མཚོ་སྔོན་ཞིང་ཆེན་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་གསར་འགྱུར་སྒྲོག་སྤེལ་རྒྱུ་ཆ།
2020.02.03 ཁུངས། ཀློག་གྲངས། 34

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་སྒོར་མོ་དང་དངོས་པོ་དང་ལེན་དང་བེད་སྤྱོད་བྱས་པའི་བརྡ་ཁྱབ།

ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ཏང་ཙུའུ་ཧྲུའུ་ཅི།རྒྱུན་ལས་ཚོགས་གཙོ་གཞོན་པ་སུང་ལིན།

(2020ལོའི་ཟླ2ཚེས3ཉིན།)

ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་རྗེས། སྤྱི་ཚོགས་ལས་རིགས་ཁག་གིས་གཅིག་རྗེས་གཉིས་མཐུད་དུ་སྒོར་མོ་དང་དངོས་པོ་ཞལ་འདེབས་རྒྱ་ཆེན་ཕུལ་བ་དང་། གཅེས་སེམས་ཕུལ་ཏེ་བྱ་སྤྱོད་དངོས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་རོགས་སྐྱོར་བྱས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ(ཨང་4པ)ལྟར། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཧུར་ཐག་སྒོས་སྤྱི་ཚོགས་ཀྱི་ཞལ་འདེབས་མ་དངུལ་དང་དངོས་པོ་བསྡུ་ལེན་དང་དོ་དམ་བཀོལ་སྤྱོད་བྱ་བ་བཟང་བོར་བསྒྲུབས།

ཟླ་གཉིས་པའི་ཚེས་གསུམ་གྱི་དུས་ཚོད་བདུན་བར། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པར་བསྡོམས་པས་སྤྱི་ཚོགས་ལས་རིགས་ཁག་ནས་ཞལ་འདེབས་སུ་ཕུལ་བའི་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་བདུན་འབུམ་ལྔ་ཁྲི་བརྒྱད་སྟོང་གསུམ་ལྷག་འདུས་པ་དང་། ཞལ་འདེབས་སུ་ཕུལ་བའི་ཁྲོད་དུ་མ་དངུལ་སྒོར་བྱེ་བ་གསུམ་དང་ས་ཡ་ལྔ་ཁྲི་བརྒྱད་སྟོང་གཅིག་ལྷག་དང་ལེན་བྱས། ཞལ་འདེབས་སུ་ཕུལ་བའི་དངོས་པོ་སྒོར་མོ་རུ་བཅག་ན་བསྡོམས་པས་སྒོར་ས་ཡ་གཉིས་དང་འབུམ་ལྔ་སྟོང་གཉིས་ཙམ་ཡོད། མིག་སྔའི་བར་དུ། ཞལ་འདེབས་སུ་ཕུལ་བའི་གྲངས་ཀ་ཆེས་མང་པོ་ནི་མཚོ་སྔོན་ཅིན་ཙའོ་སྡེ་ཚོགས་ཡིན་ལ། ཀུང་སི་དེས་སྒོར་བྱེ་བ་གཉིས་ཀྱི་ཞལ་འདེབས་ཕུལ་ཡོད་པ་རེད། དྲ་ཐོག་ཏུ་ཐད་ཀར་ཞལ་འདེབས་ཕུལ་བའི་གྲངས་ཀ་ནི་སྐར་གང་ནས་སྒོར་བརྒྱ་བྱིན་པའི་གྲངས་ཀ་སྟོང་གཉིས་དགུ་བརྒྱ་གོ་ལྔ་ཡོད་པ་དང་སྒོར་འབུམ་གཅིག་དང་ཁྲི་བཞི་སྟོང་བཞི་བརྒྱད་བརྒྱ་རེ་དྲུག་ལྷག་ཡོད། སྒོར་བརྒྱ་དང་གཅིག་ནས་ལྔ་བརྒྱའི་བར་བྱིན་པའི་གྲངས་ཀ་དྲུག་བརྒྱ་སོ་བཞི་ཡོད་ལ་སྒོར་འབུམ་གཅིག་དང་ཁྲི་བདུན་སྟོང་ལྔ་ཉིས་བརྒྱ་རེ་གཅིག་ལྷག་ཡོད། སྒོར་ལྔ་བརྒྱ་གཅིག་ནས་སྟོང་བར་ཞལ་འདེབས་སུ་ཕུལ་བའི་གྲངས་ཀ་བརྒྱ་དང་ཉེར་དྲུག་ཡོད་ལ་སྒོར་འབུམ་གཅིག་དང་ཁྲི་གཉིས་སྟོང་གཉིས་དྲུག་བརྒྱ་ཉེར་དྲུག་ཡོད། སྒོར་སྟོང་གཅིག་དང་གཅིག་ཡན་ཞལ་འདེབས་སུ་ཕུལ་བའི་གྲངས་ཀ་ང་གཅིག་ཡོད་པ་དང་སྒོར་འབུམ་བཞི་དང་ཁྲི་ལྔ་སྟོང་ལྔ་གོ་བརྒྱད་ཡོད།

ཞལ་འདེབས་མ་དངུལ་གྱི་འགྲོ་སྒོའི་གནས་ཚུལ། མཚོ་སྔོན་གྱི་ཞིང་སྡེའི་ཚོང་ལས་དངུལ་ཁང་མ་ལག་གིས་ཞལ་འདེབས་སུ་ཕུལ་བའི་སྒོར་འབུམ་བརྒྱད་དང་ཁྲི་བདུན་སྟོང་གསུམ་དགུ་བརྒྱ་ང་བདུན་དེ་ཧུའུ་པེ་ཞིང་ཆེན་གྱི་ཞིང་སྡེའི་ཚོང་ལས་དངུལ་ཁང་ལ་བསྐུར་ཟིན་པ་དང་། ཟླ2ཚེས1ཉིན་བར་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་ཁག་གིས་སྐོར་དང་པོར་ཞལ་འདེབས་ཐེངས་སྟོང་གསུམ་བཞི་བརྒྱ་བཅུ་དྲུག་ཕུལ་ཡོད་པ་དང་། བསྡོམས་པས་སྒོར་ས་ཡ་གཉིས་དང་འབུམ་དགུ་ཁྲི་དགུ་སྟོང་གཅིག་བརྒྱད་བརྒྱ་བདུན་ལྷག་ཡོད་པ་དེ་ཧུའུ་པེ་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པར་བསྐུར་ཟིན། བསྡོམས་པས་སྒོར་ས་ཡ་གསུམ་དང་འབུམ་བརྒྱད་ཁྲི་དྲུག་སྟོང་ལྔ་བདུན་བརྒྱ་རེ་བཞི་ལྷག་བསྐུར།

མཚོ་སྔོན་ཅིན་ཙའོ་སྡེ་ཚོགས་ཀྱིས་ཞལ་འདེབས་མ་དངུལ་སྒོར་བྱེ་བ་གཉིས་ཕུལ་བ་དང་། མཚོ་སྔོན་ཞིང་སྡེའི་ཚོང་ལས་དངུལ་ཁང་གིས་ཞལ་འདེབས་མ་དངུལ་སྒོར་ས་ཡ་ལྔ་ཕུལ། མཚོ་སྔོན་དངུལ་ཁང་གིས་ཞལ་འདེབས་མ་དངུལ་སྒོར་ས་ཡ་དྲུག་བཅས་བཏང་བ་དང་། བསྡོམས་པས་མ་དངུལ་སྒོར་བྱེ་བ་གསུམ་དང་འབུམ་གཅིག་གི་ཁ་ཕྱོགས་གཏན་འཁེལ་གྱི་མ་དངུལ་དེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་སྨན་བཅོས་མྱུར་སྐྱོབ་རླངས་འཁོར་དང་སྨན་སྤྱོད་འགོག་སྲུང་མཁོ་ཆས་ཉོ་སྒྲུབ་བྱེད་པའི་གྲོས་འགོའི་ཇུས་གཞི་ལྟར་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ལ་ཆོག་མཆན་བཀོད་རྒྱུར་ཕུལ་ཡོད་པ་དང་། འགྲོ་སྒོ་དང་འཆར་གཞིའི་འགྲོ་སྒོའི་མ་དངུལ་གྱིས་ཞལ་འདེབས་ཕུལ་བའི་བསྡོམས་འབོར་གྱི་བརྒྱ་ཆའི་གོ་དགུ་ཟིན་ཡོད།

ཞལ་འདེབས་དངོས་རྫས་ཀྱི་འགྲོ་གྲོན། ཞལ་འདེབས་འབུལ་མཁན་གྱི་འདོད་མོས་ལྟར་ཧའེ་ནན་ཕུའུ་ལི་སྨན་བཟོ་ཚད་ཡོད་ཀུང་སིས2020ལོའི་ཟླ1ཚེས29ཉིན་ཁ་ཕྱོགས་གཏན་འཁེལ་གྱིས་ཞལ་འདེབས་སུ་ཕུལ་བའི་སྨན་ཁབ་ཨ་ཆི་མེ་སུའུ་ཞིང་ཆེན་ནང་ཁུལ་གྱི་སྨན་བཅོས་ལས་ཁུངས་སོ་སོར་བགོ་སྤྲོད་བྱས། མཚོ་སྔོན་ཤེལ་ཕྲེང་བོད་སྨན་མཐོ་གསར་ལག་རྩལ་ཐོན་ལས་མ་རྐང་ཚད་ཡོད་ཀུང་སིས2020ལོའི་ཟླ1ཚེས29ཉིན་ཞལ་འདེབས་སུ་ཕུལ་བའི་ཤེལ་ཕྲེང་ལོ་གྱོན་རིལ་བུ་གྲོང་ཁྱེར་དང་ཁུལ་སོ་སོའི་རྒྱ་གྲམ་དམར་པོ་ཚོགས་པ་དང་འབྲེལ་ཡོད་སྨན་བཅོས་ལས་ཁུངས་སུ་བསྐུར་བཞིན་པའི་སྒང་རེད། མཚོ་སྔོན་ཐེན་ལུའུ་འོ་ལས་ལས་རིགས་ཀྱིས་2020ལོའི་ཟླ1ཚེས30ཉིན་གནས་གཏན་འཁེལ་གྱིས་ཞལ་འདེབས་སུ་ཕུལ་བའི་འོ་མའི་ཐོན་རྫས(ཞོ་དང་འོ་མ།) མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་སོགས་སྨན་བཅོས་ལས་ཁུངས་ཉེར་གསུམ་ལ་སྤྲད་པ་དང་། ཧོང་ཀྲུང་ཁྲོས་ཆིན་ཞང་ཡེ་བཟོ་སྐྲུན་ཚད་ཡོད་ཀུང་སིས་གནས་གཏན་འཁེལ་གྱི་ཞལ་འདེབས་བརྒྱབ་པའི་རྩམ་པ་མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་ལ་སྤྲད། རྒྱ་གྲམ་དམར་པོ་སྨན་ཁང་གིས་ཞལ་འདེབས་སུ་ཕུལ་བའི་དངོས་རྫས་སྒོར་མོ་རུ་བཅག་ན་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ས་ཡ་གཅིག་དང་འབུམ་དགུ་ཁྲི་བཞི་སྟོང་དྲུག་བཞི་བརྒྱ་ལྷག་ཟིན་ཡོད་ལ་བགོས་ཚད77.8%ཟིན་ཡོད། ལྷག་མའི་ཞལ་འདེབས་དངོས་ཟོག་དངོས་ཟོག་འགན་ལེན་ཚོགས་པར་ཕུལ།

ཐེངས་འདིའི་རིམས་ནད་ཀྱི་མ་དངུལ་དང་དངོས་པོ་ཞལ་འདེབས་སུ་འབུལ་བའི་བྱ་བའི་ཁྲོད་ང་ཚོས་གཙོ་བོ་གཤམ་གསལ་གྱི་བྱ་བ་བསྒྲུབས་ཡོད།

གཅིག་ནི་ཞལ་འདེབས་སུ་ཕུལ་བའི་མ་དངུལ་དང་དངོས་པོ་སྟབས་བདེ་མགྱོགས་མྱུར་ཡོང་བ་བྱས་པ། སྤྱི་དམངས་འདུ་འཛོམས་མི་བྱེད་པ་དང་གཅེས་སེམས་མཚོན་པའི་འདོད་བློ་མངོན་བྱ་ཆེད། ཐོག་མའི་དུས་ཚོད་ནང་པེ་ཅིན་ལི་ཡེ་ཀའོ་ཚན་རྩལ་དྲ་རྒྱའི་མཉེན་ཆས་ཀུང་སིས་ཞིབ་འཇུག་གསར་སྤེལ་དྲ་རྒྱའི་ཞལ་འདེབས་སྐད་འཕྲིན་གྱིས་རྩ་གཉིས་ཨང་རྟགས་བརྒྱུད་ནས་ཐད་ཀར་ཞལ་འདེབས་བརྒྱབ་པ་དང་། འཕྲིན་ཕྲན་གྱི་གྲོགས་ཚོགས་ལ་བརྟེན་ནས་རྒྱ་ཁྱབ་ངང་བརྒྱུད་སྤེལ་བྱས་པ་དང་། ཞིང་ཆེན་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཁག་ལ་མཐུན་སྦྱོར་བྱས་ཏེ་ལེ་ཚན་ནང་ཡང་དང་བསྐྱར་དུ་བསྒྲགས་པས། མང་ཚོགས་རྣམས་ཁྱིམ་ནས་ཕྱིར་མི་འགྲོ་བར་གཅེས་སེམས་ཕུལ་ཆོག་པ་བྱས། 2020ལོའི་ཟླ2ཚེས3ཉིན་གྱི་ཆུ་ཚོད7པར། སྐད་འཕྲིན་བརྒྱུད་ནས་ཞལ་འདེབས་ཐེངས3806ཕུལ་ཡོད་པ་དང་སྒོར་འབུམ་བརྒྱད་དང་ཁྲི་དགུ་སྟོང་བདུན་བརྒྱད་བརྒྱ་ང་གཉིས་ལྷག་ཡོད། དེའི་ནང་མི་སྒེར་གྱིས་ཞལ་འདེབས་སུ་ཕུལ་བའི་དངུལ་གྲངས་མང་ཤོས་སྒོར་ཁྲི་གཉིས་དང་ཉུང་ཤོས་ལ་སྐར་གང་ཡོད། ཞལ་འདེབས་སུ་ཕུལ་བའི་ཁྲོད་ད་དུང་མི་སེམས་འགུལ་བའི་སྐད་ཆ་མང་པོ་བྲིས་ཡོད། དཔེར་ན་ཞལ་འདེབས་སྒོར4450ཕུལ་བའི་ཟི་ལིང་གྲོང་ཁྱེར་སློབ་འབྲིང་གསུམ་པའི་ཏང་ཡོན་ཡོངས་ཀྱིས“ཟི་ལིང་གི་སློབ་འབྲིང་གསུམ་པའི་ཏང་ཡོན་ཡོངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཏེ། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ལ་འགོག་རྒོལ་བྱེད་དགོས”ཞེས་སྐད་བཞག་ཡོད། ཞལ་འདེབས་སྒོར་སྟོང་གཉིས་ཕུལ་བའི་ཞུང་ཙུན་གྱིས“ཞིང་པ་ཞོར་ལས་པའི་སེམས་པ་མཚོན་བྱེད་ཡིན། རྗེས་ཕྱོགས་མུ་མཐུད་དུ་རྒྱལ་ཁབ་ཀྱི་ཆེད་དུ་ནུས་པ་འབུལ་རྒྱུ་ཡིན།” ཞལ་འདེབས་སྒོར་སྟོང་གཅིག་ཕུལ་བའི་ཁྲིན་ཅན་གྱིས“མེས་རྒྱལ་ཁྲི་ལོར་བརྟན་པར་ཤོག”ཅེས་པ་སོགས་ཡོད། ཞལ་འདེབས་ཕུལ་མཁན་ལ་ལས་མིང་འཇོག་མི་འདོད་པར“གཅེས་སེམས་ལྡན་པའི་མི་སྣ”དང“མཛེས་སྡུག་ལྡན་པའི་མཚོ་སྔོན”སོགས་ཀྱི་མིང་བཞག་ཡོད་པས་མི་སེམས་འགུལ་བ་ཞིག་རེད།

གཉིས་ནི་ཞལ་འདེབས་སུ་ཕུལ་བའི་མ་དངུལ་དང་དངོས་པོ་ཡོངས་བསྒྲགས་དང་ཕྱི་གསལ་ནང་གསལ་ཡོང་བར་བྱས། ཡོངས་བསྒྲགས་དང་དྲང་གཞག ཁ་གསལ། ཕན་ནུས་མཐོ་བ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས། ཞལ་འདེབས་མ་དངུལ་དང་དངོས་པོ་ཚང་མ་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་ཆ་འཕྲིན་ཡོངས་བསྒྲགས་ཀྱི་སྟེགས་བུ(http://fabu.qhredcross.org.cn)ལས་དུས་ཐོག་ཏུ་ཡོངས་བསྒྲགས་བྱས། དངུལ་ཁང་གི་ཞལ་འདེབས་ལ་བརྟེན་ནས་ང་ཚོས་ཆུ་ཚོད24ནང་ཡོངས་བསྒྲགས་བྱེད་ཐུབ། དྲ་ཐོག་ནས་ཐད་ཀར་ཞལ་འདེབས་ཕུལ་མཁན་ལ་དུས་ཐོག་ཏུ་ཞལ་འདེབས་འབུལ་ཐུབ་པ་དང་། དུས་ཐོག་ཏུ་རྩིས་ཁྲར་འབྱོར་བ། དུས་ཐོག་ཏུ་ཡོངས་བསྒྲགས་བཅས་བྱེད་ཐུབ། སྤྱི་དམངས་ཀྱིས་ཞལ་འདེབས་སུ་ཕུལ་བའི་མ་དངུལ་དང་དངོས་པོ་བསྡུ་ལེན། བེད་སྤྱོད་བྱས་ཚུལ་ཚང་མ་ཞལ་འདེབས་སུ་ཕུལ་བའི་ཆ་འཕྲིན་ལ་བརྟེན་ནས་དུས་དང་རྣམ་པ་ཀུན་ཏུ་ཞིབ་བཤེར་བྱེད་ཐུབ་པ་དང་། སྤྱི་དམངས་ཀྱིས་དོ་ཁུར་བྱེད་པའི“ཞལ་འདེབས་ག་ཚོད་ཕུལ་བ་དང་། གང་དུ་སྤྱད་པ། གང་དུ་བེད་སྤྱོད་གཏོང་བ”བཅས་ཀྱི་གནད་དོན་ལ་ལན་གསལ་བོར་བཏབ་ཡོད། ཞལ་འདེབས་སུ་ཕུལ་བའི་མ་དངུལ་དང་དངོས་པོ་བེད་སྤྱོད་བྱས་ཚུལ་ལ་ཤེས་རྟོགས་བྱེད་དབང་དང་ཟབ་ཞུགས་བྱེད་དབང་། ལྟ་སྐུལ་བྱེད་དབང་བཅས་ཡོད་པ་འགན་སྲུང་བྱས།

གསུམ་ནི་ཞལ་འདེབས་སུ་ཕུལ་བའི་མ་དངུལ་དང་དངོས་པོ་ཚད་ལྡན་དུ་དོ་དམ་བྱས། ཞལ་འདེབས་སུ་ཕུལ་བའི་མ་དངུལ་དང་དངོས་པོ་བེད་སྤྱོད་དང་དོ་དམ་བྱེད་སྟངས་ཚད་ལྡན་དུ་གཏོང་ཆེད། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་ལྟ་ཞིབ་ལྷན་ཚོགས་ཀྱིས《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཞལ་འདེབས་མ་དངུལ་དང་དངོས་རྫས་བེད་སྤྱོད་དོ་དམ་སྐོར་གྱི་བརྡ་ཐོ།》པར་འགྲེམས་བྱས།  རིམ་པ་སོ་སོའི་རྒྱ་གྲམ་དམར་པོ་ཚོགས་པས་ཞལ་འདེབས་སུ་ཕུལ་བའི་མ་དངུལ་དང་དངོས་པོ་ཁྲིམས་ལྟར་གཟབ་ནན་དང་ཚད་ལྡན་དུ་དོ་དམ་བཅས་བྱ་རྒྱུའི་སྐོར་ལ་རེ་བ་གསལ་བོ་བཏོན་ཡོད།  ཐེངས་འདིའི་རིམས་ནད་ཐད་ཞལ་འདེབས་སུ་ཕུལ་བའི་མ་དངུལ་དང་དངོས་པོ་བེད་སྤྱོད་བྱེད་པའི་ཁྲོད། ངས་ཞལ་འདེབས་སུ་ཕུལ་བའི་མ་དངུལ་དང་དངོས་པོ་བསྡུ་ལེན་བྱེད་པར་འགན་ཁུར་དགོས་ལ། ཞལ་འདེབས་སུ་ཕུལ་བའི་མ་དངུལ་དང་དངོས་པོ་ཚང་མ་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་བཀོད་འདོམས་པུའུ་ཡིས་གཅིག་གྱུར་གྱིས་བཀོད་སྒྲིག་དང་བེད་སྤྱོད་བྱ་དགོས། གནས་གཏན་འཁེལ་གྱི་ཞལ་འདེབས་སུ་གཏོགས་པའི་རིགས་ལ་ང་ཚོས་ཞལ་འདེབས་རྒྱག་མཁན་གྱི་འདོད་བློར་བརྩི་འཇོག་ནན་མོ་བྱས་ཏེ་ཞལ་འདེབས་བྱ་ཡུལ་ལ་དུས་ཐོག་ཏུ་རྩིས་སྤྲོད་བྱས། 

དེ་དང་ཆབས་ཅིག ཞལ་འདེབས་བརྒྱབ་པའི་མ་དངུལ་དང་དངོས་པོ་བསྡུ་ལེན་དང་བེད་སྤྱོད་གནས་ཚུལ་སྔར་བས་ཡོངས་བསྒྲགས་ཁ་གསལ་བྱ་ཆེད། དེ་རིང་ནས་བཟུང་། ངས་མཚོ་སྔོན་ཉིན་རེའི་ཚགས་པར་དང་མཚོ་སྔོན་བརྙན་འཕྲིན་ཁང་སོགས་ཀྱི་གསར་འགྱུར་སྨྱན་བྱད་བརྒྱུད་ནས། ཉིན་རེར་མ་དངུལ་དང་དངོས་པོ་དང་ལེན་དང་བེད་སྤྱོད་བྱས་ཚུལ་བསྒྲགས་རྒྱུ་ཡིན་པ་དང་། གསར་འགྱུར་སྨྱན་བྱད་དང་སྤྱི་ཚོགས་ལས་རིགས་ཁག་གིས་ལྟ་སྐུལ་ཞིབ་བཤེར་བྱེད་པར་དགའ་བསུ་ཞུ།

ལོ་ཙཱ་བ། ཤ་བོ་རིན་མཚོ།