུད་ཁྱིམ་དུ་བསྡད་ནས་བལྟ་ཞིབ་བྱས་ན་འགྲིག་གམ།

གལ་སྲིད་ཚ་བ་རྒྱས་པ་དང་ཆབས་ཅིག་དབུགས་བསྡམས་ན་དོགས་ཟོན་ཆེན་པོ་བྱ་དགོས་ཤིང་། གང་མགྱོགས་སྨན་ཁང་དུ་བསྐྱོད་དགོས། སྨན་ཁང་དུ་བསྐྱོད་སྐབས་རབ་བྱུང་ན་ཁ་རས་བརྒྱབ་ནས་རྐང་ཐང་དུ་ཉེ་འཁོར་སྨན་ཁང་དུ་བསྐྱོད་དགོས་པ་དང་། ད་དུང་རབ་བྱུང་ན་གློག་སྐས་ནང་སྡོད་རྒྱུ་མེད། སྨན་ཁང་དུ་སླེབས་རྗེས་ཁྲག་གི་བརྟག་དཔྱད་དང་། གློག་པར་རྒྱག་པ། CRPབརྟག་དཔྱད། ནད་དུག་བརྟག་དཔྱད་སོགས་བྱ་དགོས།

དེའི་གོང་དུ་ནད་དེ་ཕོག་པའི་དོགས་ཡོད་མི་དང་ཐུག་ཀྱང་མིག་སྔའི་ཆར་མི་བདེ་བའི་སྣང་བ་མེད་ན་ཇི་ལྟར་བྱ་དགོས།

དེ་རིགས་ཡིན་ཚེ་ཁྱིམ་དུ་བསྡད་ནས་བརྟག་ཞིབ་བྱ་དགོས། བརྟག་ཞིབ་བྱེད་པའི་དུས་ཡུན་ནི་ཉིན་བཅུ་བཞི་ཡིན། དེའི་རིང་ཉིན་ལྟར་སྔ་དགོང་ལུས་དྲོད་བརྟག་དགོས་པ་དང་། དེའི་རིང་ཚ་བ་རྒྱས་པ་དང་གློ་རྒྱག་པའི་ནད་རྟགས་ཐོན་ན་སྨན་ཁང་གི་ཚ་ནད་སྡེ་ཁག་ཏུ་བསྐྱོད་དགོས།