འབྲི་ཆུའི་མགོ་ཁུངས་ཀྱི་ཉེན་རྟོག་པ་རྒན་པ་ཞིག་གི་གྲུབ་གཟུགས་ཡང་བསྐྱར་ལས་རྐང་དང་པོ་ནས་མངོན།
2020.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་གི་རིམས་འགོག་ཞིབ་བཤེར་ས་ཚིགས་སུ། དབུགས་རྔུབ་འཕྲུལ་ཆས་ལས་དབུགས་འབྱིན་རྔུབ་བྱེད་ཞོར་ལག་གཅིག་ཏུ་ཡིག་ཆ་ཞིག་བཟུང་བའི་ཉེན་རྟོག་པ་རྒན་གྲས་ཤིག་གིས་བྱ་བ་སྒྲུབ་བཞིན་པའི་སྣང་བརྙན་མཐོང་བྱུང་། དེ་ནི་སྐབས་དེར་མི་དམངས་ཉེན་རྟོག་པ་ཞིག་གིས་ལས་ཀ་སྒྲུབ་ཞོར་དུ་བླངས་པའི་པར་ཞིག་ཡིན་པ་དང་།  པར་དེ་ནི་སྐལ་བཟང་ཉི་མས་རྫ་སྟོད་རྫོང་རིམས་འགོག་ཞིབ་བཤེར་ས་ཚིགས་སུ་བསྟུད་མར་བྱ་བ་བསྒྲུབས་པའི་ཉིན་དགུ་བའི་རྣམ་པ་རེད།

མི་ངན་བདའ་འདེད་བྱེད་པའི་གོ་རིམ་ཁྲོད་དུ་ཁོ་ལ་རྨས་སྐྱོན་ཕོག་ནས་ཉིན་15རིང་སྨན་ཁང་དུ་མྱུར་སྐྱོབ་བྱས་ནའང་། ཁོའི་མཆིན་པ་དང་ཕོ་ཁར་གནོད་འཚེ་ཐེབས་ཡོད་པར་མ་ཟད་ད་དུང་ལུས་ཡོངས་སུ་རྨས་སྐྱོན་མང་པོ་ཡོད། ཡིན་ན་ཡང་སྐལ་བཟང་ཉི་མས་དེ་དག་ནི་མི་དམངས་ཉེན་རྟོག་པས་མི་དམངས་ལ་ཞབས་འདེགས་ཞུས་པའི་“གཟེངས་རྟགས”ཡིན་ཟེར།

ཉེན་རྟོག་པ་བྱས་ནས་ལོ་ངོ་25འགོར་བའི་སྐལ་བཟང་ཉི་མར་མཚོན་ན་དུས་དང་རྣམ་པ་ཀུན་དུ་བྱ་བ་ཅི་ཞིག་ཡིན་ཡང་རང་ཉིད་ཀྱིས་དངོས་སུ་བསྒྲུབ་རྒྱུ་དེ་གོམས་གཤིས་སུ་ཆགས་ཡོད་པ་རེད། ཐེངས་འདིར་ཏོག་དབྱིབས་གློ་ཚད་ཀྱི་རིམས་ནད་བྱུང་རྗེས། སྐལ་བཟང་ཉི་མས་བཤད་རྒྱུར། “ད་ཐེངས་ནི་ང་ལ་མཚོན་ནས་བཤད་ན་འདི་ནི་དམིགས་བསལ་གྱི་བྱ་བ་ཞིག་ཡིན། ཐེངས་འདིའི་རིམས་ནད་ནི་དོགས་ཡོད་ཉེས་ཅན་ཡིན་ལ་ང་རང་མི་དམངས་ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས་ཞིབ་བཤེར་ས་ཚིགས་ནི་ངའི་གྱོད་གཞི་སྒྲུབ་ཡུལ་ཡིན། འདི་རུ་ངས་ནད་དུག་དེ་རྫ་སྟོད་རྫོང་གི་མི་དམངས་མང་ཚོགས་དང་རྒྱང་ཐག་རིང་བའི་ཕྱི་རོལ་དུ་འགོག་པ་ལས་ངས་ཁོ་ལ་གོ་སྐབས་ཕྲན་ཙམ་ཡང་སྟེར་རྒྱུ་མིན”ཟེར། .

ས་རུབ་པ་དང་བསྟུན་ནས་ཞིབ་བཤེར་ས་ཚིགས་སུ་ཁ་བ་ཆེན་པོ་ལྷབ་ལྷུབ་ཏུ་བབས་བྱུང་། ལོ་ངོ་མང་པོའི་བྱ་བའི་གོམས་གཤིས་ལྟར་སྐལ་བཟང་ཉི་མར་གཞི་ནས་ཁོམ་ལོང་ཅུང་ཙམ་ཡང་མི་འདུག་སྟེ། ཁོས་ཐེངས་འདིའི་རིམས་ནད་ཞིབ་བཤེར་ས་ཚིགས་ཁག་གི་ལས་བྱེད་མི་སྣ་རྣམས་ཀྱིས་ཉིན་བཞིན་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཁ་ལོ་བ་སོགས་མི་མང་པོར་འབྲེལ་འདྲིས་བྱེད་བཞིན་ཡོད་པས་ཉེན་ཁ་ཤིན་ཏུ་ཆེ་བ་དང་། རིམས་འགོག་གི་བྱ་བ་དེ་ནི་གནད་འགག་གི་དུས་སུ་སླེབས་ཡོད་པ་གསལ་བོར་ཤེས།  དེ་བས་སྐལ་བཟང་ཉི་མས་མཚན་མོ་དེར་བྲེལ་མྱུར་ཚོགས་འདུ་བསྡུས་ནས་ཕྱོགས་སོ་སོར་ཧུར་ཐག་གིས་འབྲེལ་གཏུག་མཐུན་སྦྱོར་བྱས་ཏེ། གཡུལ་ས་དང་པོ་རུ་འབད་འཐབ་བྱེད་བཞིན་པའི་དམངས་རོགས་ཉེན་རྟོག་པ་ཚོར་འགོག་སྲུང་ཁ་ཐུམ་405དང་ཆང་བཅུད་ཤེལ་དམ་10 ལུས་དྲོད་འཇལ་ཆས་2 དུག་སེལ་གཤེར་ཁུ་ཤེལ་དམ་6བཅས་བྱིན་ནས། གཡུལ་ས་དང་པོ་ན་འབད་འཐབ་བྱེད་བཞིན་པའི་དམངས་རོགས་ཉེན་རྟོག་པ་རྣམས་ལ་སྟོབས་དང་ལྡན་པའི་རྒྱབ་ཕྱོགས་ཀྱི་མཁོ་སྒྲུབ་འདོན་སྤྲོད་བྱས།

དེ་དང་ཆབས་ཅིག་ཁོས་དམངས་རོགས་ཉེན་རྟོག་པ་རྣམས་ལ་ཉིན་བཞིན་ལུས་དྲོད་ཐེངས་2རེ་ཚད་འཇལ་བྱེད་དགོས་པ་དང་། ལས་རེས་གྲོལ་ནས་ཁྱིམ་དུ་ལོག་རྗེས་སུ་ཡང་བསྐྱར་ལུས་དྲོད་ཚད་འཇལ་བྱེད་དགོས་པར་མ་ཟད་དུས་ཐོག་ཏུ་གནས་ཚུལ་ཡར་ཞུ་བྱས་ཏེ་དོན་དག་ཅི་ཡང་མི་འབྱུང་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན། ཞིབ་བཤེར་ས་ཚིགས་ཀྱི་བྱ་བ་བྲེལ་འཚུབ་ཆེ་ཞིང་རྙོག་འཛིང་ཡིན་པའི་སྟབས་ཀྱིས་མཚན་མོ་དེར་ཡང་སྐལ་བཟང་ཉི་མ་ཐོ་རེངས་ཀྱི་དུས་སུ་ད་གཟོད་ངལ་གསོས་ཏེ་གཉིད་དུ་ཡུར་མགོ་བརྩམས་པ་རེད།

“ཁོ་ལ་གཅིན་སྙི་ཟ་ཁུའི་ནད་ཕོག་ཡོད་པར་མ་ཟད་རྐང་པའི་སྡོད་རྩ་འཁྱོག་སྦོས་ཀྱི་ནད་གཞི་ཚབས་ཆེན་ཕོག་ཡོད། དེའི་ཁར་ལོ་ཤས་སྔོན་གཞུང་དོན་དུ་རྨས་སྐྱོན་ཕོག་པ་དེ་ཡང་ད་དུང་དྲག་སྐྱེད་ལེགས་པོ་བྱུང་མེད། ཡིན་ནའང་ཁོས་དྲོད་གྲང་གོར་ཐིག་མན་གྱི་ཏུའུ་23ནས་24བར་ཡིན་པའི་རིམས་འགོག་ཞིབ་བཤེར་ས་ཚིགས་དེ་རུ་བསྟུད་མར་ཉིན་དགུ་ལ་དཀའ་སྤྱད་ཀྱིས་བྱ་བ་བསྒྲུབས། ང་ཚོས་ཁོ་ལ་ཁྱོད་རང་ངལ་ཅུང་ཙམ་གསོ་རོགས་ཞེས་ཐེངས་མང་སྐུལ་ན་ཡང་ཁོས་དེ་ལ་གཏན་ནས་ཁ་ཡ་མི་བྱེད།” ཅེས་ཧྲུའུ་ཅི་སྐལ་བཟང་ཉི་མ་དང་མཉམ་དུ་རིམས་འགོག་ཞིབ་བཤེར་ས་ཚིགས་སུ་བྱ་བ་སྒྲུབ་བཞིན་པའི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རིན་ཀརྨ་རིན་ཆེན་གྱིས་བཤད།

སྐལ་བཟང་ཉི་མ་དང་མཉམ་དུ་ལོ་ངོ་བཅུ་བདུན་རིང་དུ་བྱ་བ་བསྒྲུབས་མྱོང་བའི་མི་དམངས་ཉེན་རྟོག་པ་ཉི་མ་ཚེ་རིང་གིས་བཤད་རྒྱུར། “དེ་ནི་2004ལོའི་ཟླ་6པའི་ཚེས་9ཉིན་ཡིན་པ་ངའི་ཡིད་ན་ད་དུང་གསལ་བོར་ཡོད། སྐབས་དེར་ང་ཚོར་ཉེན་བརྡའི་ཁ་པར་ཞིག་འབྱོར་ཏེ་མི་ཞིག་གིས་རླངས་འཁོར་གྱིས་ཆག་སྒོ་བཟོས་རྗེས་བྲོས་སོང་བའི་གནས་ཚུལ་འབྱོར་བྱུང་། དེ་ནས་ང་ཚོ་ཉེན་རྟོག་པས་ཆག་སྒོ་བཟོ་མཁན་གྱི་རླངས་འཁོར་དེ་བདའ་འདེད་བྱེད་པའི་གོ་རིམ་ཁྲོད། སྐལ་བཟང་ཉི་མས་རླངས་འཁོར་དེའི་རྗེས་ཟིན་ནས་ཁ་ལོ་བར་སྐད་ཆ་འདྲི་སྐབས།  རླངས་འཁོར་དེའི་ནང་གི་མི་གཞན་ཞིག་གིས་ཐེ་ཚོམ་ཅི་ཡང་མེད་པར་སྐལ་བཟང་ཉི་མ་ལ་གྲིས་བསྣུན་པས་ཁོའི་མགོ་བོར་རྨས་སྐྱོན་ལྗིད་མོ་ཕོག  སྐབས་དེར་སྐལ་བཟང་ཉི་མ་མགོ་ཡུ་འཁོར་ནས་ཐང་ལ་འགྱེལ་ཙམ་ཡོད་ནའང་ཁོས་ལག་པ་གཉིས་ཀྱིས་མི་དེར་དམ་པོར་འཇུས་ནས་མ་གློད་པས་མཇུག་མཐར་མི་དེ་འཛིན་བཟུང་བྱེད་ཐུབ་སོང་།  ཡིན་ནའང་སྐལ་བཟང་ཉི་མའི་རྨས་སྐྱོན་ཚབས་ཆེ་བའི་དབང་གིས་མྱུར་དུ་སྨན་ཁང་དུ་བསྐྱལ་དགོས་སོང་། སྐབས་དེར་ཁོའི་ལུས་སྟེང་ནས་ཁྲག་བཞུར་བ་མང་དྲགས་པའི་དབང་གིས་ཁྲག་རྒྱག་དགོས་པ་བྱུང་།  ས་གནས་མང་ཚོགས་མང་པོ་ཞིག་གིས་གནས་ཚུལ་དེ་ཤེས་རྗེས་སུ་རང་མོས་ཀྱིས་སྨན་ཁང་དུ་སྐལ་བཟང་ཉི་མར་ཁྲག་སྦྱིན་གཏོང་དུ་ཐོན་བྱུང་།  སྐབས་དེར་སྨན་བཅོས་ཀྱི་ཆ་རྐྱེན་ཞན་པས་ཁྲག་བརྒྱབ་ནའང་རྗེས་སུ་ཁོའི་མཆིན་པའི་བྱེད་ནུས་ལ་གནོད་སྐྱོན་ཐེབས་འདུག”ཟེར།

གནས་ལུགས་ལྟར་བཤད་ན། སྐབས་དེར་ཁོས་གོང་རིམ་ལ་བྱས་རྗེས་རིམ་པ་གསུམ་པའི་རེ་འདུན་ཞུས་ཆོག་མོད།  ཡིན་ནའང་ཁོས་དེ་ལ་ཁ་ཡ་མི་བྱེད་པར་མ་ཟད་ཁོ་སྨན་ཁང་ནས་ཕྱིར་བུད་རྗེས་ད་དུང་ང་ཚོར་དོན་དག་དེ་རྗེས་ཕྱོགས་སུ་གླེང་གི་མ་འདུག་ཟེར། ཁོས་ད་དུང་ང་ཚོར་མི་དམངས་ཉེན་རྟོག་པ་ཞིག་ཡིན་ན་དཀའ་སྡུག་སྣ་ཚོགས་ཁྱད་གསོད་བྱེད་ཐུབ་དགོས་ཞེས་ཀྱང་བཤད་བྱུང་། ཁོ་དང་མཉམ་དུ་ལོ་ངོ་བཅུ་ཕྲག་ལྷག་ལ་བྱ་བ་བསྒྲུབས་མྱོང་པའི་ཉེན་རྟོག་པ་རྒན་པ་དག་གིས་ཤེས་གསལ་ལྟར། སྐལ་བཟང་ཉི་མས་ཉིན་རེ་བཞིན་ལས་སྣོན་བྱས་ཏེ་བྱ་བ་སྒྲུབ་བཞིན་ཡོད་པས་ཁོའི་ནད་གཞི་དེ་ཡང་རིམ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང།  ཁོ་ཚོའི་རྫོང་དེའི་ས་བབ་ཅུང་མཐོ་བའི་ཞང་དང་གྲོང་རྡལ་དུ་སོང་ཚེ་ཁོའི་ཁ་ཤ་ཡང་སྨུག་པོར་འགྱུར་འགྲོ་གི་ཡོད། དུས་དང་རྣམ་པ་ཀུན་ཏུ་གྱོད་དོན་ཞིག་བྱུང་ཚེ་ཁོ་རང་དུས་སྐབས་དང་པོར་ཐོན་གྱི་ཡོད།  ལོ་འདི་དག་གི་རིང་ལ་ཁོས་གཏན་ནས་ངལ་གསོ་བྱས་མ་མྱོང་ལ་མཚན་མོ་རེ་རེར་གྱོད་དོན་ལ་དབྱེ་ཞིབ་བྱས་ནས་དུས་ཚོད་ཇི་འདྲ་རིང་བོ་ཞིག་འགོར་ན་ཡང་ཕྱི་ཉིན་ལས་ཁུངས་སུ་ཆེས་ཐོག་མར་ཐོན་མཁན་དེ་ཁོ་རང་ཡིན།

ད་ཐེངས་ཀྱང་ལོ་སར་ཚེས་པ་གཉིས་ཉིན་སྐལ་བཟང་ཉི་མ་མྱུར་དུ་ཕྱིར་ལས་གནས་སུ་ལོག་བྱུང་།  ང་ཚོས་ཁོ་ལ་ཁྱོད་རང་ངལ་ཞིག་གསོ་རོགས་ཟེར་ནས་ཇི་ལྟར་བཤད་ཀྱང་ཁོས་དེ་ལ་གཏན་ནས་ཁ་ཡ་མི་བྱེད་པར་མ་ཟད། ཁོས་ད་དུང་ང་ཚོར“མང་ཚོགས་ལ་ང་རང་ཆེས་མཁོ་བའི་དུས་སུ་མེད་ན་ང་ཡིས་ཅི་ཞིག་བྱ།”ཟེར།

སྐལ་བཟང་ཉི་མའི་མཆིན་པའི་བྱེད་ནུས་མི་བཟང་བ་དང་དེའི་ཁར་གཅིན་པ་མངར་འགྱུར་གྱི་ནད་དང་ཕོ་རལ་གྱི་ནད་བཅས་ཡོད་པ་མ་ཟད། ད་དུང་ལུས་སྟེང་གི་རྨས་སྐྱོན་ཡང་དྲག་སྐྱེད་བྱུང་མེད་ནའང་ཁོ་རང་ངལ་གསོ་བའི་བཟོ་ལྟ་ཞིག་གཏན་ནས་མེད་པར།  ཁང་བའི་ནང་དུ་དབྱང་དབུགས་ཅུང་ཙམ་རྔུབ་རྗེས་སུ་ཡང་བསྐྱར་ཕྱི་རུ་སོང་ནས་བྱ་བ་སྒྲུབ་བཞིན་འདུག  “ན་གཞོན་འདི་དག་གིས་རྒྱུན་དུ་ང་ལ་ངལ་གསོ་ཅུང་ཙམ་བྱོས་ཟེར་ནས་ཡང་ཡང་སྐུལ་གྱིན་འདུག ཡིན་ཡང་ངས་རང་ཉིད་ཀྱི་ལུས་ཕུང་བདེ་ཐང་མིན་པ་དང་ལོ་ན་ཚོད་ཆེ་བར་ཁག་འགེལ་བྱས་ནས་ངལ་གསོས་ནས་བསྡད་ན་ག་ལ་འགྲིག ར་རང་ཉིད་དངོས་སུ་བྱ་བའི་ལས་གནས་སྟེང་མ་ཞུགས་ཚེ་གཏན་ནས་བློ་བདེ་མོ་མི་འདུག ང་རང་ཉེན་རྟོག་པའི་ལས་ཀར་ཞུགས་ནས་ལོ་ངོ་25ལྷག་འགོར་སོང་བ་ཞིག་ཡིན་པས་ལུས་སྟེང་དུ་རྨས་སྐྱོན་ཅུང་ཙམ་རེ་ཡོད་པ་ནི་ཉེན་རྟོག་པ་ཞིག་ལ་མཚོན་ན་རྒྱུན་ལྡན་གྱི་དོན་དག་ཅིག་ཡིན་པ་ངས་གསལ་བོར་ཤེས།     དེ་བས་ངའི་ནད་གཞི་འདི་ཡང་ཆེན་པོ་ཞིག་ཏུ་བརྩི་མི་དགོས་ཏེ། སྨན་ཅུང་ཙམ་འཐུང་ན་དྲག་འགྲོ་ནི་རེད།” ཅེས་སྐལ་བཟང་ཉི་མས་བཤད།

སྐལ་བཟང་ཉི་མས་དེ་ལྟར་ཟེར་ན་ཡང་ཁོའི་མིག་གཉིས་སེར་པོར་གྱུར་འདུག་ལ་མཆུ་དང་ངོ་གདོང་སྨུག་པོར་གྱུར་བའི་རྣམ་པ་དེར་བལྟས་ཚེ། ཁོ་རང་ངོ་མི་ཤེས་པའི་མི་ཞིག་ཡིན་ཡང་ཁོའི་ལུས་ཕུང་གི་གནས་ཚུལ་ནི་དེ་འདྲ་བཟང་རྒྱུ་མེད་པ་གསལ་བོར་རྟོགས་ཐུབ་པ་ཞིག་རེད།

སྐལ་བཟང་ཉི་མ་དགོད་ཞོར་དུ་བཤད་རྒྱུར།“སྔོན་ཆད་ཐེངས་ཤིག་ལ་བྱ་བའི་ཁྲོད་ནས་ང་ལ་རྨས་སྐྱོན་ལྕི་མོ་ཞིག་ཕོག་སྟེ་དྲན་པ་ཉམས་རྗེས་ཟི་ལིང་གི་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱས།  ཉིན་བཅོ་ལྔའི་རྗེས་སུ་ང་རང་སྔར་བཞིན་དྲག་སྐྱེད་བྱུང་སོང་། དུས་དེ་ནས་བཟུང་ངས་རང་གིས་རང་ལ་ཐེངས་འདིར་ང་རང་འདི་ལྟར་དྲག་སྐྱེད་བྱུང་སོང་བས་ངས་རྗེས་ཕྱོགས་སུ་མུ་མཐུད་དུ་མི་དམངས་ཉེན་རྟོག་པའི་བྱ་བ་སྔར་ལས་བཟང་བོར་བསྒྲུབ་རྒྱུ་ཡིན་ཞེས་ཁས་འཆེས་པ་ཡིན། ངས་ནམ་ཡང་ཉེན་རྟོག་པ་དང་དམངས་ཀྱི་འབྲེལ་བ་ནི་ཆུ་དང་ཉ་མོའི་ཚུལ་དུ་བསམས་བཞིན་ཡོད།  ཉེན་རྟོག་པས་གྱོད་གཞི་སྒྲུབ་སྐབས་ཅིས་ཀྱང་མང་ཚོགས་ལ་བརྟེན་དགོས་པ་དང་མང་ཚོགས་ཉེན་ཁར་འཕྲད་དུས་ཀྱང་ང་ཚོ་ཉེན་རྟོག་པ་ཚོ་མྱུར་དུ་ཐོན་དགོས། ང་ཚོས་མང་ཚོགས་ཀྱི་དོན་དུ་བྱ་བ་བསྒྲུབས་ན་མང་ཚོགས་ཀྱིས་ཀྱང་ང་ཚོར་དགའ་བསུ་དང་རྒྱབ་སྐྱོར་བྱེད་ངེས་རེད། ཐེངས་འདིའི་རིམས་ནད་སྔོན་འགོག་གི་ཞིབ་བཤེར་ས་ཚིགས་སུ་མཚོན་ན་ཡང་། མི་དམངས་མང་ཚོགས་ཀྱིས་ང་ཚོས་རིམས་ནད་སྔོན་འགོག་གི་ཆེད་དུ་དཀའ་བ་སྤྱད་བཞིན་པའི་རྣམ་པ་མཐོང་བས་ཁོ་ཚོ་རྒྱུན་དུ་འདིར་ཡོང་བར་མ་ཟད། ལ་ལ་ཞིག་གིས་ཞོ་དཀར་ཡོལ་གང་རེ་ཁྱེར་ཡོང་བ་དང་ཡང་ལ་ལ་ཞིག་གིས་འབུད་ཆས་ཅུང་ཙམ་རེ་ཁྱེར་ཡོང་སྟེ་ཁྱེད་ཚོས་དཀའ་ལས་མྱངས་སོང་ཟེར།  གནས་ཚུལ་འདི་དག་མཐོང་ཡོང་དུས་ངས་རང་ཉིད་ཀྱིས་སྒྲུབ་བཞིན་པའི་ བྱ་བ་དེ་ནི་སྒྲུབ་འོས་པ་ཞིག་ཏུ་སེམས་བཞིན་ཡོད། ” ཟེར།

                                                                                                               ལོ་ཙཱ་བ། གཡང་འབུམ་རྒྱལ།