མཚོ་ནུབ་ཁུལ་གྱི་དཔལ་ཡོན་སྡེ་བ་དང་གྲོང་རྡལ་གྱིས་རིམས་ནད་འགོག་སྲུང་བྱེད་པར་ནུས་ཤུགས་བཏོན།
2020.02.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

 ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྲུང་བྱ་བ་སྤེལ་བའི་ཚུན་ལ། མཚོ་ནུབ་ཁུལ་གྱི་ཁུལ་རིམ་པ་ཡན་གྱི་དཔལ་ཡོན་སྡེ་བ་དང་གྲོང་རྡལ་ཉེར་ལྔ་ཡིས་རིམས་ནད་འགོག་སྲུང་ནི་གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་དང་། ཞང་སྲོལ་དཔལ་ཡོན་ལ་སྐུལ་འདེད། འཚོ་སྡོད་ཁོར་ཡུག་ལེགས་བཅོས། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་སོགས་ཀྱི་བྱ་བ་དང་ཟུང་འབྲེལ་བྱས་ཏེ། མཉམ་འགོག་མཉམ་སྲུང་གི་སྲུང་རགས་ནན་མོ་བཙུགས།

ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་དཔལ་ཡོན་སྡེ་བ་དང་གྲོང་རྡལ་གྱིས་རིམས་ནད་འགོག་སྲུང་བྱ་བ་དེ་མིག་སྔའི་ཆེས་གལ་ཆེ་ཞིང་ཆེས་དགོས་གཏུག་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིསཤིང་། སྡེ་བའི་ཏང་ཀྲི་པུའུ་ཡི་སྣེ་ཁྲིད་ནུས་པ་དེ་རིམས་ནད་འགོག་སྲུང་གི་གོ་རིམ་ཡོངས་སུ་ཁྱབ་པར་བྱས་ཏེ། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་བ་དང་། ཧུར་ཐག་གིས་ཏང་ཡོན་དང་བླངས་པའི་ཞབས་ཞུ་རུ་ཁག་རྩ་འཛུགས་བྱས་ཏེ་ཁྱིམ་ཚང་རེ་རེར་སོང་ནས་ཐོ་འགོད་བྱས་པའི་དུས་མཚུངས་སུ། དྲིལ་སྒྲོག་བྱེད་སྟངས་སྣ་ཚོགས་བརྒྱུད་དེ་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་རང་འགུལ་སྒོས་རིམས་ནད་འགོག་སྲུང་ཁྲོད་ཞུགས་པར་ཁྲིད་སྟོན་བྱས་ནས། འགོག་སྲུང་གི་འདུ་ཤེས་དང་ནུས་པ་སྔར་ལས་ཇེ་དྲག་ཏུ་བཏང་། དཔལ་ཡོན་སྡེ་བ་དང་གྲོང་རྡལ་སོ་སོས་ཉིན་རེ་རེར་སྒྲ་དུང་སྤྱད་ནས་རིམས་འགོག་ཤེས་བྱ་དྲིལ་བསྒྲགས་བྱས་པ་དང་། ཏང་དང་སྲིད་གཞུང་གི་རིམས་ནད་འགོག་སྲུང་གི་དགོངས་དོན་མང་ཚོགས་ཀྱི་རྣ་ལམ་དུ་བསྒྲགས།

རིམ་པ་སོ་སོའི་དཔལ་ཡོན་སྡེ་བ་དང་གྲོང་རྡལ་གྱིས་ལོ་སར་སྐབས་དུ་རོང་འབྲོག་ས་ཆར་སྟོན་མོ་མང་བ་དང་འཁྲབ་སྟོན་སོགས་རིག་གནས་བྱ་འགུལ་མང་བའི་དོན་དངོས་དེར་དམིགས་ནས། གཉེན་སྟོན་དང་འདས་མཆོད། གསོལ་སྟོན་སོགས་བྱ་འགུལ་སྣ་ཚོགས་ཚོད་འཛིན་ནན་མོ་བྱས། ཁྱོན་ཡོངས་ནས་ཁོར་ཡུག་གི་གཙང་སྦྲ་དམ་འཛིན་བྱས་ཏེ། ཁང་བའི་ལྟག་རྒྱབ་དང་ལྷས་ར་སོགས་ལ་གཙང་དག་བྱས་པར་མ་ཟད། སྡེ་བའི་སྨན་པ་དང་རིམས་འགོག་མི་སྣས་མི་མང་འདུ་ས་དང་སྡེ་བ་རིམ་པའི་སྤོར་མངག་བྱེད་ས། ལྟ་རྟོག་བྱེད་ས་བཅས་ཀྱི་ཕྱི་ནང་ཀུན་ལ་དུས་བཅད་ལྟར་དུག་སེལ་བྱས་ཤིང་། སྡེ་བའི་ཁོར་ཡུག་ལ་གཙང་སྦྲ་ལེགས་པོ་བྱས་པ་དང་ཁྲོམ་ལམ་གྱི་རླངས་འཁོར་གང་འདོད་དུ་འཇོག་པ་སོགས་ཀྱི་སྣང་ཚུལ་ལེགས་སྒྲིག་བྱེད་པའི་བྱ་བ་ལེགས་པོར་སྒྲུབ་པའི་དུས་མཚུངས་སུ།   མངའ་ཁོངས་ཀྱི་བཅའ་སྡོད་ཁེ་ལས་ཀྱིས་མི་འགྱངས་བར་ལས་མི་རྩ་འཛུགས་བྱས་ཏེ་ལས་ཀ་སླར་གསོ་བྱེད་པ་ལས་རིམས་ནད་འགོག་སྲུང་ཐད་ཉེན་ཁ་གསར་བ་འཁྱེར་ཡོང་བའི་གནས་ཚུལ་ལ་དམིགས་ཏེ། དཔལ་ཡོན་སྡེ་བ་དང་ཞང་གྲོང་སོ་སོས་ཁེ་ལས་དང་འབྲེལ་མཐུད་ལེགས་པོ་བྱས་ནས། ཁེ་ལས་ཀྱིས་ཕྱིར་ལོག་པའི་ལས་མི་རྣམས་རྩ་འཛུགས་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་རིམས་འགོག་སྡེ་ཁག་གི་མཛུབ་སྟོན་ལྟར། ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པ། བདེ་འཇགས་བཅས་ཀྱི་སྒོ་ནས་ལས་རྐང་དུ་ཞུགས་ཏེ། མི་སྣ་ཕན་ཚུན་བར་ནད་དུག་མི་འགོ་བ་བྱེད་དགོས་པའི་བླང་བྱ་བཏོན།

རིམས་ནད་འགོག་སྲུང་བྱ་བ་ལེགས་པོར་སྒྲུབ་པའི་དུས་མཚུངས་སུ། རིམ་པ་སོ་སོའི་དཔལ་ཡོན་སྡེ་བ་དང་གྲོང་རྡལ་གྱིས་ཧུར་ཐག་གིས་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་བྱས། ཏུའུ་ལན་རྫོང་གི་ཁུལ་རིམ་པའི་དཔལ་ཡོན་གྲོང་རྡལ་ཤར་ཝ་གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པ་དང་རིགས་སོ་སོའི་མང་ཚོགས་ཀྱིས་ཧུར་ཐག་གིས་རོགས་སྐྱོར་གྱི་ལག་ཟུང་རིང་དུ་བསྐྱངས་ཏེ། ལང་ལོང་སྒོས་སྒོར་མོ་དང་དངོས་རྫས་ཞལ་འདེབས་སུ་ཕུལ་བ་དང་། གཅེས་སེམས་དྲོན་མོས་རིམས་ནད་འགོག་སྲུང་ཐད་ལ་རང་ཉིད་ཀྱི་སྟོབས་ཤུགས་ཕུལ་ཞིང་། རིམས་ནད་འགོག་སྲུང་གི་འགོག་རྒོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པར་སྒུལ་ཤུགས་ཆེན་པོ་བསྩལ། མིག་སྔའི་བར་དུ་ཤར་ཝ་གྲོང་རྡལ་གྱི་སྡེ་བ་སོ་སོའི་སྤོར་མངག་བྱེད་སར་རིམ་བསགས་ཀྱིས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་ཞལ་འདེབས་མ་ དངུལ་བསྡོམས་པས་སྒོར་ཁྲི་གཅིག་དང་སྟོང་ལྔ་ལྷག་འབྱོར་བ་དང་།  སྐོམ་ཆུ་དང་ཟས་རིགས་སྣ་ཚོགས་སྒམ་བརྒྱ་ལྷག་དང་ཁ་ཐུམ་ཁུག་མ་གཉིས་བཅས་འབྱོར་ཡོད། གཏེར་ལེན་ཁ་གྲོང་ཁྱེར་ཁི་ལུའུ་ཁི་གྲོང་རྡལ་གྱི་སྡེ་མི་གསུམ་གྱིས་རང་འགུལ་སྒོས་རྡོ་སྲོལ་ཁུག་མ་བརྒྱ་དང་ཉི་ཤུ་ཉོས་ཏེ། ཁི་ལུའུ་ཁི་གྲོང་རྡལ་དང་ཧེ་ཐིག་ཐ་ལ་གྲོང་རྡལ་གྱི་རིམས་ནད་འགོག་སྲུང་སོ་སྲུང་བྱེད་སར་བསྐྱལ་ནས། ལས་ཡུལ་དང་པོའི་ལས་རེས་མི་སྣར་སྤྱི་ཚོགས་ཀྱི་དྲོད་ཁོལ་སྦྱིན་ཞིང་། ཐེངས་འདིའི་རིམས་ནད་འགོག་སྲུང་གི་འགོག་རྒོལ་འཐབ་འཛིང་ལ་རྒྱལ་ཁ་ལེན་པར་རམ་འདེགས་བྱས།

ལོ་ཙཱ། སྒྲོལ་མ་སྐྱིད།