རྐང་ཚ་རྫོང་གི་བུད་མེད་རྣམས་ཀྱིས་རིམས་ནད་འགོག་སྲུང་བྱེད་པར་རང་ཉིད་ཀྱི་སྟོབས་ཤུགས་ཕུལ།
2020.02.11 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 27

 གློ་བུར་དུ་བྱུང་བའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ནི་རང་རྒྱལ་མི་དམངས་ཀྱི་མདུན་དུ་ལྷགས་པའི་ཉམས་སད་ཆེན་པོ་ཞིག་ཡིན་ཞིང་། ཐེངས་འདིའི་ཉམས་སད་ཆེན་པོའི་ཁྲོད། རྐང་ཚ་རྫོང་གི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་རིགས་སོ་སོའི་བུད་མེད་རྣམས་ཀྱི་སྣེ་ཁྲིད་དེ་དཔའ་ངར་ཆེན་པོ་དང་བློ་སེམས་གཅིག་སྒྲིལ། དཀའ་ངལ་མཉམ་སེལ་བཅས་ཀྱི་སྒོ་ནས་ཐེངས་འདིའི་རིམས་ནད་འགོག་སྲུང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ཐོབ་པར་བརྩོན་ལེན་བྱས།

ཆབ་སྲིད་ཀྱི་ལངས་གནས་ཁྲོད་དུ་རང་ཉིད་ཀྱི་ནུས་པ་འདོན་སྤེལ་བྱས། རིམས་ནད་བྱུང་རྗེས། རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་དུས་ཚོད་དང་པོའི་ནང་སྐད་འཕྲིན་བྱ་བའི་སྤྱི་སྟེགས་སོགས་བརྒྱུད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིམས་ནད་འགོག་སྲུང་གི་འགོག་རྒོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་པའི་སྐོར་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་བཅས་ལ་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་པར་མ་ཟད། སྐད་འཕྲིན་སྤྱི་སྟེགས་དང་བྱ་བའི་སྤྱི་སྟེགས་བེད་སྤྱད་དེ་དུས་ཐོག་ཏུ《རྫོང་ཡོངས་ཀྱི་རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་ལ་བསྐུར་བའི་འཕྲིན་ཡིག་ཅིག》དང《རིམས་ནད་འགོག་སྲུང་བྱ་བའི་ཁྲོད་བུད་མེད་རྩ་འཛུགས་ཀྱི་དམིགས་བསལ་གྱི་ནུས་པ་འདོན་སྤེལ་ལེགས་པོ་བྱེད་པའི་སྐོར་གྱི་བརྡ་ཐོ》། དེ་མིན་འགོག་སྲུང་གི་དྲིལ་སྒྲོག་ཡིག་རིགས་སྣ་ཚོགས་འགྲེམ་སྤེལ་བྱས་ཤིང་། རྒྱ་ཆེའི་བུད་མེད་རྣམས་ཀྱིས་གྲོགས་ཚོམས་ནས་ཡོངས་ཁྱབ་ཏུ་བརྒྱུད་སྤེལ་བྱེད་པར་གྲོས་གཞི་བཏོན་པ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་ཚན་རིག་ལྟར་སྔོན་འགོག་དང་ཡང་དག་པའི་སྒོ་ནས་ཁ་གཏད་གཅོག་པ། དངངས་སྐྲག་མི་སྐྱེ་བ། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་བྱེད་པར་ཁྲིད་སྟོན་བྱས།

རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྲོད་ནུས་པ་ལེགས་པོ་འདོན་སྤེལ་བྱས། སྡེ་བ་དང་སྡོད་ཁུལ་གྱི་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱིས་ཧུར་ཐག་གིས་ཏང་ཨུ་དང་སྲིད་གཞུང་གི་འབོད་སྐུལ་དང་དུ་བླངས་ཏེ། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་བྱེད་པས་རང་འགུལ་ངང་རང་སྡེ་བ་དང་སྡོད་ཁུལ་གྱི་རིམས་ནད་འགོག་སྲུང་བྱ་བའི་ཁྲོད་ཞུགས་པ་དང་། སྡེ་བ་སོ་སོ་དང་སྡོད་ཁུལ་ཆུང་བ་སོ་སོའི་ཐོ་འགོད་བྱེད་ས་ནས་མཉམ་འགོག་ལས་རེས་དང་ཆ་འཕྲིན་ཐོ་འགོད། ཚ་གྲངས་ལ་བརྟག་པ། རླངས་འཁོར་ལ་དུག་སེལ། མཁོ་སྒྲུབ་འགན་སྲུང་སོགས་ཀྱི་བྱ་བ་སྤེལ་བ་དང་། སྒོ་སྲུང་སོ་སྲུང་དམ་འཛིན་བྱས་ཏེ་མངའ་ཁོངས་ཀྱི་མི་སྣའི་བདེ་ཐང་གནས་ཚུལ་ལ་རྩད་ཞིབ་བྱས་པར་མ་ཟད། ཁྱིམ་ཚང་རེ་རེ་བཞིན་དུ་དྲིལ་སྒྲོག་བྱ་བ་སྤེལ་ཏེ། མང་ཚོགས་ཀྱིས་བདེ་ཐང་སྲུང་སྐྱོབ་དང་འགོག་སྲུང་གི་ནུས་པ་ཇེ་དྲག་ཏུ་གཏོང་བར་ཁྲིད་སྟོན་བྱས།

དཔེ་སྟོན་ལེགས་པོ་བྱེད་པའི་ཁྲོད་ནས་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱས། རྫོང་ཡོངས་ཀྱི་རིགས་སོ་སོའི་བུད་མེད་རྣམས་ཀྱིས་བུད་མེད་མཉམ་འབྲེལ་རྩ་འཛུགས་ཀྱི་ཁྲིད་སྟོན་འོག   ཧུར་ཐག་གིས་རྐང་ཚ་རྫོང་གི་རིམས་ནད་འགོག་སྲུང་བྱ་བའི་ཁྲོད་ཞུགས་པ་དང་། ཁྱིམ་ཚང་གི་འགོག་སྲུང་ཁྲོད་དུ་སློབ་གསོ་གཏོང་མཁན་དང་ལྟ་སྲུང་པ་བྱས་ཏེ། རང་ཁྱིམ་ལ་གཙང་སྦྲ་ལེགས་པོ་བྱེད་པ་དང་། ཁང་བའི་ནང་མཁའ་དབུགས་གསར་བ་རྒྱུ་བར་བྱེད་པ། བཟའ་བཏུང་གི་བདེ་འཇགས་ལ་ཁག་ཐེག་བྱས།  ཁྱིམ་མིར་ལག་པ་གཙང་མར་བཀྲུས་ཏེ་འཕྲོད་བསྟེན་གཙང་སྦྲའི་གོམས་གཤིས་བཟང་བོ་ཆགས་པར་བྱེད་པ་དང་། ཕྱི་རོལ་དུ་མི་འགྲོ་བ་དང་། སྒོ་ཕྱིར་བུད་ཚེ་ཁ་ཐུམ་རྒྱག་པ། ཁྱིམ་མི་ལྷན་འཛོམས་དང་ཁྱིམ་ཚང་གཞན་པར་འགྲོ་བར་བཀག་འགོག་བྱེད་པ། ཁྱིམ་མིར་ཆམ་ནད་ཕོག་པ་དང་ཚ་རྒྱས་པ་སོགས་ཀྱི་སྣང་ཚུལ་བྱུང་ཚེ་རང་འགུལ་ངང་ཡར་ཞུ་བྱེད་པ་བཅས་བྱས་ཏེ། རང་ཁྱིམ་ལྟ་སྲུང་དང་རང་མི་དོ་དམ་ལེགས་པོ་བྱས།

དེ་དང་ཆབས་ཅིག  ལས་ཡུལ་དང་པོར་ཡོད་པའི་བུད་མེད་སྨན་བཅོས་མི་སྣ་དང་བུད་མེད་མི་དམངས་ཉེན་རྟོག་པས་ལང་ལོང་སྒོས་འཐབ་འཛིང་ལ་ཞུགས་པའི་རེ་འདུན་ཞུ་ཡིག་ཕུལ་ནས། འགན་འཁྲི་ཕྲག་ཏུ་བླངས་བ་དང་ནད་དུག་ལ་མི་སྐྲག་པར་དུས་ཚོད་ཉེར་བཞིར་ལས་རྐང་བརྟན་སྲུང་བྱས། ལས་ཁུངས་སོ་སོའི་བུད་མེད་དང་ཞང་གྲོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡང་གུང་གསེང་བསྐྱུར་ནས། མྱུར་དུ་ལང་རྐང་དུ་ཞུགས། རྫོང་ཡོངས་ཀྱི་བུད་མེད་དང་ཁྱིམ་ཚང་གིས་མཉམ་དུ་བྱ་སྤྱོད་བསླངས་ཏེ། བུའུ་ཧན་གྱི་ཆེད་དུ་འབད་བརྩོན་དང་མཚོ་སྔོན་གྱི་ཆེད་དུ་འབད་བརྩོན། ཀྲུང་གོའི་ཆེད་དུ་འབད་བརྩོན་བཅས་བྱས། ཡིད་ཆེས་བརྟན་པོ་དང་མཉམ་འགོག་མཉམ་སྲུང་བྱས་ཏེ། རིམས་ནད་ཀྱི་ཉམས་སད་ཆེན་པོའི་ཁྲོད་བུད་མེད་ཀྱི་བྱས་རྗེས་བཞག

ལོ་ཙཱ། སྒྲོལ་མ་སྐྱིད།