འབྲོག་པ་མང་ཚོགས་ཀྱི་བདེ་ཐང་གི་སོ་སྲུང་བ་ཡག་པོ་ཞིག་བྱེད་དགོས།
2020.02.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 49

——མཚོ་སྔོན་འབྲོག་ཁུལ་དུ་བོད་རྒྱ་སྐད་གཉིས་ཀྱིས་མང་ཚོགས་ལ་ཚན་རིག་དང་མཐུན་པའི་རིམས་འགོག་ཤེས་བྱ་ཁྱབ་སྒྲོག་བྱེད་པའི་མཐོང་ཐོས།

“ཏོག་དབྱིབས་ནད་དུག་ལ་སྐྲག་དགོས་དོན་མེད། སྔོན་འགོག་ཚོད་འཛིན་གྱི་བཀོད་སྒྲིག་ཞིབ་ཚགས་བྱས་ནས། ཕྱི་ཕྱོགས་སུ་འགྲོ་སྐབས་ཁ་ཐུམ་ལེན་མི་རུང་བ་དང་། དོན་དག་ཡོད་མེད་གང་རུང་གི་སྐབས་སུ་ལག་པ་གཙང་འཁྲུད་བྱེད་དགོས།”ཞེས་དངུལ་མདོག་གི་རླངས་འཁོར་ཞིག་གིས་ཁ་བས་གཡོགས་པའི་མཐོ་སྒང་གི་གྲོང་རྡལ་ཆུང་ངུ་དེ་རུ་དལ་གྱིས་བསྐྱོད་བཞིན། བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་དེ་ལྟར་རེས་མོས་སུ་བསྒྲགས་པའི་སྒྲ་དེ་གྲོང་རྡལ་ཆུང་ངུ་དེའི་སྲང་ལམ་དང་མཁའ་དབྱིངས་ཀུན་ཏུ་ཁྱབ་འདུག

མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧི་ནན་སོག་རིགས་རང་སྐྱོང་རྫོང་གི་ཆ་སྙོམས་ཀྱི་ས་བབ་མཐོ་ཚད་རྨིད3600ཟིན་པ་དང་།  ཏོག་དབྱིབས་གློ་ཚད་ཀྱི་རིམས་ནད་གསར་པ་ཐོན་པ་ནས་བཟུང་མི་དམངས་མང་ཚོགས་ཀྱི་ལུས་པོའི་བདེ་ཐང་ལ་འགན་ལེན་བྱེད་པ་དང་དུས་ཐོག་ཏུ་སེམས་ཁྲལ་སེལ་བ། སྤྱི་ཚོགས་ཀྱི་དོ་ཁུར་ལ་ཨ་ལན་སློག་པ་བཅས་ཀྱི་ཆེད་དུ།  ས་གནས་དེ་གའི་སྲིད་གཞུང་གིས་མྱུར་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུའི་གྲོས་གཞི་ཡི་གེ་བཏོན་ཏེ་དྲན་སྐུལ་བྱས།

“ཟླ་1ཚེས་28ཉིན་ནས་བཟུང་། ང་ཚོ་དང་བླངས་པ་15ཡིས་ཉིན་ལྟར་ཆུ་ཚོད་4ཡི་རིང་ལ་ཁྲོམ་སྲང་དུ་བོད་རྒྱ་སྐད་གཉིས་ཀྱི་ཆེད་དོན་སྤྱི་ཕན་དྲིལ་སྒྲོག་བྱེད་ཞོར། མིག་སྔའི་བར་མང་ཚོགས་རྣམས་ལ་ཐེངས་གཅིག་རང་བཞིན་གྱི་སྨན་སྤྱོད་ཁ་ཐུམ་6500ལྷག་ཙམ་རིན་མེད་ངང་བྱིན་པར་མ་ཟད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་རིག་ཤེས་བྱ་ཁྱབ་གདལ་བྱེད་པའི་དྲིལ་སྒྲོག་ལག་དེབ་ཁྲི་2ལྷག་ཙམ་བྱིན།”ཞེས་ཧི་ནན་སོག་རིགས་རང་སྐྱོང་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་ལས་བྱེད་པ་ཚེ་རིང་མགོན་པོས་བཤད།

གྲོང་རྡལ་གྱི་སྔོ་ཚལ་ཚོང་ཁང་དང་སྨན་རྫས་ཚོང་ཁང་ནས་རྩྭ་ཐང་གི་འབྲོག་ཁྱིམ་བར་དུ། ཚན་རིག་དང་མཐུན་པའི་རིམས་ནད་འགོག་སྲུང་ཤེས་བྱ་རྒྱུན་ཆད་མེད་པར་བརྒྱུད་སྤེལ་བྱེད་བཞིན་ཡོད། “རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་གི‘སོ་སྲུང་བ’ཡག་པོ་ཞིག་བྱེད་རྒྱུ་ནི་ང་ཚོའི་འགན་འཁྲི་གལ་ཆེན་ཡིན། ”ཞེས་ཚེ་རིང་མགོན་པོས་བཤད།  ཁོས་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་དེ་བས་གོ་བདེ་བ་དང་ཤེས་སླ་བོ་ཡོང་ཆེད། ཧི་ནན་སོག་རིགས་རང་སྐྱོང་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ས་གནས་དེ་གའི་ཡུལ་སྐད་ཀྱི་ཁྱད་ཆོས་དང་འཚོ་བའི་ཁྲོད་ཀྱི་ཐ་སྙད་དང་ཟུང་འབྲེལ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་སྐོར་གྱི་རིམ་པ་གསུམ་ཅན་གྱི་རྒྱུན་སྤྱོད་ཤེས་བྱ་གསར་སྐྲུན་བྱས་ཟེར།

ལོ་ན་56ལ་སླེབས་པའི་གདུགས་དཀར་རྒྱལ་ནི་ཧི་ནན་སོག་རིགས་རང་སྐྱོང་རྫོང་དབྱིག་རྒན་ཉིན་གྲོང་རྡལ་གྱི་མི་ཡིན་པ་དང་། ཁོས་ཉིན་ལྟར་དུས་ཐོག་ཏུ་ཨ་མདོའི་བརྙན་འཕྲིན་གྱི་བོད་སྐད་གསར་འགྱུར་ལ་བལྟ་རྒྱུ་དེ་ཁོའི་འཚོ་བའི་གོམས་གཤིས་ཤིག་ཏུ་གྱུར་ཡོད། བརྙན་འཕྲིན་ནང་གི་གསར་འགྱུར་བཤད་མཁན་གྱིས་བོད་སྐད་ཀྱི་ལམ་ནས་ཐེངས་གཅིག་རང་བཞིན་གྱི་སྨན་སྤྱོད་ཁ་ཐུམ་རྒྱག་སྟངས་དང་ཡང་དག་པའི་ལག་པ་བཀྲུ་སྟངས་སོགས་ཀྱི་བདེ་ཐང་ཐད་ཀྱི་ཤེས་བྱ་ངོ་སྤྲོད་བྱེད་བཞིན་ཡོད་པ་རེད།

                                                                     ལོ་ཙཱ་བ། གཡང་འབུམ་རྒྱལ།