ཞིང་ཆེན་ཡོངས་ཀྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཀྱི་སྟོབས་ཤུགས་རྩ་འཛུགས་བྱས་ནས་རིམས་ནད་འགོག་སྲུང་ཁྲོད་ཧུར་ཐག་གིས་ཞུགས།
2020.02.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

 བསྟུད་མར་ཉིན་ཤས་རིང་ལ་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཁྲོད་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་པ་དང་། རྒྱ་ཆེའི་བུད་མེད་རྣམས་ཧུར་ཐག་གིས་རྩ་འཛུགས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ནང་ཞུགས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པར་བུད་མེད་ཀྱི་འགན་འཁྲི་འཁུར་བ་དང་བུད་མེད་ཀྱི་སྟོབས་ཤུགས་ཕུལ།

ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་བྱུང་བའི་ཚུན་ལ། ས་གནས་ཁག་གི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འབོད་སྐུལ་དང་དུ་བླངས་ནས། དུས་ཐོག་ཏུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་ཧུར་ཐག་སྤེལ་བ་རེད། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གང་མགྱོགས་སྒོས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་དང་། རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་བཅས་ལ་གྲོས་གཞི་བཏོན་ནས་རྒྱ་ཆེའི་བུད་མེད་དང་ཁྱིམ་ཚང་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད་ཧུར་ཐག་གིས་ཞུགས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པར་བུད་མེད་ཀྱི་སྟོབས་ཤུགས་འབུལ་དགོས་པའི་འབོད་སྐུལ་བཏང་།

རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཤུགས་ཆེན་པོས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྲུང་གི་ཤེས་བྱ་ཡོངས་ཁྱབ་ཏུ་དྲིལ་སྒྲོག་བྱས་པའི་རྨང་གཞིའི་ཐོག་བྱེད་ཐབས་གསར་གཏོད་བྱས་ཏེ། གོ་བདེ་ཤེས་སླ་དང་བརྒྱུད་སྤེལ་བྱེད་སླ་བའི་རྣམ་པའི་ཐོག་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཁྱབ་གདལ་བཏང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ།  སྐད་འཕྲིན་སྤྱི་སྟེགས་བརྒྱུད་ནས་རྒྱ་ཆེའི་མང་ཚོགས་ལ《ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་བོད་སྐད་དྲིལ་སྒྲོག་པར་གཞི》འགྲེམ་སྤེལ་བྱས་ཏེ། བོད་རིགས་མང་ཚོགས་ལ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྲུང་ཤེས་བྱ་དྲིལ་སྒྲོག་བྱས། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་བུའུ་ལན་རྫོང་གིས་ལས་བྱེད་པ་དང་ལས་བཟོ་བ་རྩ་འཛུགས་བྱས་ཏེ། དྲ་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱའི་ཆེད་དོན་དྲི་བར་ལན་བཏབ་པས་ལས་བྱེད་ལས་བཟོ་བའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་དང་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་རྒྱུས་ལོན་བྱུང་ཚད་ཇེ་མཐོར་སོང་། ཟི་ལིང་གྲོང་ཁྱེར་གྱི་བུད་མེད་ལག་ཤེས་བཟོ་རྩལ་པ་ཧྥང་ཡུས་ཧུང་གིས་ཡན་ཤོག་རི་མོའི་སྒྱུ་རྩལ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཟུང་འབྲེལ་བྱས་ཏེ། གློ་ཚད་ཀྱི་རིམས་ནད་གསར་པ་སྔོན་འགོག་ཚོད་འཛིན་གྱི་དྲིལ་སྒྲོག་རི་མོ་རབ་དང་རིམ་པ་བཟོས་ཏེ། མི་རྣམས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་ཁྱབ་སྤེལ་བྱས་ཏེ་ཚང་མས་རང་ཉིད་འགོག་སྲུང་ཡག་པོ་བྱེད་དགོས་པའི་འབོད་སྐུལ་བཏང་།

རིམས་འགོག་བྱ་བ་སྤེལ་བའི་ཚུན་ལ། མི་རིགས་ཁག་གི་བུད་མེད་རྣམས་ཀྱིས་འབོད་སྐུལ་དང་ལེན་བྱས་ནས་ཧུར་ཐག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལེགས་པོར་སྤེལ། ཧུའུ་པེའི་ས་ཁུལ་ལ་རོགས་སྐྱོར་བྱེད་མཁན་སྨན་བཅོས་རུ་ཁག་གཉིས་པའི་ནང་མཚོ་ཤར་གྲོང་ཁྱེར་ཞུང་ཧྭ་རྫོང་མི་དམངས་སྨན་ཁང་གིས་མངགས་གཏོང་བྱས་པའི་བུད་མེད་སྨན་བཅོས་མི་སྣ10ལས་གྲུབ་པའི་སྨན་བཅོས་རུ་ཁག་ནང་ཧུའེ་རིགས4དང་ཟ་ལར་རིགས་ཀྱི་སྨན་བཅོས་མི་སྣ་4ཡོད་ལ། ཁོ་ཚོས་དཀའ་ངལ་ཁྱད་བསད་དང་། རང་འགུལ་ངང་རེ་འདུན་ཞུ་བ། རང་མོས་ངང་མིང་ཐོ་འགོད་པ་བཅས་བྱས་ཏེ། བྱ་སྤྱོད་ངོ་མའི་ཐོག་ནས་མཚོ་སྔོན་གྱི་དཔའ་མོ་ཚོའི་མི་རིགས་ཀྱི་བརྩེ་སེམས་མཚོན་པར་བྱས་།

རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་འགན་ནུས་ལ་གཞི་ཚུགས་པ་དང་ལེགས་ཆ་འདོན་སྤེལ་བྱས་ཏེ། ཧུར་ཐག་གིས་གཅེས་སེམས་ཁེ་ལས་དང་འབྲེལ་གཏུག་བྱས་ཏེ་ཞལ་འདེབས་མ་དངུལ་གྲབས་གསོག་བྱེད་རྒྱུའི་གྲོས་གཞི་བཏོན།  མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ན་གོར་མོ་གྲོང་ཁྱེར་ཧའོ་ཡོན་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ། བོད་ལྗོངས་ལམ་ཁྲོམ་གཞུང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བློ་མཐུན་ཞའོ་ཡན་གྱིས་འབོད་སྐུལ་དང་ལེན་བྱས་ནས་ན་གོར་མོ་གྲོང་ཁྱེར་རྒྱ་གྲམ་དམར་པོའི་ཚོགས་པར་རིམས་ནད་འགོག་སྲུང་རོགས་སྐྱོབ་མ་དངུལ་སྒོར་ཁྲི2ཞལ་འདེབས་ཕུལ་བ་མ་ཟད། ཅང་སུའུ་ཞིང་ཆེན་ནས་ཁ་ཐུམ་སྟོང་གཅིག་དང་བརྒྱད་བརྒྱ་གྲབས་གསོག་བྱས་ཏེ། གྲོང་ནུབ་ཁུལ་བོད་ལྗོངས་ལམ་ཁྲོམ་གཞུང་དོན་གཅོད་ཁྲུའུ་དང་མཚོ་བོད་ལམ་སྡེ་ཁུལ་གྱི་ལས་བྱེད་མི་སྣར་སྤྲད། ཟི་ལིང་གྲོང་ཁྱེར་བུད་མེད་ཁེ་ལས་མཁས་ཅན་མཐུན་ཚོགས་ཀྱིས་འབོད་སྐུལ་དང་ལེན་བྱས་ནས་རོགས་སྐྱོབ་མ་དངུལ་སྒོར་འབུམ་གཅིག་ལྷག་དང་འགོག་སྲུང་དངོས་པོ་ཞལ་འདེབས་ཕུལ་པ་རེད།

ལོ་ཙཱ། སྒྲོལ་མ་སྐྱིད།