རིམས་ནད་འགོག་སྲུང་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་སེམས་བདེ་ཐང་སྲུང་སྐྱོབ་བྱེད་པའི་ཛ་དྲག་གི་འཐབ་འཛིང་ཐེངས་ཤིག་ཡིན་ལ། གོང་འོག་བར་གསུམ་ཟབ་ཞུགས་བྱེད་པའི་དམངས་ཡོངས་ཀྱི་བྱ་སྤྱོད་ཐེངས་ཤིག་ཀྱང་ཡིན་པ་རེད།
ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གྱི་མགོ་ལོག་དང་། རྨ་ལྷོ། མཚོ་ལྷོ། མཚོ་བྱང་། མཚོ་ནུབ་སོག་རིགས་རང་སྐྱོང་ཁུལ་གྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དུས་བསྟུན་ཇུས་བསྟར་གྱིས་བྱ་སྤྱོད་མྱུར་དུ་སྤེལ།
འབྲོག་པ་ཁྱིམ་ཚང་ཁག་ཅིག་གི་སྡོད་གནས་ཐར་ཐོར་ཡིན་པ་དང་འགྲིམ་འགྲུལ་སྟབས་མི་བདེ་བས། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གངས་རི་ཞང་མངགས་གཏོང་ཁང་གིས་ཞང་སྲིད་གཞུང་དང་འཕྲོད་བསྟེན་ཁང་གི་ལས་བྱེད་མི་སྣ་དང་མཉམ་དུ་རྟ་ལ་བཞོན་ཏེ་སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་འབྲོག་པ་མང་ཚོགས་ལ་ཏོག་གསར་གློ་ཚད་འགོག་བཅོས་ཀྱི་ཤེས་བྱ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྐབས་བསྟུན་ཆ་འཕྲིན་གསར་ཤོས་སྒྲོག་འགྲེལ་བྱས་པ་མ་ཟད། ཁྱིམ་ཚང་རེ་རེར་དུག་སེལ་ཡང་བྱས། ཁུལ་ཡོངས་ཀྱི་དྲ་རྒྱ་དོ་དམ་པ་དང་། གཞི་རིམ་ལས་བྱེད་པ་སོགས་མི་སྟོང་དྲུག་དང་བཞི་བརྒྱ་ལྷག་གིས་མངའ་ཁོངས་ཀྱི་རིམས་ནད་བརྟག་དཔྱད་ས་ཚིགས་ཉེར་གསུམ་གྱི་སྤྱི་བདེ་དང་། འཕྲོད་བསྟེན་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ། ཕར་འགྲོ་ཚུར་འོང་བྱེད་མཁན་ལ་ཐོ་འགོད་དང་ཚ་གྲངས་ལ་ལྟ་བ་མ་ཟད། གཙོ་གནད་ས་ཁུལ་ནས་ཡོང་མཁན་ལ་ཕྱིར་ལོག་དགོས་པའི་སློབ་གསོ་བཏང་ནས་ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པར་རིམས་འགོག་བྱ་བ་ལེགས་པོར་བསྒྲུབས།
མཚོ་ལྷོ་ཁུལ་གྱིས་གློ་བུར་དུ་བྱུང་བའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཚབས་ཆེན་གྱི་རིམ་པ་དང་པོའི་འབོད་སྐུལ་གྱི་འབྲེལ་ཡོད་གཏན་འཁེལ་དང་བླང་བྱ་གཞིར་བཟུང་ཏེ། མཉམ་དུ་ཚན་རིག་ལྟར་འགོག་བཅོས་དང་ཧུར་ཐག་གིས་ཁ་གཏད་གཅོག་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ལེགས་པོ་བསྐྲུན་པ་དང་། འབད་བརྩོན་སྒོས་མངོན་མེད་ཉེན་ཁའི་རྐྱེན་ངན་སྣ་ཚོགས་ཆེས་དམའ་བའི་ཚད་དུ་བཏང་། སྲོལ་རྒྱུན་སྨྱན་བྱད་དང་རྣམ་པ་གསར་བའི་སྨྱན་བྱད་གང་ལེགས་སྒོས་བེད་སྤྱད་དེ། བདེ་ཐང་སློབ་གསོའི་བྱ་བ་ལེགས་པོར་སྒྲུབ་པ་དང་། རྒྱ་ཆེའི་མང་ཚོགས་ཀྱིས་ཚན་རིག་ལྟར་ནད་ཡམས་ངོས་འཛིན་གསལ་བོ་བྱེད་པར་ཁྲིད་སྟོན་བྱས་ཏེ། སྤྱི་ཚོགས་ཀྱི་དངངས་སྐྲག་སེལ་བ་དང་། ཤུགས་ཆེན་པོས་རིམས་ནད་འགོག་སྲུང་གི་ཤེས་བྱ་དྲིལ་སྒྲོག་བྱས་ཤིང་། རྒྱ་ཆེའི་མང་ཚོགས་ཀྱིས་འཕྲོད་བསྟེན་གཙང་སྦྲའི་གོམས་སྲོལ་ལེགས་པོ་ཆགས་སུ་འཇུག་པར་ཁྲིད་སྟོན་བྱས་ཏེ། རང་ཉིད་འགོག་སྲུང་གི་ནུས་པ་མཐོར་འདེགས་བཏང་བ་དང་། རང་ཉིད་ཀྱི་བདེ་ཐང་བདེ་འཇགས་དང་མཁར་གྲོང་གི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཁག་ཐེག་ནན་མོ་བྱས།
མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ལུང་བཟང་ཞང་ནི་ས་བབ་སྨི4400ཡི་མཚམས་སུ་ཡོད་ན་ཡང་། ཞང་དེའི་ཏང་ཡོན་གདོང་ལེན་རུ་ཁག་གི་རུ་མིས་ཁ་བ་དང་བཙག་རླུང་ལ་མི་འཛེམ་པར་ཁྱིམ་དུ་ལོགས་བཀར་བྱས་པའི་མི་ལ་ཕྱེ་བསྐྱལ་བ་དང་། ཕྱུགས་འཚོ་བ། ཆུ་ལེན་པ་བཅས་བྱས་ནས་མང་ཚོགས་ཀྱི་འཚོ་བའི་དཀའ་ཁག་སེལ་རོགས་བྱས།
ཐུན་ཏེ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་ཀྱི་རིམས་འགོག་དང་འབྲེལ་བའི་བྱ་བའི་མཛུབ་སྟོན་ལག་ལེན་མཐར་ཕྱིན་བྱས་ཏེ། རིམས་འགོག་གི་སྐབས་སུ་རོགས་ཁྲིད་བྱ་ཡུལ་དག་ལ་གཅིག་བསྡུས་རང་བཞིན་གྱི་བྱེད་སྒོ་མི་སྤེལ་བར་ཁ་པར་གྱི་འཕྲིན་ལམ་དང་། སྡེ་བའི་ལས་བྱེད་པ། ཁྱིམ་མི་སོགས་རྩ་འཛུགས་བྱས་ནས་རོགས་ཁྲིད་བྱེད་པ་དང་། མི་རེ་རེའི་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ཏེ། སྐད་འཕྲིན་ཚོགས་པ་སོགས་བརྒྱུད་ནས་ཁོ་ཚོར་ཁྲིམས་ལུགས་དང་ཀུན་སྤྱོད་ཀྱི་སློབ་གསོ་ལེགས་པོར་བཏང་ཞིང་། རིམས་འགོག་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པའི་ཆེད་དུ་སྟོབས་ཤུགས་ཕུལ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་བོད་ཁུལ་ཡོངས་ནས་ཏོག་གསར་གློ་ཚད་ནད་པ་བྱུང་བའི་ཁུལ་གཅིག་པུ་ཡིན། ཟླ2ཚེས12ཉིན་ནས་བཟུང་ཁུལ་དེའི་རིམས་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ནད་དཔེ་བྱུང་བ་ནས་སྙན་ཞུ་དང་། ལོགས་བཀར། བརྟག་དཔྱད། སྐྱོབ་བཅོས། མ་དཔེ་བསྡུ་རུབ་སོགས་གོ་རིམ་ཚང་མ་ཚད་ལྡན་དུ་བཏང་བ་དང་། ཚ་ཡོད་པའམ་ནད་ངོས་བཟུང་བ། ཡང་ན་དོགས་ཡོད་ནད་པར་འགྲོགས་འདྲེས་ཆེ་བའི་མིའམ་ཚོགས་པ་བཅས་ལ་འཕྲལ་མར་ཞིབ་བཤེར་དང་ཡང་ན་སྨན་ཁང་དུ་བསྐྱལ་ཏེ་ལོགས་བཀར་ལྟ་ཞིབ་བྱས་ལ། ཏོག་གསར་གློ་ཚད་ཀྱི་ནད་ངོས་ཟིན་མ་ཐག་ཏུ་ཞིང་ཆེན་རིམ་པའི་གནས་གཏན་སྨན་ཁང་དུ་བསྐྱལ་ནས་སྨན་བཅོས་བྱས་པ་རེད།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་སྡེ་བའི་སྨན་པ་བརྒྱ་དང་དྲུག་གིས་སྐབས་བསྟུན་སྨན་བཅོས་རུ་ཁག་བཙུགས་ནས་ཁྱིམ་ཚང་ལ་འཚམས་འདྲི་དང་ཕ་ཡུལ་དུ་ལོག་མཁན་མི་སྣའི་ཚ་གྲངས་ལ་ལྟ་བ་སོགས་ཀྱི་ལས་དོན་བསྒྲུབས། ཚེ་སྲོག་ནི་རི་བོ་ལས་ཀྱང་ལྗིད་པ་དང་རིམས་ནད་ནི་བཀའ་རྒྱ་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། འགོག་སྲུང་བྱེད་ཐབས་ཇེ་དྲག་ཏུ་བཏང་བ་དང་། ནད་པ་གསར་བ་མེད་པ་ཡར་ཞུ་དང་ཉིན་རེར་ཡར་ཞུ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཤིང་། རིམས་ནད་འགོག་སྲུང་སྐབས་ཀྱི་མང་ཚོགས་ཀྱི་རིག་གནས་བྱ་འགུལ་དང་ཡུལ་སྐོར་བྱ་འགུལ་མེད་པར་བཟོས་ནས། མི་རེ་རེས་རིམས་འགོག་དང་མི་རེ་རེས་འགོག་སྲུང་གི་དམངས་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་གྱི་རྣམ་པ་གྲུབ་པར་བྱས།
ཟླ་1ཚེས་30ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ་ཡིས་ཟི་ལིང་དང་མཚོ་ཤར་གྲོང་ཁྱེར་ལ་སོ་སོར་དུག་སེལ་བཤེར་ཁུ་ཏུན་20དང་ཏུན་13ཞལ་འདེབས་སུ་ཕུལ། རང་ཁུལ་གྱི་རིམས་ནད་སྔོན་འགོག་ལ་ཞལ་འདེབས་ཕུལ་བ་མ་ཟད། མཚོ་ནུབ་ཀྱིས་བཟོ་ལས་ཀྱི་ལེགས་ཆ་སྤྱད་དེ་ས་ཁུལ་གཞན་དག་གི་རིམས་འགོག་དངོས་རྫས་དཀོན་པའི་གནད་དོན་ཞི་ལྷོད་དུ་གཏོང་རོགས་བྱས།
ཡུལ་ཤུལ་ཁུལ་གྱི་ཏང་ཀྲི་པུའི་འཕྲལ་སྒྲུབ་རུ་ཁག་བརྒྱད་དང་གནས་སྐབས་ཏང་ཀྲི་པུའུ་ཞེ་བདུན་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་དང་དྲིལ་སྒྲོག་སློབ་གསོ། ཁོར་ཡུག་གཙང་དག རང་ཉིད་འགོག་སྲུང་སོགས་ཀྱི་བྱ་བ་སྤེལ་བ་དང་། དྲ་མིག་ཅན་གྱི་ས་ཁོངས་དོ་དམ་རྒྱུན་འཁྱོངས་དང་མཉམ་འགོག་མཉམ་སྲུང་གཟབ་ནན་ཏུ་བཏང་ཞིང་། ཏང་ཡོན་རྩ་འཛུགས་བྱས་ཏེ་ས་ཁུལ་དང་ཁྱིམ་ཚང་། མི་སྣ་བཅས་འགན་ལེན་བྱས་པ་དང་། གཞི་རིམ་གྱི་འགོག་སྲུང་ནུས་པ་ཇེ་དྲག་ཏུ་བཏང་།
མཚོ་སྔོན་ཞིང་ཆེན་གྱིས་ད་དུང་བོད་རྒྱ་ཤན་སྦྱར་གྱི《ཆོས་ལུགས་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་ཏོག་གསར་གློ་ཚད་རིམས་ནད་འགོག་སྲུང་ལག་དེབ》དང《དགོན་སྡེའི་བདེ་ཐང་ལོ་ཐོ》 དེ་མིན་དྲིལ་བསྒྲགས་གསལ་བརྡ་དང་། དྲིལ་བསྒྲགས་ཡིག་རིགས་སོགས་འབུམ་གསུམ་ལྷག་པར་འགྲེམ་བྱས་ཏེ། བོད་རིགས་ས་ཁུལ་གྱི་དགོན་སྡེ་དང་ཆོས་ལུགས་མི་སྣ་ཡོངས་ལ་ཁྱབ་པར་བྱས་པས་སྲིད་ཇུས་ཀྱི་ཆ་འཕྲིན་ལ་རྒྱུས་མངའ་ལོན་ཚད་དང་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་གྱི་ཤེས་བྱ་རྒྱུས་ལོན་ཐུབ་ཚད་ཇེ་མཐོར་སོང་ཡོད།
ཐེངས་འདིའི་དུ་བ་མེད་པའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་དམག་འཐབ་ཁྲོད། མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་དངོས་འབེབས་ནན་མོ་བྱས་པ་དང་། སྤྱི་ཚོགས་ཅན་གྱི་བཅོས་སྐྱོང་དྲ་རྒྱའི་མ་ལག་བེད་སྤྱོད་ལེགས་པོ་བྱས་ཏེ། རིམ་པ་བཞིན་དུ་ཕྱོགས་གང་ཐད་ནས་འགོག་སྲུང་གི་དྲ་རྒྱ་དམ་པོ་བཙུགས་པ་དང་། མཉམ་འགོག་མཉམ་སྲུང་དང་མང་ཚོགས་ཀྱི་མཉམ་འགོག་མཉམ་སྲུང་གི་སྟོབས་ཤུགས་གཅིག་བསྡུས་བྱས། རིམ་པ་སོ་སོའི་ཁུལ་དང་རྫོང་། ཞང་། སྡེ་བ་བཅས་ཀྱིས་ཏང་འཛུགས་དྲ་རྒྱའི་སྟེགས་བུ་དང་སྐད་འཕྲིན་སྤྱི་སྟེགས། རྒྱང་སྒྲོག་བརྙན་འཕྲིན། བསྐོར་གཡེང་དྲིལ་སྒྲོག་རུ་ཁག་སོགས་བྱེད་ཐབས་སྣ་མང་སྤྱད་དེ། རིམས་ནད་འགོག་སྲུང་ཡོངས་ཁྱབ་ཏུ་དྲིལ་བསྒྲགས་བྱས་ཏེ། དམངས་ཡོངས་ཟབ་ཞུགས་བྱེད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ལེགས་པོ་བསྐྲུན།
ལོ་ཙཱ། སྒྲོལ་མ་སྐྱིད།