ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལ་ཚན་རིག་ལྟར་འགོག་སྲུང་བྱ་དགོས།
2020.02.02 ཁུངས། ཀློག་གྲངས། 66

སྤྱིར་བཏང་ཁྱིམ་ཚང་དུ་དུག་སེལ་ཇི་ལྟར་བྱེད་དགོས་སམ། 

ནད་གཞི་དར་ཁྱབ་ཆེ་བའི་སྐབས་སུ། ཕྱི་རུ་སོང་ནས་ཁྱིམ་དུ་ལོག་རྗེས། དུས་ཐོག་ཏུ་ལག་པ་བཀྲུ་རྫས་དང་ཡང་ན་འདག་རྫས་ཀྱིས་ལག་པ་བཀྲུ་དགོས་ལ་འཁོར་སྐྱོད་བྱེད་པའི་ཆུ་བཀོལ་ན་བཟང་། ཡང་ན་དུག་སེལ་རྫས་ཀྱིས་ལག་པར་དུག་སེལ་བྱེད་དགོས། ཅོག་ཙེ་དང་རྐུབ་སྟེགས་སོགས་དངོས་གཟུགས་ཀྱི་ཕྱི་ངོས་སུ་ཉིན་ལྟར་གཙང་སྦྲ་ཡག་པོ་བྱེད་དགོས་པ་མ་ཟད་དུས་བཅད་ལྟར་དུག་སེལ་བྱེད་དགོས། མགྲོན་པོ་ཐོན་རྗེས(ལུས་ཕུང་བདེ་ཐང་གི་གནས་ཚུལ་མི་ཤེས་པ)དུས་ཐོག་ཏུ་ཁང་བའི་ནང་གི་འབྲེལ་ཡོད་དངོས་རྫས་ཀྱི་སྟེང་དུ་དུག་སེལ་བྱེད་དགོས་པ་དང་། ཁྲིམས་མཐུན་ནུས་ལྡན་གྱི་དུག་སེལ་རྫས་སམ་ཡང་ན་ལག་ཕྱིས་རློན་པས་ཕྱིས་ནས་དུག་སེལ་བྱས་ཆོག ཁང་བའི་ནང་དུ་རླུང་རྒྱུ་བ་དང་དབུགས་བརྗེ་བ། རང་བྱུང་གིས་རླུང་རྒྱུ་བའམ་འཕྲུལ་ཆས་ཀྱིས་རླུང་རྒྱུ་བ། དགུན་ཁར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་བར་བྱས་ཏེ།ཁང་བའི་ཕྱི་ནང་གི་དྲོད་ཁྱད་ཀྱི་འགྱུར་ལྡོག་གིས་ཆམ་པ་འབྱུང་བ་སྔོན་འགོག་བྱེད་དགོས།

དངོས་གཟུགས་ཀྱི་ཕྱི་ངོས་སུ་ཁིལ་ལྡན་དུག་སེལ་རྫས་དང་དབྱང་གཉིས་ཁིལ་སོགས་དུག་སེལ་རྫས་སམ་ལག་ཕྱིས་རློན་པས་ཕྱིས་ཆོག ལག་པ་དང་སྐྱི་པགས་ལ་ཕན་ནུས་ལྡན་པའི་དུག་སེལ་རྫས་དཔེར་ན་ཏེན་ཧྥུ་དང་ཁིལ་ལྡན་དུག་སེལ་རྫས། དབྱང་བརྒལ་ཆིང་རྫས་དུག་སེལ་རྫས་སོགས་བྱུགས་ནས་དུག་སེལ་བྱེད་དགོས།

ཁྱིམ་མིར་དོགས་གཞི་ཅན་གྱི་ནད་རྟགས་བྱུང་རྗེས་དུག་སེལ་བྱེད་ཐབས་གང་ཞིག་སྤྱོད་དགོས་སམ། 

ཁྱིམ་མིར་དོགས་གཞི་ཅན་གྱི་ནད་རྟགས་བྱུང་རྗེས། (ཚ་རྒྱས་པ་དང་། གློ་ལུ་བ། མིད་པ་ན་བ། དབུགས་ལེན་དཀའ་བ། ནུས་ཤུགས་མེད་པ། སེམས་ཤུགས་མེད་པ། སྐྱུག་མེར་ལངས་པ། ཁོག་པ་བཤལ་བ། མགོ་ན་བ། མིག་སྐྱིའི་གཉན་ཚད་ཀྱི་ནད། རྐང་ལག་བཞི་དང་རྐེད་པའི་ཤ་གནད་ན་བ་སོགས)ཁྱིམ་ཚང་གི་ནང་མི་གཞན་དག་ལོགས་སུ་བཀར་ནས་འགོག་སྲུང་བྱེད་དགོས་པ་མ་ཟད། ནད་གཞིའི་གནས་ཚུལ་ལ་གཞིགས་ནས་དུས་ཐོག་ཏུ་སྨན་བཅོས་བྱེད་པར་སྐྱེལ་དགོས་པ་དང་། སྨན་བཅོས་བྱེད་སྐབས་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་འདུག་མི་རུང་།

ནད་རྟགས་ཡོད་པའི་ཁྱིམ་ཚང་གི་ཁྱིམ་མིས་སྨན་བཅོས་བྱས་རྗེས། དེའི་ཁང་པ་དང་བཀོལ་སྤྱོད་བྱས་པའི་དངོས་པོ(དཔེར་ན་ཁང་པའི་ནང་དང་། གསང་སྤྱོད། ཁྱིམ་ཆས་ཀྱི་ངོས། སྒོ་ལུང་། བཟའ་བཏུང་ཡོ་བྱད་སོགས)ལ་དུག་སེལ་བྱེད་དགོས།

ཁྱིམ་དུ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ཡོད་པའི་ནད་པ་བྱུང་ཚེ་དུག་སེལ་བྱེད་ཐབས་གང་ཞིག་སྤྱོད་དགོས་སམ། 

ནད་པ་ཁ་བྲལ་རྗེས་(དཔེར་ན་སྨན་ཁང་དུ་སྡོད་པ་དང་ཤི་བ། ལོགས་སུ་བཀར་བ་སོགས་ལྟ་བུ)མཐའ་མཇུག་ཏུ་དུག་སེལ་བྱེད་དགོས། མཇུག་མཐའི་དུག་སེལ་བྱ་ཡུལ་ནི། སྡོད་སའི་ས་ངོས་དང་གྱང་། ཅོག་ཙེ། རྐུབ་སྟེགས་སོགས་ཁྱིམ་ཆས་ཀྱི་ངོས་དང་། སྒོ་ལུང་། ནད་པའི་བཟའ་བཏུང་ཡོ་བྱད་དང་གྱོན་ཆས། ཉལ་ཐུལ་སོགས་འཚོ་བའི་མཁོ་ཆས་དང་། རྩེད་ཆས། གསང་སྤྱོད་སོགས་ཡིན།

མཇུག་མཐའི་དུག་སེལ་ནི་སྤྱིར་བཏང་དུ་ཆེད་ལས་མི་སྣས་བསྒྲུབ་དགོས་པ་དང་། བྱེ་བྲག་ཏུ་ས་གནས་དེ་གའི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་ལ་འབྲེལ་གཏུག་བྱེད་དགོས། ཁྱིམ་མི་གཞན་དག་ནི་འབྲེལ་གཏུག་དམ་ཟབ་བྱེད་མཁན་ཡིན་པས་ཉིན་14ཡི་གསོ་རིག་ལྟ་ཞིབ་དང་ལེན་བྱེད་དགོས།

སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་སྐབས་ཇི་ལྟར་རང་ཉིད་ལ་སྲུང་སྐྱོབ་བྱེད་དགོས་སམ། 

གནམ་གྲུ་དང་། མེ་འཁོར། ས་འོག་ལྕགས་ལམ། སྤྱི་སྤྱོད་རླངས་འཁོར། གྲུ་གཟིངས་སོགས་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་སྡོད་སྐབས། མི་སྒེར་གྱི་འགོག་སྲུང་ལ་དོ་སྣང་བྱེད་དགོས།

1.བརྒྱུད་རིམ་ཧྲིལ་པོར་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་མམN95ཅན་གྱི་ཁ་ཐུམ་རྒྱག་དགོས། 2.ལག་པ་གཙང་མ་ཡིན་མིན་མི་ཤེས་ཚེ། ལག་པས་ཁ་དང་སྣ། མིག་ལ་ཐུག་མི་རུང་། ཧབ་སྦྲིད་རྒྱག་པ་དང་གློ་ལུ་བའི་སྐབས་སུ་ལག་པའི་གྲུ་མོ་དང་གྱོན་ཆས་ཀྱིས་ཁ་སྣ་འགེབས་དགོས། 3.ཐེངས་གཅིག་རང་བཞིན་གྱི་དུག་སེལ་སྤྱོད་ཆས(དཔེར་ན་དུག་སེལ་ལག་ཕྱིས་རློན་པ)འཁྱེར་ནས་ལག་སྐྱོར་དང་རྐུབ་བཀྱག་སོགས་ཀྱི་ངོས་སུ་དུག་སེལ་གཙང་མ་བྱེད་དགོས། 4.ལམ་ཁར་འགྲོ་དུས། གང་ཐུབ་ཀྱིས་མི་གཞན་དང་རིང་དུ་གྱེས་དགོས།(མ་མཐར་ཡང་བར་ཐག་ལ་མུས་གཅིག་དགོས།) 5.ཁ་ཐུམ་ཕུད་ནས་ཟ་མ་མ་ཟོས་ན་བཟང་། གལ་ཏེ་ངེས་པར་དུ་ཟ་དགོས་ན། ངེས་པར་དུ་ལག་པ་བཀྲུ་དགོས་པ་དང་། ལག་པས་ཐད་ཀར་ཟས་ལ་རེག་མི་རུང་། 6.ཉེ་འཁོར་གྱི་འགྲུལ་པའི་བདེ་ཐང་གནས་ཚུལ་ལ་དོ་སྣང་བྱས་ཏེ། དོགས་ཡོད་ནད་རྟགས་ཡོད་པའི་མི་སྣར་ཐག་ཉེ་སར་འབྲེལ་གཏུག་བྱ་མི་རུང་ལ།ཉེ་འགྲམ་དུ་དོགས་ཡོད་ནད་རྟགས་ཡོད་པའི་མི་སྣ་མཐོང་ཚེ་དུས་ཐོག་ཏུ་ཞབས་ཞུ་བར་ཡར་ཞུ་བྱེད་དགོས།

མི་མང་འདུ་སར་སྡོད་སྐབས་རང་ཉིད་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་སམ།

མི་ཚོགས་འདུ་འཛི་ཆེ་བའི་གནས་སུ་མི་འགྲོ་བ། གལ་ཏེ་ངེས་པར་དུ་ཚོང་ར་དང་། གློག་བརྙན་ཁང་། KTVསྤྲོ་གསེང་ཁང་། དྲ་ཁང་། མེ་འཁོར་འབབ་ཚུགས། ས་འོག་ལྕགས་ལམ། གནམ་གྲུ་ཐང་སོགས་མི་མང་འདུ་སར་འགྲོ་དགོས་ཚེ། བདེ་འཇགས་འགོག་སྲུང་ལ་དོ་སྣང་བྱེད་དགོས།

1.བརྒྱུད་རིམ་ཧྲིལ་པོར་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་སམ་ཡང་ནN95རྟགས་ཅན་གྱིས་ཁ་བཏུམ་དགོས། 2.ལག་པ་གཙང་མ་ཡིན་མིན་མི་ཤེས་ཚེ། ལག་པས་ཁ་དང་སྣ། མིག་ལ་ཐུག་མི་རུང་། ཧབ་སྦྲིད་རྒྱག་པ་དང་གློ་ལུ་བའི་སྐབས་སུ་ལག་པའི་གྲུ་མོ་དང་གྱོན་ཆས་ཀྱིས་ཁ་སྣ་འགེབས་དགོས། 3.མི་མང་འདུ་འཛི་ཆེ་བའི་གནས་ཀྱི་སྤྱི་པའི་དངོས་རྫས་དང་སྤྱི་པའི་སྒྲིག་ཆས་ལ་མི་རེག་པ་དང་། མི་མང་འདུ་འཛི་ཆེ་བའི་གནས་ནས་ཕྱིར་ལོག་པའམ་གློ་ལུ་སྐབས་ལག་པས་བཀབ་རྗེས། ཟ་མ་མ་ཟོས་གོང་། སྤྱོད་ཁང་དུ་སོང་རྗེས་ལག་པ་བཀྲུ་རྫས་དང་འདག་རྫས་ཀྱིས་ལག་པ་བཀྲུ་བའམ་ཡང་ན་ཆང་བཅུད་ཀྱི་གྲུབ་ཆ་འདུས་པའི་ལག་པ་བཀྲུ་དགོས།4.དོགས་གཞི་ཆེ་བའི་ནད་རྟགས་ཡོད་པ་ཤེས་ཚེ་སྔོན་ལ་རང་ཉིད་ཀྱིས་འགོག་སྲུང་ལེགས་པོ་བྱེད་དགོས་པ་དང་། དེ་ནས་གནས་དེ་དང་ཁ་བྲལ་ནས་མྱུར་དུ་སྨན་པར་སྟོན་དགོས། 5.མི་མང་འདུ་འཛི་ཆེ་བའི་གནས་སུ་དུས་ཚོད་ཐུང་ངུའི་ནང་བྱ་བ་བསྒྲུབས་ཚར་རྗེས་གང་མགྱོགས་སྒོས་ཁ་བྲལ་དགོས།

ལས་གནས་སུ་ཕྱིར་ལོག་པའི་མི་སྣས་རང་ཉིད་ལ་སྲུང་སྐྱོབ་ཇི་ལྟར་བྱ་དགོས། 

རིམས་ནད་ཚབས་ཆེ་བའི་ས་ཁུལ་ནས་ཕྱིར་ལོག་མཁན་ལ་ཉིན་བཅུ་བཞིའི་རིང་ལྟ་ཞིབ་བྱེད་དུ་འཇུག་དགོས་པ་དང་། ཚ་བ་རྒྱས་པ་སོགས་ཀྱི་ནད་རྟགས་མེད་ཚེ་སླར་ཡང་ལས་གནས་སུ་ལོག་ཆོག གཞུང་ལས་ཁང་དུ་མ་འཛུལ་གོང་རང་འགུལ་ངང་ལུས་དྲོད་བརྟག་དཔྱད་དང་ལེན་བྱེད་དགོས། གལ་ཏེ་ལུས་དྲོད་37.2℃ལས་བརྒལ་ཚེ། ཁྱིམ་དུ་ལོག་ནས་ངལ་གསོ་བྱེད་དགོས་པ་དང་། ནད་གཞི་ཇེ་ལྕི་རུ་སོང་ན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས།

ལས་ཚོགས་སུ་སྨན་སྤྱོད་ཕྱི་ནད་ཚན་ཁག་གི་ཁ་ཐུམ་རྒྱག་དགོས། 2.གཞུང་ལས་ཁང་དུ་རླུང་རྒྱུ་བ་རྒྱུན་འཁྱོངས་བྱེད་པ་དང་རླུང་རྒྱུ་སྐབས་དྲོད་སྲུང་ལ་དོ་སྣང་བྱེད་དགོས། 3.གཞུང་ལས་ཁང་གི་ཁོར་ཡུག་གཙང་སྦྲ་རྒྱུན་འཁྱོངས་བྱས་ཏེ་མཐེབ་གཞོང་དང་ཙིག་རྟགས། ཡིག་ཆས་སོགས་ལག་པས་རེག་པའི་དངོས་རྫས་ལ་ཆང་བཅུད་ཀྱིས་དུག་སེལ་བྱེད་དགོས། 4.ཆུ་མང་ཙམ་འཐུང་ནས་ལག་པ་བཀྲུ་དགོས། ལག་པ་བཀྲུ་སྟངས་བདུན་གཟབ་ནན་སྒོས་ལག་བསྟར་བྱེད་དགོས། 5.གློག་སྐས་ལ་འདུག་ཚད་ཇེ་ཉུང་དུ་གཏོང་དགོས། གློག་སྐས་ལ་བསྡད་ན་ངེས་པར་དུ་ཁ་ཐུམ་རྒྱག་དགོས། རབ་ཡིན་ན་ལག་ཤུབས་གྱོན་པའམ་ཡང་ན་ཤོག་བུས་བཀབ་ནས་སྐས་རིམ་ནོན་དགོས། 6.ཟ་འཐུང་བྱེད་ས་རུ་ཟ་མ་ལེན་སྐབས་ཁ་ཐུམ་ལེན་མི་རུང་ལ། ཙོག་ནས་ཟ་མ་ཟ་དུས་ད་གཟོད་ཁ་ཐུམ་ལེན་དགོས། ངོ་ཐུག་གདོང་འཕྲད་ཀྱིས་ཟ་མ་མི་ཟ་བ་དང་། ཟ་མ་ཟ་བའི་སྐབས་སུ་ཁ་བརྡ་མི་བྱེད་པར་རབ་ཡིན་ན་མི་གཅིག་པུས་ཟ་མ་ཟོས་ན་བཟང་། 7.འདུ་ཚོགས་ཀྱི་བྱེད་སྒོ་སྤེལ་བར་གཡོལ་ཏེ། རབ་ཡིན་ན་བརྙན་རིས་ཚོགས་འདུའི་རྣམ་པ་སྤྱད་ན་ལེགས། གལ་ཏེ་ངོ་ཐུག་གདོང་འཕྲད་ཀྱིས་ཚོགས་འདུ་འཚོགས་ན། ཚོགས་རར་རླུང་རྒྱུ་དུག་སེལ་དང་། ཚོགས་ཞུགས་མི་སྣའི་གྲངས་ཀ་དང་ཚོགས་འདུའི་དུས་ཡུན་ལྟར། འདུག་སྟེགས་ཀྱི་བར་ཐག་ཇེ་རིང་དུ་གཏོང་དགོས།

མང་ཚོགས་ཀྱི་སེམས་ཁམས་ཇི་ལྟར་ལེགས་སྒྲིག་བྱེད་དགོས།

 1.རློམ་ཆོག་པ་དང་དབང་གྲགས་ལྡན་པའི་ཆ་འཕྲིན་ཡོང་ཁུངས་བརྒྱུད་ནས། ཚན་རིག་ལྟར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོས་ཚུལ་ལ་རྒྱུས་ལོན་བྱེད་དགོས།    2. རིམས་ནད་ཀྱི་ཆ་འཕྲིན་ལ་དོ་སྣང་ཆེན་པོ་མི་བྱེད་པ་དང་། ཚན་རིག་དང་མཐུན་པའི་ཆ་འཕྲིན་གྱིས་རང་ཉིད་ལ་གོ་ནོར་མི་ཐེབས་པ་དང་དཀྲོག་གཏམ་མི་བཤད་པ་བྱེད་དགོས། 3.རང་ཉིད་ཀྱི་སེམས་ཁམས་ལ་མཐོང་ཆེན་བྱས་ཏེ་སེམས་ཁྲལ་དང་སྐྲག་པ། ཁོང་ཁྲོ་ལངས་པ་སོགས་བྱ་མི་རུང་། 4.གཉེན་ཉེ་དང་འབྲེལ་བ་ཟབ་མོ་བྱས་ཏེ། ཕན་ཚུན་ལ་སེམས་གཏམ་བཤད་པ་དང་། སེམས་གཏིང་ནས་རྒྱབ་སྐྱོར་བྱས་ནས་མི་དང་མིའི་བར་གྱི་འབྲེལ་བ་སྔར་ལས་ཇེ་བཟང་དུ་གཏོང་དགོས། 5.འཚོ་བ་བཀོད་སྒྲིག་བཟང་བོ་བྱས་ཏེ། ཁང་པའི་ནང་གནོན་ཤུགས་ཆུང་དུ་གཏོང་བ་དང་སོས་དལ་གྱི་བྱེད་སྒོ་སྤེལ་ནས་སེམས་ཁམས་བརྟན་པོ་ཡོང་བ་བྱེད་དགོས། 6.དགོས་ངེས་ཀྱི་སྐབས་སུ་ཚད་ལྡན་གྱི་སེམས་ཁམས་བདེ་ཐང་ཞབས་ཞུ(སེམས་ཁམས་ཐད་སྦྲེལ་ཁ་པར་དང་དྲ་རྒྱའི་སེམས་ཁམས་བློ་འདྲི་སོགས)དང་ལེན་བྱེད་པ་དང་ཆེད་ལས་ཀྱི་སེམས་ཁམས་ཟུར་ཁྲིད་མི་སྣར་བཀའ་སློབ་ཞུ་དགོས།

ཁྱིམ་དུ་ལོགས་སུ་བཀར་བའི་མི་སྣའི་སེམས་ཁམས་ཇི་ལྟར་ལེགས་སྒྲིག་བྱ་དགོས། 

1.ནད་གཞི་ཇེ་སྡུག་ཏུ་འགྲོ་ཚུལ་ཤེས་རྟོགས་གང་ལེགས་བྱས་ནས་རང་ཉིད་ཀྱི་ངོས་ཤེས་ལེགས་སྒྲིག་ཧུར་ཐག་བྱས་ཏེ་ནད་ཡམས་ལས་རྣམ་པར་རྒྱལ་བའི་དད་སེམས་ཇེ་བརྟན་དུ་གཏོང་དགོས།

2.རང་ཉིད་ཀྱི་ལྡོག་ཕྱོགས་ཀྱི་བསམ་ཚུལ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་དང་ལེན་བྱེད་དགོས། དེ་ལ་སེམས་ཁྲལ་དང་། སྐྲག་པ། ཁོང་ཁྲོ་ལངས་པ་སོགས་ཚུད་ཡོད་པ་དང་། རང་ཉིད་ལ་འཁང་ར་མི་བྱེད་པ་དང་གཞན་ལ་སྐྱོན་འཛུགས་མི་བྱེད་པ། རང་ཉིད་ཉམས་ཞན་དུ་མི་འགྲོ་བ་བྱེད་དགོས།

3. གཉེན་ཉེ་དང་འབྲེལ་འདྲིས་ཟབ་མོ་བྱས་ཏེ་འཚོ་བའི་བདེ་སྐྱིད་ལས་སེམས་ཁམས་ལེགས་བཅོས་བྱེད་དགོས།

4.འཚོ་བའི་གོམས་གཤིས་བཟང་བོ་རྒྱུན་འཁྱོངས་བྱས་ནས་རིམས་འགོག་ནུས་པ་མཐོར་འདེགས་གཏོང་དགོས། གལ་ཏེ་ཆ་རྐྱེན་འཛོམས་ན། ཁང་བའི་ནང་དུ་འོས་འཚམ་གྱི་བྱ་འགུལ་སྤེལ་ཆོག་པ་སྟེ། དཔེར་ན་ལུས་ལྷོད་སྦྱོང་བརྡར་དང་འདང་རྒྱག་པ། དལ་བུར་དབུགས་འབྱིན་རྔུབ་བྱེད་པ་སོགས་ཡིན་ལ། རང་གིས་བསམ་གཞིགས་དང་འཚོལ་ཞིབ་བྱས་ཆོག

5.དགོས་མཁོ་ཡོད་དུས་ཆེད་ལས་མི་སྣར་གསོ་རིག་རོགས་སྐྱོར་དང་སེམས་ཁམས་རོགས་སྐྱོར་བྱེད་དུ་འཇུག་དགོས།(དྲ་ཐོག་ཏུ་འདྲི་རྩད་བྱས་ན་བཟང་།)


ལོ་ཙཱ་བ། ཤ་བོ་རིན་མཚོ།