ཟི་ལིང་གྲོང་ཁྱེར་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ་ཁྲོམ་རའི་དངོས་ཟོག་འགན་ལེན་མཁོ་སྤྲོད་དང་། ཚོང་དོན་ཞབས་ཞུའི་ལས་རིགས་དང་མི་སྒེར་བཟོ་ཚོང་ཁྱིམ་ཚང་གི་ལས་མགོ་ཚུགས་པའི་བྱ་བ་སྣ་ཚོགས་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།
2020.02.03 ཁུངས། ཀློག་གྲངས། 142

        མཚོ་སྔོན་ཞིང་ཆེན་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་གསུམ་པ་ཟླ་2ཚེས་3ཉིན་ཟི་ལིང་ནས་བསྡུས། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་དང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་དབྱང་ཞའོ་མེན་གྱིས་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཁྲོམ་རའི་དངོས་ཟོག་འགན་ལེན་མཁོ་སྤྲོད་དང་ཚོང་དོན་ཞབས་ཞུའི་ལས་རིགས་དང་མི་སྒེར་བཟོ་ཚོང་ཁྱིམ་ཚང་གི་ལས་མགོ་ཚུགས་པའི་གནས་ཚུལ་མཚམས་སྦྱོར་བྱས

དབྱང་ཞའོ་མེན་གྱིས་བཤད་རྒྱུར། ད་ལྟ་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་ཁྲོམ་རའི་དངོས་ཟོག་འགན་ལེན་མཁོ་སྤྲོད་དང་ཚོང་དོན་ཞབས་ཞུའི་ལས་རིགས་དང་མི་སྒེར་བཟོ་ཚོང་ཁྱིམ་ཚང་གི་ལས་མགོ་ཚུགས་ཚུལ་སྐོར་ནས་བརྡ་ཁྱབ་གནད་བསྡུས་བཏང་བ།

གཅིག ཉེ་ལམ་སྒྲུབ་པའི་བྱ་བ་གཙོ་བོ།

ཏོག་དབྱིབས་ནད་དུག་གསར་བའི་འགོ་བའི་གློ་ཚད་ཀྱི་རིམས་ནད་ཐོན་པ་ནས་བཟུང་ཟི་ལིང་གྲོང་ཁྱེར་གྱིས་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་ཟིན་གཏིང་ཟབ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་པ་དང་།  མྱུར་དུ་བྱ་སྤྱོད་སྤེལ་བ། ཁྲོམ་རའི་མཁོ་སྤྲོད་དང་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་ཆེད་འཚོ་བའི་དངོས་པོའི་འགན་སྲུང་ལེགས་པོ་འདོན་སྤྲོད་བྱས་ཡོད།

གཅིག་ནི་ཚོང་ར་ཆེ་གྲས་ཁག་ཏུ་རིམས་ནད་སྔོན་འགོག་བྱེད་པར་དམ་འཛིན་བྱས་ཏེ།  “འཛད་སྤྱོད་པས་ཁ་ཐུམ་མི་རྒྱག་པ་དང་དྲོད་གྲང་ཚད་ལེན་མ་བྱས་པར་ནང་ལ་འཛུལ་མི་ཆོག་པ་དང་། ཚོང་རའི་ལས་མི་ཚོས་ཞོགས་པའི་ཞིབ་བཤེར་བྱེད་པ་དང་ཚོང་རས་དུས་ཚོད་ལྟར་དུག་སེལ་བྱེད་པ་དང་གཙང་འཁྲུད་རྒྱག་པ”བཅས་ཀྱི་བྱེད་ཐབས་ནུས་ལྡན་སྤྱད་དེ་མ་གཞི་ནས་དོགས་ཟོན་ཡག་པོ་བྱེད་དགོས་པ་དང་། གཉིས་ནི་འཚོ་བའི་མཁོ་ཆས་ཉིན་རེའི་ཚགས་པར་ལམ་ལུགས་ལག་ལེན་དུ་བསྟར་ནས་ཁྲོམ་རའི་མཁོ་སྤྲོད་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱེད་པ་དང་ཁྲོམ་རའི་འགྱུར་ལྡོག་ལ་དོ་སྣང་གང་ལེགས་བྱས་ཏེ་ཁ་གཏད་གཅོག་ཐབས་འོས་འཚམ་སྤྱད་དེ་དུས་ཆེན་གྱི་ཁྲོམ་ར་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས།

གསུམ་ནི་སྒོ་རྩིས་ཚོང་ཁང་ཆེ་གྲས་ཁག་ཧུར་ཐག་གིས་རྩ་འཛུགས་བྱས་ནས་ཚོང་ཟོག་ཁ་གསབ་དང་གྲ་སྒྲིག་བྱས་ཏེ་ཚོང་པ་ཁག་གིས་དངོས་ཟོག་གཏོང་འདྲེན་དང་དུག་སེལ་སྔོན་འགོག་ཚོད་འཛིན་སོགས་ཐད་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱས་ཏེ།  འགན་འཁྲི་ཡོད་པ་དང་འགན་འཁྲི་གཙང་སྒྲུབ་བྱེད་དགོས། བཞི་ནི་གཙོ་གནད་ཚོང་དོན་འཁོར་རྒྱུག་ཁེ་ལས་ཀྱིས་རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་བསྒྲུབས་ཏེ་ཏང་ཨུ་དང་སྲིད་གཞུང་དང་མཉམ་དུ་ཕྱར་བ་གྲུ་འདེགས་བྱེད་པ་དང་། དུས་སྐབས་རང་བཞིན་གྱི་དཀའ་ངལ་མཉམ་སེལ་བྱས་ཏེ་ནུས་ཤུགས་ཡོད་རྒུ་དང་ཐབས་བརྒྱ་ཇུས་སྟོང་གིས་གཏོང་འདྲེན་མང་དུ་བཏང་ནས་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས།

མཚོ་བོད་མཐོ་སྒང་གི་ཞིང་ཞོར་ཐོན་རྫས་བསྡུ་འགྲེམས་ལྟེ་གནས་ཀྱིས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་གྱི“གཙོ་ཤུགས་དམག”གི་ནུས་པ་འདོན་སྤེལ་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་ངང་ཉོ་སྒྲུབ་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་བ་དང་ཁྲོམ་རའི་དགོས་མཁོ་སྐོང་བ། ཁྲོམ་རའི་སྒོ་དབྱེའི་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཁྲོམ་རའི་ཁོར་ཡུག་འཕྲོད་བསྟེན་གཙང་སེལ་དང་དུག་སེལ་ བྱེད་པ་བཅས་བྱས་ཏེ་ཁྲོམ་རར་འགྲོ་འོང་བྱེད་མཁན་ལ་དོ་དམ་ཚོད་འཛིན་ནན་མོ་བྱས་ནས་མཐའ་གཅིག་ཏུ་རིམས་ནད་མཆེད་རྒྱུར་སྔོན་འགོག་བྱས་ཡོད།

ཝང་ཧྥུའུ་ཅིན་དང་པེ་ཅིན་ཧྭ་ལེན་ཕྱོགས་བསྡུས་སྒོ་རྩིས་ཚོང་ཁང་། ཟི་ལིང་གྲོང་ཁྱེར་གྱི་ཧྥང་ཀྲི་ཕེན་ཚོང་ཁང་།  ཟི་ལིང་གཞི་སྲང་ཆེན་མོའི་ཚོང་ཁང་། ཧེ་ཁུ་ཅ་རང་འདེམས་སྒོ་རྩིས་ཚོང་ཁང་། ཉིན་ཧྲི་ཞིན་ཞིན་ལི། ཡིས་ཅ་ཆིན་སྒོ་རྩིས་ཚོང་ཁང་སོགས་ཚོང་ཁང་ཆེ་གྲས་16གིས་དཀའ་ངལ་ཁྱད་བསད་ངང་རིན་གོང་བརྟན་པོས་ཚོང་རྙེས་འདོན་སྤྲོད་བྱས་པས། རིམས་ནད་བྱུང་རྗེས་ཟི་ལིང་གྲོང་ཁྱེར་དུ་གཞི་ཁྱོན་ཆེ་བའི་གཅིག་སྡུད་ཉོ་སྒྲུབ་ཀྱི་གནས་ཚུལ་བྱུང་མེད་པས་མང་ཚོགས་ཀྱི་འཛད་སྤྱོད་བྱེད་སྟངས་དེ་ལེགས་ཕྱོགས་སུ་འཕེལ་བཞིན་ཡོད།

ལྔ་ནི་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྒོ་རྩིས་ཚོང་ཁང་དང་། ཁྲོམ་ར། སྨན་ཚོང་ཁང་། བཟའ་བཏུང་སྡེ་ཚན་སོགས་གཙོ་གཉེར་སྡེ་ཁག8026ཞིབ་བཤེར་ཐག་གཅོད་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲེལ་བ་ཡོད་པའི་ཞུ་གཏུག་ཐེར་འདོན་ཁག་310ཞིབ་བཤེར་ཐག་གཅོད་བྱས་པ། གླེང་ཕྱོགས་ཀྱི་གནས་ཚུལ་ཁག་36ཐག་གཅོད་བྱས་པ། དངོས་གོང་ཧམ་སྤར་དང་། རིམས་ནད་འགོག་སྲུང་མཁོ་རྫས་རྫུན་མ། དྲིལ་བསྒྲགས་རྫུན་མ་སོགས་ཀྱི་གྱོད་གཞི་66ཞིབ་བཤེར་ཐག་གཅོད་བྱས་པ། དཔེ་མཚོན་གྱོད་དཔེ་7ཐེར་འདོན་བཅས་བྱས་པས་ཁྲོམ་རའི་རྒྱུན་གཏན་གཉེར་སྐྱོང་གི་སྒྲིག་ལམ་སྲུང་སྐྱོང་ནུས་ལྡན་བྱས་ཡོད།

དྲུག་ནི་མི་མང་འདུ་འཛོམས་བྱ་ཡུལ་གྱི་མིའི་རྒྱུ་ཚད་ཉུང་དུ་བཏང་ནས་རིམས་ནད་མཆེད་རྒྱུ་སྔོན་འགོག་བྱ་ཆེད། ཟི་ལིང་གྲོང་ཁྱེར་གྱིས་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་ཆེ་གྲས་ཁག་གཅིག་གི་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་མཁོ་ཆས་མིན་པའི་ཕྱིར་ཚོང་བྱ་ཡུལ་ལ་གནས་སྐབས་དོ་དམ་བྱེད་པ་ཕུད། ཚོང་ལས་ཚད་བརྒལ་དང་། ཞིང་ལས་ཉོ་ཚོང་ཁྲོམ་ར། སྨན་ཚོང་ཁང་སོགས་མི་དམངས་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གཉེར་སྐྱོང་བྱ་ཡུལ་ཚང་མ་རྒྱུན་ལྡན་ལྟར་ལས་གཉེར་བྱེད་ཀྱི་ཡོད་པ་རེད།

ཟླ་2ཚེས་2ཉིན་བར་གྲོང་ཁྱེར་ཡོངས་ཀྱི་ཁྲོམ་རའི་དོ་དམ་ཁྱིམ་ཚང་25000ལྷག་ཙམ་གྱིས་ལས་གཉེར་བྱེད་མགོ་ཚུགས་པའི་ནང་། ཚོང་ཁང་ཆེ་འབྲིང་ཆུང་གསུམ་དང་ཚོང་ཁང་ཆུང་གྲས་19200ལྷག་ཙམ་དང་། ཞིང་ཞོར་ཉོ་ཚོང་ཁྲོམ་ར་50ཡི་ཁྱིམ་ཚང་2900ལྷག་ཙམ། ཟ་བཏུང་ཁང་ཆུང་འབྲིང2100ལྷག་ཙམ། སྨན་རྫས་ཚོང་ཁང་550ལྷག་ཙམ། འབྲུ་སྣུམ་ཚོང་ཁང་320ལྷག་ཙམ་བཅས་ཡོད་པ་རེད།

གཉིས། གྲོང་ཁྱེར་ཡོངས་ཀྱི་འཚོ་བའི་མཁོ་ཆས་གཙོ་བོ་གཏོང་འདྲེན་འཛད་སྤྱོད་དང་མཛོད་གསོག་གནས་ཚུལ།

ཟླ་1ཚེས་27ཉིན་ནས་ཟླ་2ཚེས་2ཉིན་བར་མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་བསྡུ་འགྲེམས་ལྟེ་གནས་ཀྱིས་ཁྱོན་སྡོམ་སྔོ་ཚལ་ཏུན་9067.62གཏོང་འདྲེན་བྱས་པ་དང་ཤིང་ཏོག་རིགས་ཏུན་1283.43དབོར་འདྲེན་བྱས་པ་རེད། ཟླ་1ཚེས་25ཉིན་ནས་ཟླ་2ཚེས་2ཉིན་བར་གྲོང་ཁྱེར་ཡོངས་ཀྱི་གཙོ་གནད་ཚོང་དོན་འཁོར་རྒྱུག་ཁེ་ལས་16གིས་རིམ་རྩིས་བྱས་ན་གྲོ་ཞིབ་ཏུན་1283.8དང་། འབྲས་ཏུན་1049.9བཟའ་སྣུམ་ཏུན་61.1སྔོ་ཚལ་1086.4བཅས་ཕྱིར་ཚོང་བྱས།

ཟླ་2ཚེས་2ཉིན་བར་མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་བསྡུ་འགྲེམས་ལྟེ་གནས་དང་ཟི་ལིང་རིན་ཅེ་འབྲུ་སྣུམ་སྡེབ་ཚོང་ཁྲོམ་ར་སོགས་འབྲུ་སྣུམ་ཁེ་ལས་4ཡིས་གྲོ་ཞིབ་ཏུན་5312དང་། འབྲས་ཏུན་10414བཟའ་སྣུམ་ཏུན་1424སྒོ་ང་ཏུན་68བཅས་མཛོད་དུ་གསོག་ཡོད།

པེ་ཅིང་ཧྭ་ལེན་སོགས་ཚོང་ར་གཙོ་བོ་16གིས་སྟབས་བདེའི་ཐུག་པ་སྒམ་ཁྲི་1ཙམ་དང་། གཏེར་ཆུ་ཁྲི་1.3ཀ་ར་གོ་རེ་སྒམ་ཁྲི་1ཙམ། འགེལ་ཐུག་སྒམ་4998གྲོ་ཞིབ་ཏུན་184.4འབྲས་ཏུན་136.6བཟའ་སྣུམ་ཏུན་195.5སྔོ་ཚལ་ཏུན་165.7སྒོ་ང་ཏུན་37བཅས་ཡོད་མཛོད་དུ་གསོག་ཡོད་པ་པ་དང་།  ཕག་ཤ་དང་ནོར་ལུག་གི་ཤ་མཁོ་སྤྲོད་འདང་ངེས་ཡོད་པས་གྲོང་ཁྱེར་ཡོངས་ཀྱི་མཁོ་སྤྲོད་ཐད་འགན་སྲུང་ནུས་ལྡན་བྱེད་ཐུབ།  (2020ལོའི་ཟླ་2ཚེས་3ཉིན། )

གསུམ། གོ་རིམ་རྗེས་མའི་ལས་ཀའི་བྱེད་ཐབས།

གོ་རིམ་རྗེས་མར་ཟི་ལིང་གྲོང་ཁྱེར་གྱིས་རིམས་ནད་ཀྱི་འགྱུར་ལྡོག་ལ་དོ་ཁུར་ཆེན་པོ་བྱེད་པ་དང་། ཚོང་ཟོག་གི་ཐོན་ཁུངས་རྩ་འཛུགས་ཐད་གཅིག་གྱུར་བཀོད་འདོམས་བྱེད་པ། ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་སྔ་མོ་ནས་ལག་བསྟར་ཞིབ་མོ་བྱས་ཏེ།  ཕྱོགས་ལྔའི་ཐད་ཀྱི་ལས་བྱ་བ་གཙོ་བོ་དམ་འཛིན་བྱེད་རྒྱུ་ཡིན།  གཅིག་ནི་གཅིག་གྱུར་བཀོད་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ནས་འཚོ་བའི་མཁོ་ཆས་གལ་ཆེན་གྲབས་གསོག་ཡག་པོ་བྱས་ཏེ། ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་འཁོར་སྐྱོད་གོ་རིམ་ལྡན་པར་འགན་སྲུང་བྱེད་པ།

གཉིས་ནི་ནུས་ཤུགས་ཡོད་རྒུས་འཚོ་བའི་དངོས་ཟོག་མཁོ་འདོན་ཡག་པོ་བྱེད་པ་དང་མཁོ་སྤྲོད་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ། དོན་དངོས་ཀྱི་གནས་ཚུལ་ལ་གཞིགས་ནས་མཁོ་སྤྲོད་བྱེད་ཚད་དུས་ཐོག་ཏུ་ལེགས་སྒྲིག་བཅས་བྱས་ཏེ་མང་ཚོགས་ཀྱི་འཚོ་བའི་དགོས་མཁོ་ནན་ཏན་སྒོས་འགན་སྲུང་བྱེད་དགོས།   གསུམ་ནི་ཞིང་ཆེན་རིམས་ནད་བཀོད་འདོམས་པུའུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ནས། ཆེད་ལས་ཁྲོམ་ར་དང་། ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་ཆེ་གྲས། རྐང་བགྲོད་ཁྲོམ་ལམ། བཟའ་བཏུང་ཞབས་ཞུའི་སྡེ་ཁག ཚོང་ཟོག་ཆུང་གྲས་ཀྱི་ཁྲོམ་ར་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་རིང་ལ་ལས་གཉེར་བྱེད་པའི་འབྲེལ་ཡོད་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས། ཚོང་དོན་ཞབས་ཞུའི་ལས་རིགས་དང་མི་སྒེར་བཟོ་ཚོང་ཁྱིམ་ཚང་གི་ལས་གཉེར་བྱ་བ་གོ་རིམ་ལྡན་པའི་ངང་ལེགས་པོར་བསྒྲུབ་དགོས།

བཞི་ནི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་བྱས་ནས་འཛད་སྤྱོད་པར་དགོས་མཁོ་ལྟར་ཉོ་སྒྲུབ་དང་ལུགས་མཐུན་ངང་འཛད་སྤྱོད་བྱ་རྒྱུར་ཁྲིད་སྟོན་བྱེད་ པ། ལྔ་ནས་ཁྲོམ་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ ཁྱབ་ཁོངས་གཙོ་བོ་དང་། ལས་རིགས་གཙོ་བོ།  ས་ཁོངས་གཙོ་བོ་བཅས་ཀྱི་ཁྲོམ་རའི་སྐོར་ཞིབ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། སྔོ་ཚལ་དང་། ཕག་ཤ། སྐམས་ཤ་དང་ལུག་ཤ་བཅས་ཀྱི་རིན་གོང་གི་ཧེ་བག་གི་མཛུབ་ཁྲིད་རིན་གོང་ལག་བསྟར་ནན་མོ་བྱས་ནས།  ཚོང་ཟོག་རིན་གོང་ཧམ་སྤར་བྱེད་པ་སོགས་ཁྲོམ་རའི་སྒྲིག་ལམ་ཟང་ཟིང་བཟོ་བའི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བ་བཅས་བྱས་ནས་ཁྲོམ་རའི་མཁོ་སྤྲོད་ནུས་ཤུགས་ཡོད་རྒུས་འགན་སྲུང་ལེགས་པོ་བྱེད་དགོས།

                                                                                   ལོ་ཙཱ་བ། གཡང་འབུམ་རྒྱལ།