བཟའ་ཟླ་གཉིས་ཀ་མཉམ་དུ་རིམས་ནད་འགོག་སྲུང་བྱ་བའི་འཐབ་རྩོད་ཁྲོད་ཞུགས།
2020.02.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

“ཅུའུ་ཀྲང་ལགས། ངས་དེ་རིང་ཞོགས་པ་ཆུ་ཚོད་གཉིས་ཙམ་གྱི་རིང་ལ་གནང་བ་ཞུ་དགོས་ཀྱི་འདུག རྒྱུ་མཚན་ནི་ངའི་བཟའ་ཟླ་ཧུའུ་པེ་ཞིང་ཆན་དུ་རིམས་ནད་སྔོན་གོག་བྱ་བར་རོགས་སྐྱོར་བྱེད་དུ་འགྲོ་དགོས་པས་ངས་ཁོ་མོར་སྐྱེལ་མ་བྱེད་དགོས་པར་མ་ཟད།  ད་དུང་བྱིས་པ་ཡང་བཀོད་སྒྲིག་བྱེད་དགོས། དེ་ལྟར་བྱས་ཚར་རྗེས་ང་རང་ཕྱིར་ལས་ཚོགས་ལ་ཞུགས་རྒྱུ་ཡིན། ” དེ་ནི་ཟི་ལིང་གྲོང་ཁྱེར་གྱི་མཁར་ཤར་ཆུའུ་སྤྱི་བདེ་ཡན་ལག་ཅུའུ་ཁྲིམས་ལུགས་རུ་ཆེན་གྱི་ཏང་ཡོན་ལས་བྱེད་པ་ཞིག་གིས་ལས་ཁུངས་ལ་གནང་བ་ཞུས་པའི་འཕྲིན་ཐུང་ཞིག་རེད། ཁོའི་མིང་ལ་ཝང་ཀྲི་ཆིང་ཟེར།

ཝང་ཀྲི་ཆིང་གི་ཆུང་མ་མྰ་ཡོན་ནི་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་གི་དབུགས་ལམ་ཚན་ཁག་གི་ནད་གཡོག་མ་ཞིག་ཡིན་པ་དང་།  ཁོ་བཟའ་ཟླ་གཉིས་ལ་ལོ་དྲུག་ལ་སླེབས་པའི་བུ་མོ་ཞིག་ཡོད།  ད་ལོའི་ལོ་སར་སྐབས་སུ་གློ་བུར་དུ་ཐོན་པའི་ཏོག་དབྱིབས་ནད་དུག་གསར་པའི་རིམས་ནད་དེས་ཕལ་བའི་ཁྱིམ་ཚང་དེའི་འཚོ་བ་གཞི་ནས་ཟིང་ཟིང་དུ་བཟོས་སོང་།

                                     བཟའ་ཟླ་གཉིས་ཀས་“འཐབ་རྩོད་ཞུ་ཡིག”བྲིས།

“ངས་ཁྲིམས་ལུགས་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཡོངས་ཀྱི་ཚབ་བྱས་ནས་རང་འགུལ་ངང་ཡན་ལག་ཅུའུ་དང་ཏང་རྩ་འཛུགས་ལ་རེ་འདུན་ཞུས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ཀྱི་ལས་སྒྲུབ་ས་ཚིགས་སུ་ལས་རེས་བྱེད་པར་འགྲོ་རྒྱུ་ཡིན། གང་དུ་ང་ཚོ་མཁོ་ན་དེ་གར་ང་དང་ལས་གྲོགས་ཚོས་དུས་དང་རྣམ་པ་ཀུན་ཏུ་ལས་འགན་དང་ལེན་བྱ་རྒྱུའི་གྲ་སྒྲིག་བྱས་ཏེ། དཔུང་པ་མཉམ་གཤིབ་ཀྱིས་རིམས་ནད་འགོག་རྒོད་ཀྱི་དམག་འཐབ་བྱེད་རྒྱུའི་གྲ་སྒྲིག་བྱས་ཡོད།”ཅེས་ཏོག་དབྱིབས་ནད་དུག་གསར་བའི་རིམས་ནད་ཐོན་རྗེས་སུ་ཡན་ལག་ཅུའུ་རུ་བྱ་བ་སྒྲུབ་མཁན་གྱི་ལས་མི་དཀོན་པར་དམིགས་ནས། ཝང་ཀྲི་ཆིང་དང་ཁྲིམས་ལུགས་རུ་ཆེན་གྱི་ལས་གྲོགས་ཡོངས་ཀྱིས་རེ་རེ་བཞིན་རིམ་ནད་སྔོན་འགོག་འཐབ་རྩོད་ལ་ཞུགས་རྒྱུའི་རེ་ཞུ་ཡི་གེ་བྲིས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོར་ཞུགས་རྒྱུའི་རེ་བ་བཏོན། ཝང་ཀྲི་ཆིང་གིས་རང་ཉིད་ནི་ཏང་ཡོན་ཞིག་ཡིན་ལ་ཉེན་རྟོག་པ་ཞིག་ཀྱང་ཡིན།  ཚང་མས་ཕྱར་བ་གྲུ་འདེགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྐབས་སུ། བགྲོད་ལམ་ཡག་པོ་སྲུང་ནས་འཐབ་ས་དང་པོ་བརྟན་སྲུང་བྱེད་རྒྱུ་དེ་ནི་གཞན་ལ་དཀྲི་ཐབས་མེད་པའི་འགན་འགན་འཁྲི་ཡིན་ཟེར།

“སྨན་པ་ཞིག་ཡིན་ན་གང་དུ་ནད་གདོན་གྱི་འཇིགས་པ་ཡོད་ན་དེ་ལ་འཐབ་རྩོད་བྱེད་དགོས་ཤིང་། འཐབ་ནས་རྒྱལ་བར་བྱས་ཏེ་རང་གི་འགན་འཁྲི་ལ་ངོ་གནོང་མི་དགོས་པ་བྱེད་དགོས།”    ཝང་ཀྲི་ཆིང་གི་བསམ་ཡུལ་ལས་འདས་པ་ཞིག་ནི་ཁོས་རིམས་འགོག་དམག་འཐབ་ཀྱི་རེ་འདུན་ཞུ་ཡིག་དེ་བྲིས་པ་དང་ཆབས་ཅིག   རང་ཉིད་ཀྱི་བཟའ་ཟླས་ཀྱང་སྨན་ཁང་ལ་མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེའི་རིམས་ནད་འགོག་རྒོལ་སྨན་བཅོས་རུ་ཁག་ལ་རོགས་སྐྱོར་བྱེད་པར་ཞུགས་རྒྱུའི་དམག་འཐབ་ཡི་གེ་སྤྲད་པ་དེ་རེད། ཝང་ཀྲི་ཆིང་གི་བཟའ་ཟླ་མྰ་ཡོན་ནི་མཚོ་སྔོན་སློབ་ཆེན་ཁོངས་གཏོགས་སྨན་ཁང་དབུགས་ལམ་ཚན་ཁག་གི་སྨན་གཡོག་མ་ཞིག་ཡིན་པ་དང་ད་ལོའི་ལོ་སར་གྱི་སྐབས་སུ་ཡང་བྱ་བའི་ལས་རྐང་དང་པོ་བརྟན་སྲུང་བྱས་ནས་བསྡད་པ་རེད།

ཟླ་1ཚེས་27ཉིན་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་དང་གྲོང་ཁྱེར་གྱི་སྨན་བཅོས་ལས་ཁུངས་ནས་ཆེད་ལས་ལག་རྩལ་མི་སྣ་སྐོང་འཐེན་བྱས་ཏེ་ཝུའུ་ཧན་དུ་རོགས་སྐྱོར་བྱེད་པར་འགྲོ་བའི་གནས་ཚུལ་ཤེས་རྗེས། མྰ་ཡོན་གྱིས་མྱུར་དུ་རང་གི་རེ་ཞུ་ཡི་གེ་ཡར་སྤྲད།  མྰ་ཡོན་གྱིས་བརྡ་སྦྱོར་གོ་བ་དང་རང་འགུལ་གྱིས་ཡར་ཞུ་ཡི་གེ་བྲིས་པ། དེ་ནས་གནམ་གྲུའི་འབབ་ཐང་དུ་ཐོན་པའི་བར་དུ་དུས་ཚོད་ཉེར་བཞི་ལས་སོང་མེད། “མི་སྐྲག་ཟེར་རྒྱུ་ནི་དཀའ་མོ་རེད།  ཡིན་ཡང་ང་སྔར་བཞིན་འགྲོ་བར་འདོད།” ཅེས་མཱ་ཡོན་གྱིས་བཤད། “ཨ་མས་བྱིས་པར་བདག་སྐྱོང་ལེགས་པོ་བྱས་ཏེ་ཁྱོ་གས་ང་ལ་རྒྱབ་སྐྱོར་གང་ལེགས་བྱས་ན་ང་ལ་སེམས་ཁུར་བྱེད་ས་ཅི་ཡང་མེད”ཟེར།

                     ང་ཚོས་གནས་སྐབས་སུ་བྱ་བའི་ལས་གནས་ཙམ་བརྗེས་པ་དེ་རེད།

ཟླ་1ཚེས་28ཉིན་གྱི་ཞོགས་པར། ལས་འགན་ལག་བསྟར་བྱེ་དཔའི་དབང་གིས་ཆུ་ཚོད་གཉིས་ཙམ་ལ་མ་གཏོགས་གནང་ཞུ་བྱས་མེད་པའི་ཝང་ཀྲི་ཆིང་ལ་རང་གི་བཟའ་ཟླ་གནམ་གྲུའི་ཐང་དུ་སྐྱེལ་ཁོམ་མེད་སོང་།

མྰ་ཡོན་གྱིས་གཉིད་དུ་ཡུར་བའི་བུ་མོར་འོ་ཞིག་བྱས་རྗེས། ཝང་ཀྲི་ཆིང་གིས་ཁོ་མོ་བསྐྱལ་ནས་སྨན་ཁང་དུ་སོང་། ཕན་ཚུན་ཁ་གྱེས་སྐབས་ཁོ་བཟའ་ཟླ་གཉིས་ཕན་ཚུན་འབྲལ་མི་ཕོད་པར་གྱུར།

“བདེ་མོ་བྱོས། རང་གིས་རང་ལ་བདག་སྐྱོང་བྱོས། ”

“བདེ་མོ་བྱོས། ངས་ཡུལ་ནས་ཁྱོད་ལ་བསྒུག་ནས་འདུག”

“ང་ལ་སྒུགས་ནས་ནས་སྡོད། མི་འགྱང་བར་ཚང་མས་གདོང་གི་ཁ་བཏུམ་བླངས་ནས་བརྩེ་བའི་འཛུམ་མདངས་སྟོན་ཐུབ་པ་ང་ལ་ཡིད་ཆེས་ཡོད།”མཱ་ཡོན་གྱིས་དེ་ལྟར་ཟེར་ཞོར་མིག་ཆུ་ཁོག་ལ་མིད་ཀྱིན་ལག་པ་གཡུག་གཡུག་བྱས་ནས་རང་གི་ཁྱོ་ག་དང་གྱེས་བརྡ་བསྟན།

ཉིན་དེའི་ཕྱི་དྲོ། མཚོ་སྔོན་གྱི་སྐོར་དང་པོའི་ཝུའུ་ཧན་ལ་རོགས་སྐྱོར་བྱེད་དུ་འགྲོ་བའི་སྨན་བཅོས་རུ་ཁག་གི་མི་135ཟི་ལིང་ཚའོ་ཅ་པའོ་གནམ་གྲུའི་ཐང་ནས་གནམ་གྲུར་བསྡད་དེ་ལམ་ལ་ཆས་ཤིང་། དགོང་མོའི་དུས་སུ་ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་བདེ་བླག་ངང་འབྱོར། ཝུའུ་ཧན་དུ་འབྱོར་རྗེས་སུ་མྰ་ཡོན་དང་རུ་མི་རྣམས་ཀྱིས་རིམས་ནད་ཀྱི་གནས་ཚུལ་སྐོར་ལ་རྒྱུས་ལོན་ཞིབ་ཕྲ་བྱས་པ་མ་ཟད། ཝུའུ་ཧན་གྲོང་ཁྱེར་ཞིན་ཀྲིག་ཆུའུ་ཡི་ཀྲུང་ལུགས་སྨན་ཁང་དུ་སྨན་བཅོས་སྲོག་སྐྱོབ་ཀྱི་བྱ་བ་སྒྲུབ་མགོ་བརྩམས།

“བདེ་མོ་ཡིན་ནམ། ཁྱོད་གང་ནས་ཡོང་བ་ཡིན། ལུས་དྲོད་ལ་བརྟག་དཔྱད་བྱེད་རོགས།” མྰ་ཡོན་གྱིས་ཧུའུ་པེ་ཞིང་ཆེན་དུ་རང་གི་ལས་གནས་སུ་རིམས་འགོག་སྲོག་སྐྱོབ་བྱ་བའི་ལས་ལ་བྲེལ་བའི་སྐབས་སུ། ཝང་ཀྲི་ཆིང་གིས་ཀྱང་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱེད་པའི་ལས་རེས་ས་ཚིགས་སུ་དེ་ལྟར་ཆུ་ཚོད་10ཙམ་གྱི་རིང་ལ་ལས་རེས་བྱེད་ཀྱིན་འདུག

ལས་རེས་གྲོལ་དུས་ནམ་གུང་དུ་སླེབས་འདུག་པ་དང་སྐབས་དེར་ཝང་ཀྲི་ཆིང་གིས་ཁ་པར་ལས་གྲོགས་ཚོམས་ཀྱི་སྒོ་ཕྱེས་སྐབས། རང་གི་བཟའ་ཟླས་བསྐུར་བའི་འཕྲིན་ཐུང་ཞིག་མིག་ལམ་དུ་ཤར་བྱུང་སྟེ། “ང་ཚོར་སེམས་ཁུར་བྱེད་བཞིན་པའི་གཉེན་ཉེ་དང་གྲོགས་པོ་རྣམ་པ། ཁྱེད་ཚོས་སེམས་ཁུར་བྱེད་མི་དགོས། ངས་གནས་སྐབས་སུ་ས་གནས་ཙམ་བརྗེས་ནས་བྱ་བ་ལས་པ་ཙམ་ཡིན། ”

“རེད་དེ། ཁྱོད་ཀྱིས་གནས་སྐབས་སུ་ས་གནས་ཙམ་བརྗེས་ནས་ནས་ལས་ཀ་བྱེད་པ་ཙམ་རེད། ངས་ཁྱོད་རང་ཕྱིར་ལོག་པར་བསྒུག་ནས་དུག  ཁྱོད་རང་ཕྱིར་ཐོན་རྗེས་ང་ཚོས་གདོང་གི་ཁ་བཏུམ་བླངས་ནས་བྱིས་པ་ཁྲིད་དེ་དཔྱིད་དཔལ་གསར་བའི་མཛེས་སྡུག་ལ་རོལ་མྱོང་བྱེད་དུ་འགྲོ”ཁ་པར་གྱི་གྲོགས་ཚོམས་སུ་ཝང་ཀྲི་ཆིང་གིས་དེ་ལྟར་རང་གི་བཟའ་ཟླ་ལ་གནམ་ལོ་གསར་བའི་སྨོན་འདུན་ཞུས།

                                                                          ལོ་ཙཱ་བ།  གཡང་འབུམ་རྒྱལ།