པདྨ་རྫོང་སྨར་ཁོག་ཞང་གི་རིམས་འགོག་གཡུལ་སའི་འཕྲུལ་རྟའི་སྒྲོག་འགྲེལ་རུ་ཁག
2020.02.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 1

ཟླ2ཚེས11ཉིན་གསར་འགོད་པས་གྲོགས་ཚོམས་སུ་ལུས་ལ་བོད་ལྭ་གྱོན་ཞིང་དཔུང་རྟགས་དམར་པོ་བཏགས་པ། རྒྱའི་སྤྱི་སྐད་བཤད་པའི་སྐད་གདངས་དེ་འདྲའི་ཚད་ལྡན་མིན་པར“ཝུའུ་ཧན་ཤུགས་རྒྱོབ། ཀྲུང་གོ་ཤུགས་རྒྱོབ། ”ཟེར་བའི་བརྙན་རིས་ཤིག་གིས་གྲོགས་ཚོམས་ཡོངས་སུ་ཁེབས་ནས་འགྲོ་བཞིན་པ་མཐོང་།  དེ་ནས་གསར་འགོད་པས་མྱུར་དུ་བརྙན་ལམ་གྱི་ནང་དོན་གཞིར་བཟུང་ནས་སྐད་འཕྲིན་བརྒྱུད་དེ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་སྨར་ཁོག་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཀླུ་རྒྱལ་ཚེ་རིང་ལ་འབྲེལ་གཏུག་བྱས་པ་ན། དེ་ནི་ཟླ་2ཚེས7ཉིན་སྨར་ཁོག་ཞང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་འཕྲུལ་རྟར་ཞོན་པའི་སྒྲོག་འགྲེལ་རུ་ཁག་གསར་པ་ཞིག་རྩ་འཛུགས་བྱས་ཏེ། ཁོ་ཚོ་ཐོག་དང་པོར་ཞང་སྲིད་གཞུང་གི་སྒོ་ཁ་ནས་སྒྲོག་འགྲེལ་བྱེད་པར་ལམ་དུ་ཆས་པའི་རྣམ་པ་དེ་རེད།

སྨར་ཁོ་ཞང་གི་ཏང་ཨུའི་ཧྲུའུ་ཅི་ཀླུ་རྒྱལ་ཚེ་རིང་གིས་བཤད་རྒྱུར། “ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་རྗེས་སུ་སྨར་ཁོག་ཞང་ཏང་ཨུ་དང་སྲིད་གཞུང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་ཆེད་ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་བཅས་ཀྱི་ཏོག་གསར་གློ་ཚད་སྔོན་འགོག་ཚོད་འཛིན་བྱེད་པའི་བྱ་བའི་སྐོར་གྱི་ཚོགས་འདུའི་དགོངས་དོན་གལ་ཆེན་ལག་བསྟར་ནན་ཏན་བྱས་ནས། རིམས་འགོག་བྱ་བའི་བཀོད་སྒྲིག་རབ་དང་རིམ་པ་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས། རིམས་ནད་སྔོན་འགོག་བྱ་བ་དེ་ཕྱོགས་ཡོངས་ལ་ཁྱབ་པར་བྱེད་པ་དང་། ཞང་ཡོངས་ཀྱི་འབྲོག་པ་མང་ཚོགས་ཀྱི་རིག་གནས་ཀྱི་ཆུ་ཚད་མི་གཅིག་པ་དང་སྡོད་གནས་ཁ་འཐོར་ཡིན་པ།  འགྲིམ་འགྲུལ་སྟབས་མི་བདེ་བ། གནམ་གཤིས་མི་བཟང་པ་དང་ཆ་འཕྲིན་ཤར་གཏོང་མི་ཐུབ་པ་སོགས་ཀྱི་རྒྱུ་རྐྱེན་ལ་ཆེད་དུ་དམིགས་པ་དང་། སྨར་ཁོག་ཞང་ཏང་ཨུ་དང་སྲིད་གཞུང་གིས་མྱུར་དུ་ཏང་དང་སྲིད་གཞུང་གི“འོབད་སྐུལ།”ཁྱིམ་ཚང་ཁྲི་སྟོང་མང་པོར་བརྒྱུད་སྒྲོག་བྱེད་པ་དང་རིམས་ནད་སྔོན་འགོག་གི་ཤེས་བྱ་དང་སྲིད་ཇུས་དུས་ལྟར་དོན་ཐོག་ཏུ་འཁྱོལ་བར་བྱེད་ཆེད།  ཞང་ཏང་ཨུ་དང་སྲིད་གཞུང་གིས་སྣེ་ཁྲིད་དེ་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་དང་ནགས་སྲུང་བ། རྩྭ་སའི་དོ་དམ་པ་སོགས་ས་གནས་དེ་གའི་འབྲོག་པ་མང་ཚོགས་ཁག་ཅིག་ལས་གྲུབ་པའི་རིམས་འགོག་ཤེས་བྱ་དྲིལ་སྒྲོག་བྱེད་པར་འཕྲུལ་རྟར་ཞོན་པའི་དྲིལ་སྒྲོག་རུ་ཁག་ཅིག་བཙུགས་པ་ཡིན།”ཟེར།

ཤེས་རྟོགས་བྱུང་བར་གཞིགས་ན། སྨར་ཁོག་ཞང་ནས་རྫོང་མཁར་བར་སྤྱི་ལེ་50ལྷག་ཙམ་ཡོད་པ་དང་། ཞང་དེའི་ཁོངས་གཏོགས་སུ་སྡེ་བ་གསུམ་ཡོད་ལ་ཞང་སྲིད་གཞུང་ནས་ཆེས་རིང་བའི་སྡེ་བ་དེའི་བར་ཐག་ལ་སྤྱི་ལེ32ཡོད་ཅིང་། ས་བབ་མཐོ་ཤོས་ཀྱི་ཚད་ལ་མཚོ་ངོས་ལས་རྨིད4500ཡོད་པ་རེད། ཏོག་དབྱིབས་གློ་ཚད་ཀྱི་རིམས་ནད་སྔོན་འགོག་བྱ་བ་ཁག་དོན་འཁྱོལ་ཡག་པོ་བྱས་ནས་རིམས་ནད་སྔོན་འགོག་གི་མཇུག་མཐའི་ལམ་ཐག་ཤར་གཏོང་བྱེད་པར་འགན་ལེན་བྱེད་ཆེད། འཕྲུལ་རྟར་ཞོན་པའི་སྒྲོག་འགྲེལ་རུ་ཁག་དེ་བཙུགས་པ་ནས་བཟུང་ཁོ་ཚོས་མུ་འབྲེལ་རང་བཞིན་གྱིས་སྒྲོག་འགྲེལ་བྱེད་བཞིན་ཡོད་པ་དང་། སྒྲོག་འགྲེལ་བྱེད་སྐབས་སུ་ཁོ་ཚོས་དྲིལ་སྒྲོག་པ་དང་བདེ་སྲུང་པ། གཙང་སྦྲ་མཁན་བཅས་ཀྱི་བྱ་བ་ཚང་མ་སྒྲུབ་བཞིན་ཡོད་པ་རེད།

སྐད་འཕྲིན་བརྒྱུད་ནས་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཐུབ་དགའ་ཡིས་བཤད་རྒྱུར།  “ཉིན་འདི་དག་གི་རིང་ལ་ང་ཚོས་སྒྲོག་འགྲེལ་བྱས་པའི་བྱ་བ་དེ་ཧ་ཅང་ཡག་པོ་འཁྱོངས་ཡོད།  ང་ཚོ་འཕྲུལ་རྟའི་སྒྲོག་འགྲེལ་རུ་ཁག་གིས་སྒྲོག་འགྲེལ་བྱས་པའི་རིམས་ནད་འགོག་སྲུང་སྐོར་གྱི་སྲིད་ཇུས་དང་ཤེས་བྱ་ནི།  དེ་ལས་ལྡོག་སྟེ་ཞང་ཡོངས་ཀྱི་མི་དམངས་མང་ཚོགས་ཀྱི་སེམས་སུ་གསལ་བོར་ངེས་ཡོད་པ་ང་ལ་ཡིད་ཆེས་ཡོད། ད་བཤད་ནས་འདུག་ཁོམ་མེད། མདང་དགོང་ཁ་བ་བབས་བྱུང་། ལམ་དུ་ཁ་བ་ཡོད་པས་ང་ཚོ་སྔ་མོར་ལམ་དུ་ཆས་དགོས།  བདེ་མོ་བྱོས།” ཟེར་ནས་དགོད་ཞོར་དུ་བུད་སོང་།

ཁོ་ཚོ་ནི་ཁ་བ་དང་བུ་ཡུག་ལ་མི་འཛེམས་པར་ས་ཐག་རིང་བོ་ལ་དཀའ་སྤྱད་ཀྱི་ལམ་བུ་རེ་བཏོད་ཀྱི་འདུག་པ་དང་། ཏང་དང་མང་ཚོགས་ཀྱི་བར་དུ་འབྲེལ་ལམ་གྱི་ཟམ་པ་བཙུགས་ནས།  སྡེ་མི་རེ་རེའི་སེམས་སུ་འཕྲུལ་རྟའི་སྒྲོག་འགྲེལ་རུ་མི་ཚོའི་ཁོད་ཡངས་ཤིང་བརྟན་བརླིང་གི་གཟུགས་བརྙན་རེ་རེའི་བག་ཆགས་ཟབ་མོ་འཇོག་བཞིན་འདུག

                                                                                         ལོ་ཙཱ་བ། གཡང་འབུམ་རྒྱལ།