ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་སློབ་མགོ་ཚུགས་པའི་སློབ་ཁྲིད་ཀྱི་འབྲེལ་ཡོད་ལས་ཀའི་བརྡ་ཁྱབ།
2020.02.03 ཁུངས། ཀློག་གྲངས། 490

 མཚོ་སྔོན་ཞིང་ཆེན་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་གསུམ་པ་ཟླ་2ཚེས་3ཉིན་ཟི་ལིང་ནས་བསྡུསམཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཏང་ཙུའུ་ཧྲུའུ་ཅི་དང་ཐིན་ཀྲང་ཧན་དབྱིན་གྱིས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཚོགས་མགོ་རྩོམ་པའི་དུས་ཚོད་དང་དགེ་རྒན། བསླབ་དེབ། སློབ་གྲྭ། རིམས་ནད་དངོས་རྫས་སོགས་ཀྱི་ཐད་ནས་ཉིས་སྟོང་ཉི་ཤུ་ལོའི་དཔྱིད་ཀའི་སློབ་མགོ་རྩོམ་པའི་གྲ་སྒྲིག་བྱ་བའི་གནས་ཚུལ་མཚམས་སྦྱོར་བྱས

ཧན་དབྱིན་གྱིས་བཤད་རྒྱུར། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་སོགས་སུ་རིམས་ནད་བྱུང་རྗེས་སུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་མྱུར་དུ་ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་རིམ་པ་དང་པོའི་དང་ལེན་བྱེད་ཐབས་མགོ་བརྩམས། རིམ་པ་ཁག་དང་ལས་རིགས་ཁག་གི་སློབ་གྲྭ་དང་རྒྱ་ཆེའི་དགེ་སློབ་རྣམས་ནི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་གཙོ་གནད་ཡིན།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་དང་རྒྱ་ཆེའི་དགེ་སློབ་རྣམས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། མགོ་ཁྲིད་གཙོ་བོ་དང་ལས་བགོས་འགན་གཉེར་མགོ་ཁྲིད་ཀྱིས་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་ནས། སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ཐད་བླང་བྱ་གསལ་བོ་བཏོན་པ་དང་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཞིང་ཆེན་ཕྱི་ནང་ན་ཡོད་པའི་རང་ཞིང་གི་རྒྱ་ཆེའི་དགེ་སློབ་རྣམས་ལ་ཐུགས་ཁུར་དང་གཅེས་སྐྱོང་གང་ལེགས་གནང་།

ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་ལྡན་མགོ་ཁྲིད་འོག  ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་ལས་འགན་གལ་ཆེན་དུ་བརྩིས་ནས་བཀོད་སྒྲིག་ཞིབ་ཚགས་དང་མྱུར་དུ་འགུལ་སྐྱོད་སྤེལ་ནས་སློབ་གྲྭ་དང་དགེ་སློབ་རྣམས་ཀྱི་རིམས་ནད་སྔོན་འགོག་དང་། ཚོད་འཛིན། བདེ་ཐང་སྲུང་སྐྱོང་བཅས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོར་བསྒྲུབས།

གཅིག་ནི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་བསྣན་པ། དུས་སྐབས་དང་པོའི་ནང་ཞིང་ཆེན་སློབ་གསོ་ཐིན་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་མགོ་ཁྲིད་ཚན་ཆུང་དང་གཞུང་ལས་ཁང་བཙུགས་པ་དང་། ཞིང་ཆེན་དང་། ཁུལ་(གྲོང་ཁྱེར)རྫོང་བཅས་རིམ་པ་གསུམ་གྱི་མཉམ་འགོག་མཉམ་བཅོས་དང་ཐིན་རིམ་པའི་མགོ་ཁྲིད་མཉམ་འབྲེལ་བྱེད་ཡུལ་གྱི་ཁུལ(གྲོང་ཁྱེར)དང་མཐོ་རིམ་སློབ་གྲྭའི་བྱ་བའི་སྒྲིག་གཞི་བཙུགས་པ་དང་།  སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་ཐག་གཅོད་བྱ་བའི་ཇུས་གཞི་བཟོས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ཧུར་ཐག་གིས་སྤེལ།

གཉིས་ནི་སློབ་གསོའི་ཁྲིད་སྟོན་དར་སྤེལ་བྱས་པ། 《ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་དགེ་སློབ་དང་ཁྱིམ་བདག་ལ་སྤྲིངས་པའི་ཡི་གེ》དང《ཞིང་ཆེན་ཕྱི་ནས་མཚོ་སྔོན་དུ་ལོག་པའི་སློབ་མར་སྤྲིངས་པའི་ཡི་གེ》པར་འགྲེམས་བྱས་པ་དང་། ཐབས་ལམ་སྣ་ཚོགས་བརྒྱུད་དེ་དགེ་རྒན་དང་སློབ་མ། ཁྱིམ་བདག་བཅས་ཚང་མར་བསྐུར་ནས། དགེ་སློབ་རྣམས་ཀྱིས་རིམས་ནད་འགོག་བཅོས་ཀྱི་ཤེས་བྱ་དང་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ཤེས་རྟོགས་འབྱུང་ཐུབ་པར་བྱས་པ་དང་།  འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་ཡག་པོ་ཆགས་པར་བྱེད་པ་བཅས་བྱས་ནས་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་བརྒྱུད་བསྒྲགས་མི་བྱེད་པ་བཅས་ལ་ཁྲིད་སྟོན་བྱས།

གསུམ་ནས་འདུ་འཛོམས་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་བཅུག་པ།  སློབ་གྲྭ་དང་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིས་སྒྲིག་འཛུགས་བྱས་པའི་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་མཚམས་འཇོག་ཏུ་བཅུག  དཔྱིད་དུས་ཀྱི་སློབ་མགོ་མ་ཚུགས་ སྔོན་རིམ་པ་ཁག་དང་ལས་རིགས་ཁག་གི་སློབ་གྲྭ་སྔ་སྣུར་སྒོས་སློབ་མགོ་ཚུགས་མི་ཆོག་པ་དང་། གུང་གསེང་གི་གསབ་ཁྲིད་དང་། སློབ་གྲྭར་ཕྱིར་ལོག་པ།  རྒྱུགས་ལེན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་རྩ་འཛུགས་བྱེད་མི་ཆོག་པ། སློབ་གསོའི་གསོ་སྦྱོང་སྒྲིག་གཞི་སྣ་ཚོགས་ཀྱིས་དྲ་སྟེང་གི་ཟུར་ཁྲིད་བྱེད་སྒོ་སྤེལ་མི་ཆོག་པ་བཅས་གསལ་བོར་བསྟན།

བཞི་ནི་གནད་འཁེལ་མཐིལ་རྟོགས་ཀྱི་གཞི་གྲངས་བཏོན་པ།  “ཧུའུ་པེ་ཞིང་ཆེན་ནས་ཕྱིར་མཚོ་སྔོན་དུ་ལོག་པའི་སྐྱེ་ཁུངས་མཚོ་སྔོན་གྱི་སློབ་ཆེན་སློབ་མ”དང་། “ཞིང་ཆེན་གཞན་དུ་ཡུལ་སྐོར་དུ་ཕྱིན་པའི་དགེ་སློབ། ”“ཞིང་ཆེན་གཞན་དུ་དངོས་སྦྱོང་བྱེད་པར་བསྐྱོད་པའི་དགེ་སློབ། ”“ཞིང་ཆེན་གཞན་ནས་ཡུལ་གཞན་གྱི་འཛིན་གྲྭར་ཞུགས་པའི་དགེ་སློབ། ”བཅས་ཀྱི་ཚོགས་པ་རིགས་བཞི་ལ་རེ་རེ་བཞིན་གསེད་བཀྲོལ་དང་རེ་རེ་བཞིན་འབྲེལ་གཏུག་བྱས་ཏེ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ལ་སེམས་ཁུར་བྱེད་པ་དང་ཁོ་ཚོའི་གཟུགས་པོའི་གནས་ཚུལ་དང་དགུན་ཁའི་གུང་གསེང་གི་ལམ་ཐིག་ནོར་འཕྱུགས་མེད་པར་ཁོང་དུ་ཆུད་པར་བྱས་པ་མ་ཟད། འགུལ་སྐྱོད་བསྡོམས་རྩིས་ལམ་སྲོལ་ཡང་བཙུགས་པ་རེད།

ལྔ་ནི་སེམས་ཁམས་ལ་ཁྲིད་སྟོན་ཡག་པོ་བྱས་པ། མཐོ་རིམ་སློབ་གྲྭ་ཁག་གིས་སེམས་ཁམས་བློ་འདྲིའི་དཔུང་སྡེ་འཛུགས་པར་མཛུབ་སྟོན་བྱས་པ་དང་། དགེ་སློབ་རྣམས་ཀྱི་སེམས་ཁམས་རྒྱབ་སྐྱོར་མ་ལག་འཛུགས་པ། སེམས་ཁམས་ཀྱི་རྒྱབ་སྐྱོར་ཐད་སྦྲེལ་ཁ་པར་དང་དྲ་རྒྱའི་ཟུར་ཁྲིད་ཞབས་ཞུ་ཤར་གཏོང་བྱེད་པ། དྲ་ཐོག་ནས་བློ་འདོན་དང་ཁ་པར་གྱི་སྟེང་ནས་བགྲོ་གླེང་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། སེམས་ཁམས་ལ་ཁྲིད་སྟོན་བྱེད་པ་བཅས་བྱས་ནས་དགེ་སློབ་རྣམས་ཀྱི་རིམས་ནད་ཀྱི་སེམས་ཁྲལ་དང་འཇིགས་སྣང་སྣ་ཚོགས་སེལ་རོགས་བྱས།

དྲུག་ནི་གུང་གསེང་སྐབས་ཀྱི་ཟུར་ཁྲིད་རྩ་འཛུགས་བྱས་པ།  སློབ་གྲྭ་འབྲིང་ཆུང་གིས་རྒྱལ་ཁབ་རིམ་པའི་དྲ་རྒྱའི་སློབ་ཁྲིད་ཐོན་ཁུངས་བེད་སྤྱད་དེ་དྲ་རྒྱ་དང་སྐད་འཕྲིན། བརྙན་འཕྲིན། སློབ་སྦྱོང་རིགས་ཀྱི་APPསོགས་ཐབས་ལམ་དང་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་དགེ་རྒན་གྱིས་དྲ་ཐོག་ནས་སློབ་ཁྲིད་བྱེད་པ་དང་སློབ་མས་དྲ་ཐོག་ནས་སློབ་སྦྱོང་བྱེད་པར་འགན་སྲུང་བྱེད་པ་དང་།  སློབ་མས་དྲ་ཐོག་ནས་དོགས་འདྲི་དང་སློབ་སྦྱོང་བྱེད་པར་མཛུབ་ཁྲིད་ཡག་པོ་བྱེད་པ། ལྷག་པར་དུ་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་མཐར་ཕྱིན་འཛིན་གྲྭའི་སློབ་མས་དྲ་ཐོག་ནས་སློབ་སྦྱོང་བྱ་རྒྱུར་འགན་སྲུང་བྱས་ནས། “སློབ་ཁྲིད་མཚམས་བཞག་ཀྱང་སློབ་སྦྱོང་མཚམས་མི་འཇོག་པའི”བྱ་བ་འགན་སྲུང་བྱས།

བདུན་ནི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ལ་ཤུགས་བསྣན་པ། ང་ཚོས་ཕྱོགས་གཅིག་ནས་“འབྲེལ་ཁུངས”གཙོ་བོར་བཟུང་ནས་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་(བུ་བཅོལ་ཁང་)དང་། ལས་རིགས་སློབ་གྲྭ། དངོས་གཞིའི་ཚན་ཁག་གི་མཐོ་རིམ་སློབ་གྲྭ་བཅས་ཀྱི་སློབ་མཚམས་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་དོ་དམ་བྱེད་པ་དང་། ཕྱོགས་གཅིག་ནས་“གླིང་དུམ་”གཙོ་བོར་བྱས་ཏེ། ཁུལ་(གྲོང་ཁྱེར་)དང་། མཐོ་རིམ་སློབ་གྲྭ་དང་མཉམ་འབྲེལ་བྱས་ཏེ། མི་རེ་རེ་ཡིས་ས་གནས་འགན་ལེན་དང་སློབ་གྲྭ་འགན་ལེན་བྱས་ཏེ། ཡུལ་དངོས་སུ་ལྟ་སྐུལ་ཞིབ་བཤེར་བྱེད་པ་དང་། ཁ་པར་དང་བརྙན་ལམ་སོགས་ཀྱི་རྣམ་པ་བརྒྱུད་ནས་ལྟ་སྐུལ་ཞིབ་བཤེར་བྱེད་པ། དེ་དང་ཆབས་ཅིག་ལྟ་སྐུལ་ཞིབ་བཤེར་ལས་དོན་གྱི་ཉིན་རེའི་སྙན་ཞུའི་ལམ་ལུགས་བཙུགས་ནས་བྱེད་ཐབས་ཁག་དོན་འཁྱོལ་ནུས་ལྡན་ཡོང་བར་འགན་ལེན་བྱས།

མིག་སྔར་བལྟས་ན། ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གླིང་ཁག་གི་ཏང་སྲིད་ཚན་ཁག་གི་ཁོངས་མི་དང་། གྲོང་ཁྱེར་དང་ཁུལ་སོགས་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ལས་གནས་སུ་ཞུགས་ཡོད་པ་དང་། གོང་འོག་མཐུན་སྦྱོར་དང་ནུས་ཤུགས་ཡོད་རྒུས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དང་བྱ་བའི་བླང་བྱ་ཁག་ལག་བསྟར་ནན་མོ་བྱེད་བཞིན་ཡོད་པ་དང་ཞིང་ཆེན་ནང་ཁུལ་དུ་དགེ་སློབ་རྣམས་ལ་རིམས་ནད་བྱུང་བའི་གནས་ཚུལ་ཡང་གཅིག་ཀྱང་མི་འདུག

སློབ་གསོ་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་པ་དང་དཔྱིད་དུས་སློབ་མགོ་ཚུགས་པར་དགེ་སློབ་དང་ཁྱིམ་བདག་ཚང་མས་སེམས་ཁྲལ་བྱེད་བཞིན་ཡོད།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། སློབ་གསོ་པུའུ་བཅས་ཀྱི་བྱ་བའི་བླང་བྱ་ལྟར། རྒྱལ་ཡོངས་དང་རང་ཞིང་གི་རིམས་ནད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་སློབ་གསོ་ཐིན་གྱིས་ནན་ཏན་གྱིས་ཞིབ་འཇུག་བྱས་ནས་དཔྱིད་དུས་སུ་སློབ་མགོ་ཚུགས་པའི་བྱ་བར་གྲ་སྒྲིག་ཧུར་ཐག་བྱེད་བཞིན་ཡོད།

 2020ལོའི་དཔྱིད་ཀའི་སློབ་མགོ་ཚུགས་པའི་གྲ་སྒྲིག་ལས་ཀའི་གནས་ཚུལ་སྐོར་གྱི་བརྡ་ཁྱབ།

གཅིག་ནི་སློབ་མགོ་ཚུགས་པའི་དུས་ཚོད་སྐོར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ཟླ་3ཚེས་1ཉིན་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི(སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི)དཔྱིད་དུས་སློབ་མགོ་ཚུགས་པར་གྲ་སྒྲིག་ཡག་པོ་བྱེད་བཞིན་ཡོད།

སློབ་རིམ་ལྟར་བཤད་ན།

བུ་བཅོལ་ཁང་གི་སློབ་མགོ་རྩོམ་དུས་དེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སློབ་མགོ་ཚུགས་པའི་དུས་ཚོད་ལས་འོས་འཚམ་གྱིས་རིང་དུ་གཏོང་དགོས།

སློབ་གྲྭ་འབྲིང་ཆུང་གིས་ཟླ2་པའི་ཚེས10ཉིན་ཞིང་ཆེན་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་ལ་གཞིགས་ནས་ཞིབ་ཕྲའི་སློབ་མགོ་ཚུགས་པའི་དུས་ཚོད་གཏན་འཁེལ་བྱ་དགོས།

མཐོ་རིམ་སློབ་གྲྭ་ཆེན་མོ་ནི་སློབ་གསོ་པུའུ་ཡི་གཅིག་གྱུར་བཀོད་སྒྲིག་ལྟར་རྒྱལ་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་དང་དུས་མཉམ་དུ་སློབ་མགོ་ཚུགས་དགོས་པ་མ་ཟད། ས་ཁོངས་ལྟར་སློབ་ཆེན་སློབ་མ་དུས་བགོས་དང་ཁག་བགོས་ཀྱིས་སློབ་གྲྭར་ལོག་པ་ལག་བསྟར་བྱ་དགོས།

ཞིང་ཆེན་ཕྱི་རོལ་ཏུ་ཡོད་པའི་འཛིན་གྲྭས་ས་གནས་དེ་གའི་བརྡ་ཐོའི་བླང་བྱ་ལྟར་སློབ་མགོ་ཚུགས་དགོས།

གཉིས་ནི་དགེ་རྒན་གྱི་སྐོར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་བརྡ་ཐོ་པར་འགྲེམས་བྱས་ཏེ། ཞིང་ཆེན་ཕྱི་རོལ་དུ་ཡོད་པའི་དགེ་རྒན་སྔ་སྣུར་སྒོས་རང་ཞིང་དུ་ལོག་དགོས་པ་དང་དེ་དང་འབྲེལ་ནས་ཁྱིམ་དུ་ལོགས་སུ་བཀར་ནས་ཉིན་14འདུག་དགོས་ཤིང་།  ཟླ་2་པའི་ཚེས་24ཉིན་གྱི་སྔོན་ལ་ལོགས་སུ་བཀར་བའི་དུས་ཚོད་ལོང་པར་བྱེད་དགོས། རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་དུས་ཐོག་ཏུ་རང་ཞིང་དུ་ཡོང་མི་ཐུབ་པའི་སློབ་གྲྭའི་དགེ་རྒན་ཡོད་ཚེ། ཁོ་ཚོའི་ཚབ་ཏུ་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་དགེ་རྒན་བསྐྱར་དུ་གདན་ཞུ་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་དགེ་རྒན་བཀོད་སྒྲིག་བྱེད་པའི་བྱ་བ་གྲ་སྒྲིག་ཡག་པོ་བྱེད་དགོས། མིག་སྔར་མཚོ་སྔོན་དུ་ལོག་ཟིན་པའི་དགེ་རྒན་2585ཡོད་པ་དང་སྔོན་དཔག་བྱས་ན་ཟླ་2་པའི་ཚེས་10ཉིན་གྱི་སྔ་རོལ་དུ་ད་དུང་དགེ་རྒན་2198སྔ་རྗེས་སུ་མཚོ་སྔོན་དུ་ལོག་རྒྱུ་རེད།

གསུམ་ནི་སློབ་དེབ་ཀྱི་སྐོར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་དཔེ་སྐྲུན་འགྲེམས་སྤེལ་སྡེ་ཚན་དང་དངོས་ཟོག་སྡེབ་སྐྱེལ་ཚན་ཁག་མཐུན་སྦྱོར་བྱས་ནས་སློབ་གཞི་དུས་ཐོག་ཏུ་དམིགས་སར་འབྱོར་ཐུབ་པའི་འགན་ལེན་བྱས་ཡོད།

བཞི་ནི་སློབ་གྲྭའི་སྐོར། མཚོ་སྔོན་ཞིང་ཆེན་སློ་གསོ་ཐིན་གྱིས་རིམ་པ་ཁག་དང་ལས་རིགས་ཁག་གི་སློབ་གྲྭས་དགུན་གནང་གི་གུང་གསེང་སྐབས་སུ་ཕ་ཡུལ་དུ་ལོག་མཁན་གྱི་ཞིང་ཆེན་ཕྱིའི་སློབ་མ་དང་ཕྱི་ཕྱོགས་སུ་ཡུལ་སྐོར་དུ་འགྲོ་མཁན་གྱི་རང་ཞིང་གི་དགེ་སློབ་རྣམས་གཙོར་བཟུང་ནས། མཚོ་སྔོན་དུ་ལོག་རྗེས་ཟུར་འཇོག་ལྟ་ཞིབ་དང་སློབ་གྲྭར་ཞུགས་སྐབས་ཀྱི་ལུས་རྟགས་ཞིབ་དཔྱད་ཚད་ལེན་སོགས་ཀྱི་ལས་དོན་གྲ་སྒྲིག་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་དང་། སློབ་གྲྭའི་འཕྲོད་བསྟེན་ཁོར་ཡུག་ལེགས་སྒྲིག་བྱ་བ་མུ་མཐུད་དུ་ཡག་པོར་བསྒྲུབ་དགོས་པར་མ་ཟད། ས་གནས་དེ་གའི་འཕྲོད་བསྟེན་སྡེ་ཁག་དང་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་རང་འགུལ་ངང་འབྲེལ་གཏུག་བྱས་ཏེ། རྒྱུན་གཏན་གྱི་ཞིབ་དཔྱད་ཚད་ལེན་དང་དུག་སེལ་སྒྲིག་ཆས། ཡོ་བྱད། སྨན་རྫས། མི་སྣ་བཅས་དོན་འཁྱོལ་ལེགས་པོ་བྱེད་དགོས།

ལྔ་ནི་རིམས་འགོག་དངོས་རྫས་སྐོར། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་འབྲེལ་ཡོད་སྡེ་ཁག་དང་མཐུན་སྦྱོར་འབད་འཐབ་བྱས་ནས། སློབ་གྲྭའི་དཔྱིད་ཀའི་སློབ་མགོ་ཚུགས་པའི་སྔ་རྗེས་ཀྱི་རིམས་འགོག་དངོས་རྫས་ཧུར་བརྩོན་ཆེན་པོས་ཐག་གཅོད་བྱེད་བཞིན་ཡོད།

སློབ་མགོ་ཚུགས་པའི་སྐབས་སུ་ང་ཚོས་སློབ་གྲྭ་ཚང་མར་དཔྱད་འཇོག་བྱས་ནས་ཕྱོགས་གང་ཅིའི་ཐད་སློབ་མགོ་ཚུགས་པའི་ཆ་རྐྱེན་འཛོམས་ཚེ་གཞི་ནས་དུས་ཐོག་ཏུ་སློབ་མགོ་ཚུགས་ཐུབ་པ་ཡིན།

གོ་རིམ་རྗེས་མར་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་ནན་མོ་བྱེད་པ་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་ལེགས་པོ་བྱེད་པ། ཡིད་ཆེས་བརྟན་པོ་དང་སྟོབས་ཤུགས་གཅིག་སྒྲིལ། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་འཁེལ་ཇུས་འདོན་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ཡག་པོར་བསྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་དགེ་སློབ་རྣམས་ཀྱི་བདེ་འཇགས་དང་བདེ་ཐང་བྱ་བ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་དང་མི་དམངས་མང་ཚོགས་ཀྱིས་སློབ་གསོའི་བྱ་བར་བཅངས་པའི་རེ་བར་ལན་ཡག་པོ་ཞིག་འདེབས་རྒྱུ་ཡིན།

                                                    ལོ་ཙཱ་བ། གཡང་འབུམ་རྒྱལ།