ཏོག་གསར་གློ་ཚད་འགོག་སྲུང་བྱེད་པའི་ཞིབ་བཤེར་ས་ཚིགས་ཀྱི་ལས་གནས་བརྟན་སྲུང་མཁན་བསྟན་སྐྱོང་།
2020.02.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 128

 ཉིས་སྟོང་ཉི་ཤུ་ཡི་ལོ་སར་གྱི་སྐབས་སུ། གློ་བུར་དུ་བྱུང་བའི་ཏོག་དབྱིབས་གློ་ཚད་ཀྱི་རིམས་ནད་དེ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མཐོ་རླབས་ཤིག་ཀྲུང་ཧྭའི་ས་ཆེན་པོ་འདིའི་ཁྱོན་དུ་ཀུན་ནས་བསླངས། ཡ་ང་བའི་རིམས་ནད་འདིར་སྔོན་འགོག་བྱེད་པར་ལས་གནས་དང་པོ་བརྟན་སྲུང་བྱེད་བཞིན་པའི་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་རེ་རེ་ཡིས་རང་ཉིད་ཀྱི་ནུས་ཤུགས་རྩལ་དུ་བཏོན་ནས། མི་དམངས་མང་ཚོགས་ཀྱི་སེམས་སུ་རེ་བ་དང་དྲོད་སྐྱིད་སྦྱིན་བཞིན་མཆིས། འབྲི་ཆུའི་མགོ་ཁུངས་སུ་གནས་པའི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲི་སྟོད་རྫོང་གྲོང་གསར་ཞང་འཕྲོད་བསྟེན་ཁང་གི་མགོ་གཙོ་བསྟན་སྐྱོང་ནི་ཏང་ཡོན་ལས་བྱེད་པ་དེ་དག་གི་ཁྲོད་ཀྱི་གཅིག་རེད།

ལོ་ན་ང་གསུམ་ཡིན་པའི་བསྟན་སྐྱོང་གིས་སྤྱིར་ན་ད་ལོའི་ལོ་སར་གྱི་སྐབས་སུ་ཁྱིམ་མི་དང་ལྷན་དུ་ཟི་ལིང་གྲོང་ཁྱེར་དུ་སོང་སྟེ། རང་གི་རྩིབ་རུས་ཀྱི་རྨས་སྐྱོན་ལ་བརྟག་དཔྱད་ཅིག་བྱེད་ཞོར་དུ་ཟི་ལིང་གྲོང་ཁྱེར་དུ་ལུས་བདེ་སེམས་སྐྱིད་ཀྱིས་ཁམས་གཡེང་ཞིག་བྱས་ཏེ་ལོ་སར་གྱི་གུང་གསེང་དེ་སྐྱིད་པོ་ཞིག་གཏོང་རྩིས་ཡོད།

ཡིན་ནའང་རིམས་ནད་ཀྱི་ཁྱབ་རྒྱ་རིམ་བཞིན་ཆེ་རུ་འགྲོ་བ་དང་བརྙན་འཕྲིན་དང་དྲ་རྒྱ་སོགས་ཀྱི་སྟེང་ནས་རིམས་ནད་ས་ཁུལ་གྱི་མི་དམངས་ཀྱིས་ཁ་ཐུམ་བརྒྱབ་ཡོད་པ་དང་། སྨན་བཅོས་མི་སྣ་རྣམས་ཀྱིས་རིམས་ནད་འགོག་སྲུང་གི་ལྭ་བ་དེ་དག་གྱོན་ཡོད་པའི་གནས་ཚུལ་སྐོར་མཐོང་དུས། བསྟན་སྐྱོང་གིས་རིམས་ནད་ཀྱི་ཉེན་ཁའི་གནས་ཚུལ་དེ་སེམས་ལ་གསལ་བོར་འཁོར་བྱུང་།  རིམས་ནད་ནི་བཀའ་རྒྱ་ཡིན་པས་ཏག་ཏག་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་པའི་བསྟན་སྐྱོང་གིས་སྨན་པའི་ངག་ལའང་མ་ཉན་པར་མ་ཟད། ཐ་ན་སྨན་ཁང་དུ་ཕྱིར་འབུད་པའི་འགྲོ་ལུགས་ཀྱང་སྒྲུབ་ལོང་མ་བྱུང་བར་ལོ་སར་གྱི་དགོང་མོ་དེར་མྱུར་དུ་ཕྱིར་རང་གི་ལས་གནས་སུ་ལོག   དགོང་མོ་དེའི་དུས་ཚོད་བཅུ་གཅིག་སྟེང་ལམ་དུ་ཆས་ཤིང་མཚན་གང་བོར་རླངས་འཁོར་བསྐོར་ནས་རྒྱུག་མཐར་རྒྱ་ལོ་ཚེས་གཅིག་གི་ནང་མོའི་དུས་ཚོད་དགུའི་སྟེང་ད་གཟོད་གྲོང་གསར་ཞང་སྨན་འཕྲོད་བསྟེན་ཁང་དུ་ཐོན་པ་རེད།

བྱ་བའི་ལས་རྐང་དུ་ཐོན་མ་ཐག་བསྟན་སྐྱོང་གིས་མྱུར་དུ་གོང་རིམ་གྱི་མགོ་ཁྲིད་ལ་འབྲེལ་བ་བྱས་ནས་མིང་ཐོ་བཀོད་པར་མ་ཟད་མྱུར་དུ་རིམས་འགོག་བྱ་བ་སྒྲུབ་མགོ་བརྩམས། ཁོས་ཉེ་འཁོར་གྱི་མང་ཚོགས་རྣམས་ལ་རིམས་ནད་སྔོན་འགོག་བྱེད་དགོས་པའི་གལ་ཆེན་རང་བཞིན་དྲིལ་སྒྲོག་བྱེད་པ་དང་ཇི་ལྟར་སྔོན་འགོག་བྱེད་པའི་བྱ་བའི་ཐད་ལ་མཛུབ་སྟོན་བྱས།

ད་ལོའི་ལོ་སར་སྐོར་གྱི་སེམས་ཚོར་འདྲི་དུས། བསྟན་སྐྱོང་དགོད་ཞོར་དུ་བཤད་རྒྱུར། “ཁོམ་ལོང་ཅུང་ཙམ་ཡང་མི་འདུག ཡིན་ནའང་མང་ཚོགས་ཀྱི་བདེ་ཐང་གི་ཆེད་དུ། ང་རང་གིས་ངེས་པར་དུ་དེ་ལྟར་སྒྲུབ་དགོས”ཟེར།

ཟླ་དང་པོའི་ཚེས་ཉེར་བདུན་ཉིན། རྫོང་རིམས་འགོག་བཀོད་འདོམས་པུའུ་ཡི་བཀོད་སྒྲིག་ལྟར། གྲོང་གསར་ཞང་གི་ལམ་མདོ་ནས་རིམས་འགོག་ཞིབ་བཤེར་ས་ཚིགས་ཤིག་འཛུགས་པར་བཀོད་སྒྲིག་བྱས།  བསྟན་སྐྱོང་སྔ་མོར་ལངས་ནས་རང་འགུལ་གྱིས་རིམས་འགོག་ཞིབ་བཤེར་ས་ཚིགས་དེ་རུ་སོང་ནས་བྱ་བ་སྒྲུབ་མགོ་བརྩམས། ཞིབ་བཤེར་ས་ཚིགས་དེ་རུ་ཁོས་སྒྲོག་ཙེ་གཅིག་དང་ཐོ་འགོད་བྱེད་སའི་འབྲི་དེབ་གཅིག ལུས་དྲོད་བཤེར་ཆས་གཅིག་བཅས་ལ་བརྟེན་ནས། ཕར་འགྲོ་ཚུར་འོང་བྱེད་པའི་མི་རྣམས་འགོག་སྲུང་ནན་མོ་བྱེད་པའི་ཞོར་དུ་དངོས་ཟོག་ལ་འགན་སྲུང་བྱེད་པ་དང་འཕྲལ་སྒྲུབ་རླངས་འཁོར་གྱི་འགྲོ་འོང་ལ་སྟབས་བདེ་བཟོ་ཅི་ཐུབ་བྱེད་པ་སོགས་རིམས་འགོག་ས་ཚིགས་ཀྱི་བྱ་བ་ལེགས་པོར་བསྒྲུབས།

བྱ་བ་སྒྲུབ་པའི་ཁྲོད་དུ། བསྟན་སྐྱོང་གིས་རིམས་ནད་འགོག་སྲུང་བྱེད་པའི་བྱ་བ་དེ་ནི་ལས་བྱེད་པ་རེ་འགའ་མཉམ་དུ་ཉེན་ཁའི་ཕྱོགས་སུ་གདོང་མཆོང་བྱེད་པའི་འཁྲབ་སྟོན་ཙམ་མ་ཡིན་པར། མི་དམངས་མང་ཚོགས་ཀྱིས་ཕྱར་བ་གྲུ་འདེགས་དང་མཉམ་ལས་མཉམ་རྒྱལ་བཅས་བྱེད་པའི་མི་དམངས་ཀྱི་འཐབ་རྩོད་ཅིག་ཡིན་པ་གསལ་བོར་རྟོགས་ཡོད་པ་རེད། དེའི་རྐྱེན་གྱིས། ཁོས་ཞིབ་བཤེར་བྱེད་པའི་དུས་མཉམ་དུ་སེམས་ཞིབ་མོས་མང་ཚོགས་ཀྱི་རེ་ཞུ་ལ་ཉན་པ་དང་། ཞིབ་བཤེར་དང་ལུས་དྲོད་འཇལ་བ་སོགས་ཀྱི་བརྒྱུད་རིམ་ཁྲོད་དུ་མང་ཚོགས་ཀྱི་བསམ་འདུན་ཟིན་བྲིས་སུ་འགོད་པ་དང་མང་ཚོགས་ཀྱི་དྲི་བར་ལན་འདེབས་པ་བཅས་བྱས་ཏེ། ངང་རྒྱུད་རིང་པོའི་སྒོ་ནས་མང་ཚོགས་ཀྱི་སྐྲག་སྣང་དང་སེམས་ཁྲལ་སེལ་ཅི་ཐུབ་བྱས་པ་དང་དོ་སྣང་བྱེད་དགོས་པའི་བྱ་བའི་སྐོར་ལ་སེམས་ཞིབ་མོས་གསལ་འདེབས་བྱས།

བསྟན་སྐྱོང་གིས་རང་དཔེ་གཞན་སྟོན་དང་ལས་གནས་བརྟན་སྲུང་བྱེད་པ། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་དཀྲོག་གཏམ་མི་བཤད་པ། འགུལ་སྐྱོད་ཡོད་ཚད་བཀོད་དོམས་དང་བསྟུན་ནས། རིམས་འགོག་གི་ལས་རྐང་དང་པོའི་ལྟ་སྲུང་མཁན་དང་རིམས་འགོག་གི་ཚན་རིག་ཁྱབ་གདལ་མཁན། ཁ་ཐུམ་རྒྱག་པ་དང་ལག་པ་བཀྲུ་བའི་དཔེ་སྟོན་མཁན་བཅས་བྱས། ཁོའི་ཕུན་སུམ་ཚོགས་པའི་ཉམས་མྱོང་དང་གཟབ་ནན་གྱི་བྱ་བ། ནན་ཏན་གྱི་རྣམ་འགྱུར། མཐའ་འཁྱོངས་ཀྱི་ཞབས་ཞུ་སོགས་བསྟན་སྐྱོང་གི་བྱ་བ་རེ་རེ་ནི་ཞིབ་བཤེར་ས་ཚིགས་དེའི་ལས་བྱེད་མི་སྣ་ཡོངས་ཀྱི་མིག་དཔེ་རུ་གྱུར་ཡོད་ཅིང་། ཀུན་གྱིས་ཁོ་ལ་བརྩི་བཀུར་བྱེད་པར་མ་ཟད་དེ་བཞིན་དུ་ཁོའི་བཀོད་འདོམས་ལ་ཉན་གྱི་ཡོད་པ་རེད།

“ང་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན།ཏང་ཡོན་གྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་དགོས། ང་ཚོ་སྤྱིར་བཏང་བ་ཞིག་ཡིན་ཡང་ང་ཚོས་སྤྱིར་བཏང་དང་ལེན་མི་བྱེད། ”ཟེར།  དེ་ལྟར་བསྟན་སྐྱོང་གིས་ན་གཞོན་བློ་མཐུན་རྣམས་ལ་སྔོན་ཐོན་དཔེ་སྟོན་གྱི་ནུས་པ་ཡང་དང་ཡང་དུ་འདོན་སྤེལ་བྱས།བསྟན་སྐྱོང་གི་སྣེ་ཁྲིད་འོག་ཏུ་རིམས་ནད་ཞིབ་བཤེར་ས་ཚིགས་ཀྱི་ལས་བྱེད་མི་སྣ་ཡོངས་ལ་སེམས་ཤུགས་དང་ཡིད་ཆེས་ཀྱིས་ཁེངས་འདུག

ཁོ་ཚོས་གནས་སྐབས་ཀྱི་ཏང་ཀྲི་པུའུ་འཛུགས་གྲབས་བྱེད་པའི་སྐབས་སུ་ཚང་མས་མཐའ་གཅིག་ཏུ་བསྟན་སྐྱོང་ཏང་ཀྲི་པུའུ་ཧྲུའུ་ཅི་ལ་བདམས། ཏང་ཀྲི་པུའུ་ཧྲུའུ་ཅི་ཡི་འགན་ཁུར་རྗེས་སུ་ཁོས་དུས་དང་རྣམ་པ་ཀུན་ཏུ་གཞན་གྱི་སྔོན་ལ་བུད་དེ་དཔེ་སྟོན་གྱི་ནུས་པ་ཐོན་བཞིན་ཡོད། རིམས་ནད་འགོག་སྲུང་ས་ཚིགས་དེ་རུ་ལས་བྱེད་མི་སྣ་རྣམས་སྔ་མོ་དུས་ཚོད་བརྒྱད་ཀྱི་སྟེང་དུ་ལས་ཀར་ཞུགས་བཞིན་ཡོད་པ་དང་དགོང་མོ་ནམ་གུང་གི་དུས་ཚོད་གསུམ་གྱི་ཐོག་ནས་ངལ་གསོ་བཞིན་ཡོད་པས་ཉིན་རྒྱུན་ངལ་གསོ་བའི་དུས་ཡུན་དུས་ཚོད་ལྔ་ལས་མེད་ཅིང་།  མཚན་མོ་ད་དུང་སྐོར་རེས་ཀྱིས་ལས་གནས་སྲུང་ཡོད་པ་རེད། ཡིན་ནའང་ཁོ་ཚོས་སྙིང་རུས་ཆེར་སྐྱེད་ཀྱིས་རྒྱུན་འཁྱོངས་བྱེད་བཞིན་ཡོད་པ་རེད། གལ་སྲིད་གཉིད་ཐོན་ནས་བྱ་ཐབས་ཟད་པའི་སྐབས་སུ་རླངས་འཁོར་གྱི་ནང་དུ་གཉིད་ཅོག་ཙམ་རྒྱག་བཞིན་ཡོད་པ་རེད། རིམས་འགོག་ས་ཚིགས་སུ་བཟའ་ཆས་གཡོས་སྦྱོར་བྱེད་ས་ཡོད་ཀྱང་ཁོ་ཚོར་ཐུན་གཅིག་ལའང་ཟ་མ་ཡག་པོ་ཞིག་ཟ་ལོང་ཡོད་པ་མ་རེད། རྒྱུ་མཚན་ནི་ཟ་མ་ཟ་བའི་སྐབས་སུ་ཕར་འགྲོ་ཚུར་ཡོང་གི་རླངས་འཁོར་ཐོན་ཚེ་ཁོ་ཚོ་མྱུར་དུ་ཐོ་འགོད་དང་ལུས་དྲོད་ཞིབ་བཤེར་བྱེད་པ་སོགས་ཀྱི་བྱ་བའི་ཁྲོད་ཞུགས་དགོས། ད་ལྟ་བསྟན་སྐྱོང་དང་ཁོས་བློ་མཐུན་རྣམས་ཀྱིས་ཆ་རྐྱེན་ཐབས་ཆག་པའི་རིམས་འགོག་ཞིབ་བཤེར་ས་ཚིགས་དེ་རུ་ཉིན་མཚན་མང་པོ་ཞིག་དཀའ་སྤྱད་འབད་འཐབ་ཀྱིས་བསྐྱལ་ཟིན།  དུས་ཚོད་འདི་དག་གི་རིང་ལ་ཁོ་ཚོའི་སེམས་ལྷོད་ལ་བབས་ནས་གཉིད་ཐུན་སྐྱིད་པོ་ཐེངས་གཅིག་ཀྱང་ལོག་མ་མྱོང་ལ་སེམས་བདེ་མོས་ཟས་ཐུན་གཅིག་ཀྱང་ཟོས་མ་མྱོང་ནའང་། ད་དུང་ཁོ་ཚོས་དེ་ནི་རང་ཉིད་ཀྱི་གཟི་བརྗིད་ཅིག་ཏུ་བརྩི་བཞིན་ཡོད་པ་རེད།

                                                                      ལོ་ཙཱ་བ། གཡང་འབུམ་རྒྱལ།