ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་གྱི་མཇུག་མཐའི་འཐབ་འཛིང་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད།
2020.03.09 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 45

ཞི་ཅིན་ཕིང་གི་དབུལ་ཐར་མཁྲེགས་གཏོར་གྱི་མཇུག་མཐའི་འཐབ་འཛིང་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བཞུགས་མོལ་ཚོགས་འདུའི་སྟེང་གི་གསུང་བཤད།

(2020ལོའི་ཟླ3པའི་ཚེས6ཉིན)


བློ་མཐུན་རྣམ་པ།  ཐེངས་འདིའི་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ནི།  དེང་སྐབས་ཀྱི་གནས་བབ་ལ་དབྱེ་ཞིབ་བྱེད་པ་དང་། ཏོག་གསར་གློ་ཚད་ཀྱི་ཤུགས་རྐྱེན་སེལ་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་ལས་རྒྱལ་བར་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་དུས་ལྟར་འགྲུབ་པར་ཁག་ཐེག་དང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ་འགྲུབ་པར་ཁག་ཐེག་བྱ་རྒྱུ་དེ་ཡིན།

ད་སོ་མ་ནུའུ་ཅང་ཁུལ་དང་ཧི་ཐེན་ས་ཁུལ། ལན་ཁའོ་རྫོང་། ཏ་ཧྭ་རྫོང་། ཧི་ཀྲང་རྫོང་བཅས་ཀྱི་བློ་མཐུན་ལྔ་ཡིས་གཏམ་བཤད་བྱས་ཤིང་། ཁོ་ཚོས་བཤད་པ་ཧ་ཅང་བཟང་། ཞིང་ལྗོངས་དང་གྲོང་ཁྱེར་སོ་སོའི་ཡིག་ཐོག་གི་རྒྱུ་ཆར་ཡང་ངས་བལྟས་ཡོད། སྤྱིའི་ཆ་ནས་བལྟས་ན། ཏང་ཀྲུང་དབྱང་གི་དབུལ་ཐར་མཁྲེགས་གཏོར་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཡོད་ལ། ཕྱོགས་སོ་སོའི་བྱ་བའི་ཕན་འབྲས་མངོན་གསལ་ཡིན་པས། ཚང་མར་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པར་ཡིད་ཆེས་ཀྱིས་ཁེངས་ཡོད།

2015ལོའི་ཚུན་ལ། ངས་དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལ་རྒྱལ་ཁ་ལེན་པའི་ཐད་ཆེད་དོན་གྲོས་ཚོགས་བདུན་བསྡུས། 2015ལོར་ཡན་ཨན་ནས་གསར་བརྗེའི་གནས་གཞི་རྙིང་བའི་ས་ཁུལ་གྱི་དབུལ་ཐར་ཕྱུག་འགྱུར་གྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། ཀོས་དབྱང་ནས་ཞིང་ལྗོངས་དང་གྲོང་ཁྱེར་ཁག་ཅིག་གི་དབུལ་སྐྱོར་མཁྲེགས་གཏོར་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས། 2016ལོར་དབྱིན་ཁྲོན་ནས་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། 2017ལོར་ཐའེ་ཡོན་ནས་ཆེས་དབུལ་བའི་དབུལ་ཕོངས་ས་ཁུལ་གྱི་དབུལ་ཐར་མཁྲེགས་གཏོར་གྱི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་། 2018ལོར་ཁྲིན་ཏུའུ་ནས་གནད་འཁེལ་དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་གི་བཞུགས་མོལ་ཚོགས་འདུ་བསྡུས་ཤིང་། 2019ལོར་ཁྲུང་ཆིན་ནས“སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ་ཡིན། ཐེངས་རེ་རེར་བརྗོད་དོན་གཅིག་ལ་དམིགས་པར་མ་ཟད་བྱ་བའི་བླང་བྱ་བཏོན་པ་ཡིན། ཐེངས་རེ་རེའི་བཞུགས་མོལ་ཚོགས་འདུའི་སྔོན་ལ། ང་རང་ཐོག་མར་དབུལ་ཕོངས་ས་ཁུལ་དུ་སོང་ནས་བརྟག་དཔྱད་ཞིབ་འཇུག་བྱས་པ་ཡིན་ལ། ཡུལ་དངོས་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་གྲོས་གཞིར་ཉན་པ་ཡིན། རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་དུ་འབྲེལ་ཡོད་ཞིང་ཆེན་གྱི་འགན་འཁུར་བློ་མཐུན་བསྡུས་ནས་བྱ་བར་བཀོད་སྒྲིག་བྱས་པ་ཡིན།

ད་ལོར་ལོ་སྟོད་དུ། ངས་ས་ཆ་གཞན་པར་རྟོག་ཞིབ་བྱེད་པར་འགྲོ་བ་དང་ཟུང་འབྲེལ་བྱས་ཏེ། འབྲེལ་ཡོད་ས་གནས་དང་ཁྱད་པར་དུ་དབུལ་ཕོངས་ཀྱི་ཞྭ་མོ་ད་དུང་ཕུད་མེད་པའི་དབུལ་ཕོངས་རྫོང་གི་འགན་འཁུར་བློ་མཐུན་ཚང་མ་མཉམ་གཅིག་ཏུ་བསྡུས་ནས་ཚོགས་འདུ་འཚོགས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་མཇུག་མཐའི་འཐབ་འཛིང་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་བྱ་བར་བཀོད་སྒྲིག་བྱེད་པར་བསམ་གཞིགས་བཏང་བ་ཡིན། ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་ཚུན་ལ། རིམས་ནད་འདི་ཚོད་འཛིན་ལེགས་པོ་བྱས་རྗེས་ང་ཡང་བསྐྱར་ས་གནས་དེ་དག་ལ་སོང་ནས་ཚོགས་འདུ་འཚོགས་པར་བསམ་གཞིགས་བཏང་བ་ཡིན་མོད། འོན་ཀྱང་ད་ལོར་ཟླ་བཅུ་ཙམ་གྱི་དུས་ཡུན་ལས་མེད་པ་དང་། ཉིན་རྩིས་བརྒྱབ་ན་ཉིན་སུམ་བརྒྱ་ལས་མེད་པས། དུས་ལྟར་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་མངོན་འགྱུར་བྱེད་པར་ད་དུང་དཀའ་ངལ་མཁྲེགས་པོ་མི་ཉུང་ཞིག་སེལ་དགོས་ལ། རིམས་ནད་ཀྱིས་དཀའ་ཁག་ཆེན་པོ་བཟོས་པས། ངེས་པར་དུ་ཡང་བསྐྱར་སྐུལ་སློང་དང་ཡང་བསྐྱར་བཀོད་སྒྲིག་བྱེད་གང་ཐུབ་བྱ་དགོས།

ཐེངས་འདིའི་བཞུགས་མོལ་ཚོགས་འདུ་ནི་ཞིང་ལྗོངས་དང་གྲོང་ཁྱེར་ཡོངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚང་མ་ཞུགས་པ་ཞིག་ཡིན་ལ།  དབུས་ནུབ་རྒྱུད་ཀྱི་ཀྲུང་དབྱང་ལ་དབུལ་ཐར་མཁྲེགས་གཏོར་གྱི་འགན་འཁྲིའི་ཡི་གེ་བཞག་པའི་ཞིང་ཆེན་ཉེར་གཉིས་ནས་རྫོང་རིམ་པའི་བར་དུ་ཐོན་ཡོད། འདི་ནི་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་དབུལ་ཐར་མཁྲེགས་གཏོར་ཕྱོགས་སུ་བསྡུས་པའི་གཞི་ཁྱོན་ཆེས་ཆེ་བའི་ཚོགས་འདུ་ཞིག་ཡིན་པ་དང་། ཚོགས་འདུའི་དམིགས་ཡུལ་ནི་ཏང་ཡོངས་དང་རྒྱལ་ཡོངས། སྤྱི་ཚོགས་ཡོངས་བཅས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། ཆོད་སེམས་སྔར་ལས་བརྟན་པོ་དང་སྟོབས་ཤུགས་སྔར་ལས་ཆེ་བས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་ནས་མཇུག་མཐའི་རྒྱལ་ཁ་ལེན་པར་ཁག་ཐེག་བྱ་རྒྱུ་དེ་རེད།

གཤམ་དུ་ངས་གྲོས་གཞི་འགའ་འདོན།

གཅིག རང་རྒྱལ་གྱིས་དབུལ་ཐར་མཁྲེགས་གཏོར་ལ་ཐག་ཆོད་རང་བཞིན་གྱི་གྲུབ་འབྲས་བླངས་ཡོད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། 2020ལོའི་བར་དུ་རང་རྒྱལ་གྱིས་ད་ཡོད་ཀྱི་ཚད་གཞིའི་འོག་ཏུ་ཞིང་སྡེའི་དབུལ་ཕོངས་མི་གྲངས་དབུལ་ཕོངས་ལས་ཐར་བ་དང་། དབུལ་ཕོངས་རྫོང་ཚང་མའི་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པ། ས་ཁོངས་རང་བཞིན་གྱི་དབུལ་ཕོངས་ཡོངས་ཐག་གཅོད་བྱེད་པའི་དམིགས་འབེན་ལས་འགན་གསལ་བོ་བྱས། མིག་སྔར་བལྟས་ན། དབུལ་ཐར་གྱི་མྱུར་ཚད་སྔོན་དཔག་གི་དུས་ཡུན་དང་མཐུན་ཞིང་གྲུབ་འབྲས་མིག་མཐོང་ལག་ཟིན་ཏུ་གྱུར་ཡོད།

དོན་ཚན་དང་པོ། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་ལས་འགན་དེ་འགྲུབ་ལ་ཉེ། རང་རྒྱལ་གྱིས་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བ་ནས་བཟུང་དབུལ་སྐྱོར་བྱེད་མགོ་བརྩམས་པ་དང་། དེ་ལ་གཞི་རྩའི་གནས་ཚུལ་གཉིས་ཡོད། གཅིག་ནི་སྐབས་དེའི་དབུལ་སྐྱོར་ཚད་གཞིས། དབུལ་ཕོངས་མི་གྲངས་བྱེ་བ་གསུམ་ཡས་མས་ཇེ་ཉུང་དུ་བཏང་བ་ལས་མུ་མཐུད་དུ་ཇེ་ཉུང་དུ་གཏོང་ཐུབ་མེད་པ་དང་།  གཉིས་ནི་དབུལ་ཕོངས་རྫོང་གི་ཞྭ་མོ་གྱོན་པའི་རྫོང་ལ་རོགས་སྐྱོར་ཇི་ལྟར་བྱས་ན་དེ་ལྟར་ཇེ་མང་ཡིན་པ་རེད། ཐེངས་འདིའི་དབུལ་ཐར་མཁྲེགས་གཏོར་གྱིས་སྣང་ཚུལ་དེ་རིགས་ལེགས་བསྒྱུར་བྱས་ཡོད། དབུལ་ཕོངས་མི་གྲངས་དེ 2012ལོའི་ལོ་མཇུག་གི་མི་གྲངས་བྱེ་བ་དགུ་ས་ཡ་བརྒྱད་འབུམ་དགུ་ཁྲི་དགུ་ནས2019ལོའི་ལོ་མཇུག་གི་མི་གྲངས་ས་ཡ་ལྔ་འབུམ་ལྔ་ཁྲི་གཅིག་ལ་ཇེ་ཉུང་དུ་སོང་ཞིང་། དབུལ་ཕོངས་དུ་གྱུར་ཚད་བརྒྱ་ཆའི་བཅུ་དང་གྲངས་ཆུང་གཉིས་ནས་བརྒྱ་ཆའི་གོར་ཐིག་དང་གྲངས་ཆུང་དྲུག་ཡིན་པ་དང་།  བསྟུད་མར་ལོ་བདུན་ལ་ལོ་རེར་མི་བྱེ་བ་གཅིག་ཡན་དབུལ་ཕོངས་ལས་ཐར་བར་བྱས་ཡོད། ད་ལོའི་ཟླ་གཉིས་པའི་ཟླ་མཇུག་ཏུ། རྒྱལ་ཡོངས་ཀྱི་དབུལ་ཕོངས་རྫོང་བརྒྱད་བརྒྱ་སོ་གཉིས་ཀྱི་ནང་ནས་དབུལ་ཕོངས་རྫོང་དྲུག་བརྒྱ་དང་གཅིག་གིས་དབུལ་ཕོངས་རྫོང་གི་ཞྭ་མོ་ཕུད་པ་ཁྱབ་བསྒྲགས་བྱས། རྫོང་བརྒྱ་དང་དོན་དགུ་ལ་ཕྱིར་འཐེན་ཞིབ་བཤེར་བྱེད་བཞིན་ཡོད། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་མེད་པའི་རྫོང་ད་དུང་ལྔ་བཅུ་ང་གཉིས་ཡོད་ལ། ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་ཕོངས་རྩ་བ་ནས་ཐག་བཅད་ཡོད།

དོན་ཚན་གཉིས་པ། དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་ཆེས་ཆེར་ཇེ་མཐོར་སོང་།  ང་ཚོས་གསར་སྤེལ་རྣམ་པའི་དབུལ་སྐྱོར་བྱེད་ཐབས་རྒྱུན་འཁྱོངས་བྱས་ཏེ། ངལ་རྩོལ་ནུས་ཤུགས་ལྡན་པའི་དབུལ་ཡོངས་མི་གྲངས་ཡོངས་ཀྱིས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་མཛེས་སྡུག་གི་མ་འོངས་པ་བསྐྲུན་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ཡོད། ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་ཁྲོད་ཀྱི་བརྒྱ་ཆའི་དགུ་ཅུ་ཡན་ལ་ཐོན་ལས་དབུལ་སྐྱོར་དང་ལས་ཞུགས་དབུལ་སྐྱོར་གྱི་རྒྱབ་སྐྱོར་ཐོབ་ཡོད་པ་དང་། སུམ་ཆའི་གཉིས་ཡན་གྱིས་གཙོ་བོ་ཞོར་ལས་ལ་འགྲོ་བ་དང་ཐོན་ལས་དབུལ་ཐར་ལ་བརྟེན་ནས་གླ་ཕོགས་རང་བཞིན་གྱི་ཡོང་འབབ་དང་ཐོན་སྐྱེད་བདག་གཉེར་རང་བཞིན་གྱི་ཡོང་འབབ་ཀྱི་ཟིན་ཚད་ཇེ་མཐོར་འགྲོ་བཞིན་ཡོད། སྤོ་བསྒྱུར་རང་བཞིན་གྱི་ཡོང་འབབ་ཀྱི་ཟིན་ཚད་དེ་ལོ་རེ་བཞིན་ཇེ་དམའ་རུ་སོང་ནས། རང་བདག་དབུལ་ཐར་གྱི་ནུས་པ་བརྟན་བརླིང་ངང་མཐོར་འདེགས་བྱུང་ཡོད། 2013ལོ་ནས2019ལོའི་བར་དབུལ་ཕོངས་རྫོང་བརྒྱད་བརྒྱ་སོ་གཉིས་ཀྱི་ཞིང་བ་མང་ཚོགས་མི་རེའི་ཆ་སྙོམས་ཡོང་སྒོ་དེ་སྒོར་སྟོང་དྲུག་དང་དོན་དགུ་ནས་སྒོར་ཁྲི་གཅིག་སྟོང་གཅིག་ལྔ་བརྒྱ་དོན་དགུར་འཕར་སྣོན་བྱུང་བ་དང་། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་དགུ་དང་གྲངས་ཆུང་བདུན་འཕར་དེ། དུས་མཉམ་ལས་རྒྱལ་ཡོངས་ཀྱི་ཞིང་བ་མང་ཚོགས་མི་རེའི་ཆ་སྙོམས་ཡོང་སྒོའི་འཕར་ཚད་དེ་བརྒྱ་ཆའི་གྲངས་ཐིག་གཉིས་དང་གྲངས་ཆུང་གཉིས་ཡིན་པ་རེད། རྒྱལ་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་སྒོ་རྐྱང་བ་དེ 2015ལོའི་སྒོར་སྟོང་གསུམ་དང་བཞི་བརྒྱ་བཅུ་དྲུག་ནས 2019ལོའི་སྒོར་སྟོང་བརྒྱད་དང་བརྒྱད་བརྒྱ་ལྷག་ཏུ་འཕར་སྣོན་བྱུང་ཞིང་། ལོ་རེར་ཆ་སྙོམས་ཀྱིས་བརྒྱ་ཆའི་སུམ་ཅུ་དང་གྲངས་ཆུང་གཉིས་འཕར་ཡོད། དབུལ་ཕོངས་མང་ཚོགས་ཀྱི་སེམས་ཁྲལ་མེད་པ་གཉིས་ཀྱི་ཆུ་ཚད་མངོན་གསལ་སྒོར་མཐོར་འདེགས་བྱུང་བ་དང་། འགན་སྲུང་གསུམ་གྱི་འབུར་ཐོན་གནད་དོན་སྤྱི་ཡོངས་ནས་ཐག་བཅད་ཡོད།

དོན་ཚན་གསུམ་པ། དབུལ་ཡོངས་ས་ཁུལ་གྱི་གཞི་རྩའི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་མངོན་གསལ་དུ་ལེགས་བཅོས་བྱུང་ཡོད། ཆ་རྐྱེན་ལྡན་པའི་སྒྲིག་གཞི་སྡེ་བ་ཚང་མར་ཨར་འདམ་གྱི་ལམ་ལས་ཡོད་པ་དང་། སྡེ་བ་རེ་རེར་འཕྲོད་བསྟེན་ཁང་དང་སྡེ་བའི་སྨན་པ་ཡོད་པ། འོས་འགན་སློབ་གསོའི་ནུས་པ་ཞན་པའི་སློབ་གྲྭ་འབུམ་གཅིག་དང་སྟོང་བརྒྱད་ཀྱི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བྱུང་བ། ཞིང་སྡེའི་དྲ་རྒྱ་དང་གློག་འདོན་སྤྲོད་ཀྱི་ཚད་བརྒྱ་ཆའི་གོ་དགུར་སླེབས་པ་དང་། ཆེས་དབུལ་བའི་དབུལ་ཕོངས་ས་ཁུལ་དང་དབུལ་ཕོངས་སྡེ་བར་དྲ་བ་འཐེན་ཚད་བརྒྱ་ཆའི་གོ་བརྒྱད་དུ་སླེབས་ཡོད། དབུལ་ཕོངས་མི་གྲངས་ས་ཡ་དགུ་བྱེ་བ་དྲུག་ལྷག་ས་གཞན་དུ་གནས་སྤོ་དབུལ་སྐྱོར་བྱས་ནས“ས་ཕྱོགས་གཅིག་གིས་ས་ཕྱོགས་གཅིག་གི་མི་གསོ་མི་ཐུབ་པའི”དཀའ་ཁག་སེལ་ཡོད། དབུལ་ཕོངས་ས་ཁུལ་གྱི་མང་ཚོགས་ཀྱི་ཕྱི་རུ་འགྲོ་དཀའ་བ་དང་གློག་བཀོལ་དཀའ་བ། སློབ་གྲྭར་འགྲོ་དཀའ་བ། སྨན་བཅོས་བྱེད་དཀའ་བ། ཆ་འཕྲིན་གོ་དཀའ་བ་སོགས་ཡུན་རིང་ཐག་མ་ཆོད་པའི་གནད་དོན་རྙིང་བ་ཡོངས་ཁྱབ་ཏུ་ཐག་བཅད་ནས། འོས་འགན་སློབ་གསོ་དང་གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་སྲུང་ཐོབ་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ།  ངས་ལོ་རེར་དབུལ་ཕོངས་ས་ཁུལ་དུ་རྟོག་ཞིབ་བྱེད་པར་སོང་བ་ཡིན། ལོ་འགའི་སྔོན་དུ་རི་ལམ་ཀྱག་ཀྱོག་ཡིན་པ་དང་ལམ་ངོས་མི་སྙོམས་པ། གནམ་ངོ་ཐང་དུས་ཐལ་རྡུལ་གྱིས་ཁེངས་ལ་ཆར་བབས་དུས་འདམ་རྫབ་ཀྱིས་ཁེངས་བ། དབུལ་ཕོངས་ཁྱིམ་ཚང་གི་ཁང་བ་རྙིང་རལ་ཡིན་པ། ལ་ལ་དབུལ་བོ་དབུལ་ནག་ཡིན་པ། དབུལ་ཕོངས་མང་ཚོགས་ཁ་ཤས་ཀྱིས་ལོ་གཅིག་གི་ནང་དུ་ཤ་ཐེངས་གཅིག་ཀྱང་ཟ་མི་ཐུབ་ལ། བྱིས་པ་མང་པོ་ཞིག་སློབ་གྲྭར་འགྲོ་མི་ཐུབ་པའམ་ཡང་ན་སློབ་མཚམས་བཞག་པ། མང་པོ་ཞིག་གིས་ནད་བྱུང་ཚེ་བཟོད་བསྲན་བྱེད་པ་ལས་སྨན་ཁང་དུ་སྟོན་མི་ཐུབ་པ་དེ་དག་མཐོང་སྐབས། སེམས་ནས་བཟོད་དཀའ་བ་ཞིག་རེད།

ལོ་འདི་དག་གི་རིང་ལ། ང་རང་ཡང་བསྐྱར་དབུལ་ཕོངས་སྡེ་བ་སྐོར་ཞིག་ལ་སོང་སྐབས། འགྱུར་ལྡོག་ཆེན་པོ་བྱུང་ཡོད་དེ། གཞུང་ལམ་བདེ་ཞིང་ངོས་སྙོམས་པ་དང་ཁང་བ་གསར་བ་ཕྲེང་དུ་བསྟར་ཞིང་། དབུལ་ཕོངས་མང་ཚོགས་ཀྱི་འཚོ་བ་ཇེ་བཟང་དུ་གྱུར་ཡོད་པ་མཐོང་ལ། མང་ཚོགས་ཀྱི་གདོང་ལ་འཛུམ་མདངས་ཀྱིས་ཁེངས་ཡོད་པ་མཐོང་ཚེ་ང་རང་དགའ་སྤྲོ་ཆེན་པོ་སྐྱེས་བྱུང་།

དོན་ཚན་བཞི་བ། དབུལ་ཕོངས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་མངོན་གསལ་སྒོས་ཇེ་མགྱོགས་སུ་སོང་ཡོད། ང་ཚོས་དབུལ་ཐར་མཁྲེགས་གཏོར་གྱིས་དབུལ་ཕོངས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་སྤྱི་འདོམས་བྱེད་པ་རྒྱུན་འཁྱོངས་བྱས་ནས། དབུལ་ཕོངས་ས་ཁུལ་ལ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བྱུང་ཡོད། ཁྱད་ལྡན་ཐོན་ལས་མུ་མཐུད་དུ་འཕེལ་རྒྱས་བྱུང་བ་དང་ཐོན་ལས་དབུལ་སྐྱོར་དང་གློག་རྡུལ་ཚོང་དོན་དབུལ་སྐྱོར། ཉི་ནུས་དབུལ་སྐྱོར། གནས་སྐོར་དབུལ་སྐྱོར་སོགས་ལ་འཕེལ་རྒྱས་ཅུང་མགྱོགས་པོ་བྱུང་ནས། དབུལ་ཕོངས་ས་ཁུལ་གྱི་དཔལ་འབྱོར་གསོན་ཤུགས་དང་འཕེལ་རྒྱས་ནུས་ཤུགས་མངོན་གསལ་སྒོས་ཇེ་དྲག་ཏུ་སོང་ཡོད། སྐྱེ་ཁམས་དབུལ་སྐྱོར་དང་གནས་སྤོ་དབུལ་སྐྱོར། རྨོ་བསྐྱུར་ནགས་བསྐྲུན་རྩྭ་འདེབས་སོགས་བྱས་པ་བརྒྱུད་ནས། དབུལ་ཕོངས་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དུ་ལེགས་བཅོས་བྱུང་བ་དང་། དབུལ་ཕོངས་ཁྱིམ་ཚང་གི་ལས་ཞུགས་དང་ཡོང་སྒོ་འཕར་སྣོན་གྱི་ཐབས་ལམ་མངོན་གསལ་སྒོས་ཇེ་མང་དུ་གྱུར་ཞིང་། གཞི་རྩའི་སྤྱི་པའི་ཞབས་ཞུ་ཉིན་རེ་བཞིན་འཐུས་ཚང་དུ་གྱུར་ཡོད།

དོན་ཚན་ལྔ་བ། དབུལ་ཕོངས་བཅོས་སྐྱོང་གི་ནུས་པ་མངོན་གསལ་སྒོས་ཇེ་མཐོར་སོང་བ། ང་ཚོས་ཏང་འཛུགས་སྐྲུན་དམ་འཛིན་བྱས་ནས་དབུལ་ཐར་མཁྲེགས་གཏོར་ལ་སྐུལ་འདེད་བཏང་བ་དང་། དབུལ་ཕོངས་ས་ཁུལ་གྱི་གཞི་རིམ་རྩ་འཛུགས་ལ་ཤུགས་སྣོན་ཐོབ་པ། གཞི་རིམ་ལས་བྱེད་པས་དབུལ་ཕོངས་དབྱེ་འབྱེད་དང་གནད་འཁེལ་རོགས་སྐྱོར་བྱས་པ་བརྒྱུད། འཇོན་ཐང་མངོན་གསལ་སྒོས་ཇེ་མཐོར་སོང་བས་ཏང་གི་ཞིང་སྡེའི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་སོང་ཡོད། རྒྱལ་ཡོངས་ཀྱིས་བསྡོམས་པས་སྡེ་བར་བཅའ་སྡོད་བྱེད་པའི་བྱ་བའི་རུ་ཁག་འབུམ་གཉིས་དང་ཁྲི་ལྔ་སྟོང་ལྔ་མངགས་གཏོང་བྱས་པ་དང་། རིམ་རྩིས་བྱས་ན་རྫོང་རིམ་པ་ཡན་གྱི་ཏང་སྲིད་ལས་ཁུངས་དང་རྒྱལ་གཉེར་ཁེ་ལས་དང་ལས་དོན་སྡེ་ཁག་གི་ལས་བྱེད་པ་ས་ཡ་གཉིས་དང་འབུམ་དགུ་ལྷག་དབུལ་ཕོངས་སྡེ་བ་དང་ནུས་མེད་ཟབ་ཟོབ་ཀྱི་སྡེ་བའི་ཧྲུའུ་ཅི་དང་པོའམ་ཡང་ན་སྡེ་སྡོད་ལས་བྱེད་པར་མངགས་གཏོང་བྱས་ཤིང་། མིག་སྔར་ལས་གནས་ཐོག་ཡོད་པའི་ལས་བྱེད་མི་སྣ་འབུམ་དགུ་དང་ཁྲི་གཅིག་སྟོང་བརྒྱད་ཡོད་པ་དང་། ལྷག་པར་དུ་ན་གཞོན་ལས་བྱེད་པས་གཞི་རིམ་ལ་རྒྱུས་ལོན་བྱས་པ་དང་མང་ཚོགས་ཀྱི་བྱ་བ་སྒྲུབ་ཤེས་པས། ལག་ལེན་སྦྱོང་བརྡར་ཁྲོད་མགྱོགས་མྱུར་སྒོས་འཚར་ལོངས་བྱུང་ཡོད། ཐེངས་འདིའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཁྲོད། དབུལ་ཕོངས་ས་ཁུལ་གྱི་གཞི་རིམ་ལས་བྱེད་པའི་འཐབ་འཛིང་གི་ནུས་པ་མངོན་གསལ་བཏོན་པས། སྡེ་སྡོད་ལས་བྱེད་རུ་ཁག་མང་པོ་ནི“རིམས་ནད་འགོག་པའི”རུ་ཁག་དང་དམག་འཐབ་རུ་ཁག་ལྟ་བུ་རེད། དེ་ནི་ཁོང་ཚོས་ཉེ་བའི་ལོ་འགའི་རིང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་ལས་སྦྱོང་བརྡར་ཐོབ་པ་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད།

དོན་ཚན་དྲུག་པ། ཀྲུང་གོའི་དབུལ་བོ་ཉུང་གཏོང་གི་ཇུས་གཞི་དང་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཡོངས་ཁྱབ་ཁས་ལེན་ཐོབ་ཡོད། ད་ལོའི་དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་ཡོངས་འགྲུབ་བྱས་རྗེས། རང་རྒྱལ་དུ་མི་གྲངས་དུང་ཕྱུར་གཅིག་ཙམ་དབུལ་ཐར་བྱེད་རྒྱུ་ཡིན་ལ། ལོ་བཅུ་སྔ་སྣུར་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་དབུལ་བོ་ཉུང་གཏོང་གི་དམིགས་འབེན་མངོན་འགྱུར་བྱེད་ཐུབ་རྒྱུ་ཡིན་པ་དང་། འཛམ་གླིང་སྟེང་དེ་འདྲའི་དུས་ཚོད་ཐུང་ཐུང་ནང་མི་མང་པོ་དབུལ་ཐར་བྱེད་ཐུབ་མཁན་གྱི་རྒྱལ་ཁབ་གཅིག་ཀྱང་མེད་ལ། འདི་ནི་ཀྲུང་གོ་དང་འཛམ་གླིང་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཇུས་གཞི་ལ་གདེང་འཇོག་མཐོན་པོ་བྱེད་ཀྱིན་ཡོད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སིས་གནད་འཁེལ་དབུལ་སྐྱོར་གྱི་ཐབས་ཇུས་ནི་དབུལ་ཕོངས་མི་གྲངས་ལ་རོགས་རམ་བྱེད་པ་དང་། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ནང་གཏན་འཁེལ་བྱས་པའི་བརྗིད་ཆགས་དམིགས་འབེན་མངོན་འགྱུར་བྱེད་པའི་ཐབས་ལམ་ཉག་ཅིག་རེད། ཀྲུང་གོའི་ཉམས་མྱོང་གིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་ལ་ཕན་ཡོད་ཀྱི་དཔྱད་གཞི་མཁོ་འདོན་བྱེད་ཐུབ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་ཁྲོད། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མང་པོས་ཀྲུང་གོའི་དབུལ་བོ་ཉུང་གཏོང་གི་ཉམས་མྱོང་ལོངས་སུ་སྤྱོད་རྒྱུའི་རེ་བ་བྱེད་ཀྱིན་ཡོད། ངས་རྒྱལ་ཁབ་མང་པོའི་མགོ་ཁྲིད་པའམ་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ་དང་ཐུག་འཕྲད་བྱེད་སྐབས། ཁོང་ཚོ་ཚང་མས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་ཁས་ལེན་བྱེད་ཀྱིན་ཡོད་ཟེར།

སྤྱིའི་ཆ་ནས་བལྟས་ན། ང་ཚོར་དབུལ་ཐར་མཁྲེགས་གཏོར་གྱི་ཁྱབ་ཁོངས་སུ་སྔར་མེད་ཀྱི་གྲུབ་འབྲས་བླངས་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་ཁྱད་སྟོབས་མངོན་པར་བྱས་ཡོད། གྲུབ་འབྲས་དེ་དག་ཐོབ་པ་ལས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་བློ་གྲོས་དང་སེམས་ཤུགས་གཅིག་ཏུ་འདུས་ཡོད་ལ། དེ་ནི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏན་ཏན་ཏིག་ཏིག་གིས་བསྒྲུབས་པའི་བྱ་བའི་གྲུབ་འབྲས་རེད། འདི་ནས་ངས་ཏང་ཀྲུང་དབྱང་གི་ཚབ་བྱས་ཏེ་ཁྱེད་རྣམ་པ་དང་ཁྱེད་རྣམ་པ་བརྒྱུད་དེ་རྒྱ་ཆེའི་དབུལ་ཐར་མཁྲེགས་གཏོར་གྱི་ལས་ཀ་སྒྲུབ་མཁན་གྱི་བློ་མཐུན་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན།

གཉིས། དབུལ་ཐར་མཁྲེགས་གཏོར་གྱི་བྱ་བར་རྒྱལ་ཁ་ལེན་པར་གདེང་འཇོག་མཐོན་པོ་བྱེད་དགོས།

མདུན་དུ་ལྷགས་པའི་དཀའ་ངལ་དང་འགྲན་སློང་།

དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ནི་ལས་སླ་མོའི་ངང་གདོང་མཆོང་བྱས་པ་ཙམ་གྱིས་རྒྱལ་ཁ་ལེན་ཐུབ་པ་ཞིག་མ་ཡིན་པར། ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ནས་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པའི་བར་དུ། མདུན་དུ་ལྷགས་པའི་དཀའ་ངལ་དང་འགྲན་སློང་སྔར་བཞིན་ཛ་དྲག་ཆེ་བས། ལྷོད་གཡེང་གཏན་ནས་བྱེད་མི་རུང་བ་ངས་ཐེངས་མང་བཤད་མྱོང་།

དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་དཀའ་ཚེགས་ཧ་ཅང་ཆེ། རྒྱལ་ཡོངས་སུ་ད་དུང་དབུལ་ཕོངས་རྫོང་ང་གཉིས་ཀྱི་ཞྭ་མོ་ཕུད་མེད་པ་དང་། དབུལ་ཕོངས་སྡེ་བ་སྟོང་གཉིས་བདུན་བརྒྱ་དང་བདུན་དབུལ་ཕོངས་ཀྱི་གྲས་ནས་ཕྱིར་བུད་མེད་པ། ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་ཚང་མ་དབུལ་ཐར་བྱས་མེད་པ་བཅས་རེད། སྔོན་ཆད་དང་བསྡུར་ན་སྤྱི་གྲངས་མང་པོ་མེད་ཀྱང་། ཚང་མ་དབུལ་ཕོངས་ཁྲོད་ཀྱི་དབུལ་ཕོངས་དང་དཀའ་ངལ་ཁྲོད་ཀྱི་དཀའ་ངལ་ཡིན་པས། ཆེས་དཀའ་བའི་དཀའ་གནད་ཅིག་རེད།  “འགན་སྲུང་གསུམ”གྱི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱས་ཡོད་མོད། འོན་ཀྱང་བརྟན་པོ་དང་སྲ་བརྟན་དུ་གཏོང་རྒྱུ་དེ་ལས་སླ་མོ་ཞིག་མིན། བྱིས་པ་ལ་ལས་སློབ་ཤོར་དང་སློབ་མཚམས་འཇོག་པ་དང་། ཞིང་སྡེ་མི་ཉུང་བ་ཞིག་གི་སྨན་བཅོས་ཞབས་ཞུའི་ཆུ་ཚད་དམའ་བ། ཞིང་སྡེ་ཁག་ཅིག་གི་ཉེན་ཁ་ཡོད་པའི་ཁང་བ་བསྒྱུར་བཀོད་ཀྱི་སྤུས་ཚད་མི་མཐོ་བ། ས་ཆ་ཁག་ཅིག་གི་འཐུང་ཆུའི་བདེ་འཇགས་བརྟན་པོ་མིན་པ་མ་ཟད་ད་དུང་དུས་ཚིགས་རང་བཞིན་གྱི་ཆུ་དཀོན་པའི་གནས་ཚུལ་བྱུང་ཡོད། ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་ཀྱི་ཁྲོད་རྒན་རྒོན་དང་ནད་པ། དབང་པོ་སྐྱོན་ཅན་བཅས་ཀྱི་བསྡུར་ཚད་ཀྱིས་བརྒྱ་ཆའི་ཞེ་ལྔ་དང་གྲངས་ཆུང་བདུན་ཟིན་ཡོད།

——ཏོག་གསར་གློ་ཚད་རིམས་ནད་ཀྱིས་འགྲན་སློང་གསར་པ་བསླངས་ཡོད། རིམས་ནད་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་ཐེབས་པའི་ཤུགས་རྐྱེན་གཙོ་བོ་ཕྱོགས་འདི་དག་ནས་མཚོན་ཡོད། གཅིག ཕྱི་ཕྱོགས་སུ་ལས་ཀ་འགྲོ་བར་བཀག་འགོག་ཐེབས་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། 2019ལོར་རྒྱལ་ཡོངས་སུ་ཡིག་ཚགས་དང་བྱང་བུ་ལས་པའི་ངལ་རྩོལ་པ་བྱེ་བ་གཉིས་དང་ས་ཡ་བདུན་འབུམ་གཉིས་ཁྲི་དགུ་ཕྱི་ཕྱོགས་སུ་ལས་ཀ་ལས་སུ་འགྲོ་བཞིན་ཡོད་པ་དང་། ཁྱིམ་ཚང་དེ་དག་གི་གསུམ་ཆའི་གཉིས་ཙམ་གྱི་ཡོང་འབབ་ཕྱི་ཕྱོགས་སུ་ལས་ཀ་ལས་པ་ལ་བརྟེན་ནས་ཐོབ་པ་ཡིན་ལ། མི་གྲངས་གསུམ་ཆའི་གཉིས་ནི་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་མི་གྲངས་རེད། ད་ལྟ།  དབུལ་ཕོངས་ཀྱི་ངལ་རྩོལ་པ་སྐོར་ཞིག་ཕྱི་ཕྱོགས་སུ་ལས་ཀ་ལས་སུ་འགྲོ་རྒྱུར་ཤུགས་རྐྱེན་ཐེབས་ཀྱིན་ཡོད། གལ་ཏེ་བྱེད་ཐབས་མ་སྤྱད་ཚེ་དུས་ཡུན་ཐུང་ངུའི་ནང་ཡོང་འབབ་ཇེ་ཉུང་དུ་འགྲོ་སྲིད། གཉིས་ནི་དབུལ་སྐྱོར་ཐོན་རྫས་ཕྱིར་འཚོང་དང་ཐོན་ལས་དབུལ་སྐྱོར་ལ་དཀའ་ཁག་ཡོད་པ། དབུལ་ཕོངས་ས་ཁུལ་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱེད་མི་ཐུབ་པ་དང་། ཞིང་བཀོལ་དངོས་རྫས་སྐྱེལ་འདྲེན་བྱེད་མི་ཐུབ་པ། ཐོན་སྐྱེད་དང་འཛད་སྤྱོད་མར་ཆག་པས། ཐོན་ལས་དབུལ་སྐྱོར་གྱི་ཡོང་སྒོ་འཕར་སྣོན་ལ་ཤུགས་རྐྱེན་ཐེབས་པ་བཅས་རེད། གསུམ་ནི་དབུལ་སྐྱོར་ལས་གཞི་ལས་མཚམས་བཞག་པ། གནས་གཞན་དུ་གནས་སྤོར་དབུལ་སྐྱོར་གྱི་ཆ་ཚང་སྒྲིག་ཆས་དང་འཐུང་ཆུའི་བདེ་འཇགས་བཟོ་སྐྲུན། ཞིང་སྡེའི་བགྲོད་ལམ་སོགས་ཀྱི་ལས་གཞི་ལས་འགོ་བཙུགས་པ་མི་འདང་བས་འཆར་གཞི་ལྟར་སྐུལ་འདེད་གཏོང་མི་རུང་། བཞི་ནི་རོགས་སྐྱོར་བྱ་བར་ཤུགས་རྐྱེན་ཐེབས་པ། རིམས་ནད་ཚབས་ཆེ་བའི་ས་ཁུལ་ཁ་ཤས་སུ་ལས་འཁུར་སྦྱོང་བརྡར་བྱེད་པའི་ལས་བྱེད་པ་དང་སྡེ་སྡོད་བྱ་བའི་རུ་ཁག་གནས་སྐབས་སུ་ལས་གནས་སྟེང་སྐྱོད་ཐབས་བྲལ་ཡོད།

——དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བར་དཀའ་ཁག་ཧ་ཅང་ཆེ། དབུལ་ཐར་བྱས་པའི་ས་ཁུལ་དང་མི་གྲངས་ཀྱི་ཁྲོད། ཐོན་ལས་ལ་ལའི་རྨང་གཞི་ཅུང་ཞན་པ་དང་། ཐོན་ལས་ཀྱི་ལས་གཞི་ཁ་ཤས་ངོ་བོ་གཅིག་མཚུངས་ཡིན་ཚད་ཚབས་ཆེ་བ། ལས་ཞུགས་ཁག་ཅིག་བརྟན་པོ་མིན་པ། སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ཀྱིས་བསྡུར་གྲངས་བཟུང་ཚད་མཐོ་བ་བཅས་རེད། ས་གནས་ཁག་ལ་ཐོག་མར་རྒྱུས་ལོན་རགས་ཙམ་བྱས་པ་ལྟར་ན། དབུལ་ཐར་བྱས་པའི་མི་གྲངས་ཀྱི་ཁྲོད་མི་ས་ཡ་གཉིས་ཙམ་ཡང་བསྐྱར་དབུལ་བོར་འགྱུར་བའི་ཉེན་ཁ་ཡོད་པ་དང་། མཐའ་མཚམས་ཀྱི་མི་གྲངས་ཁྲོད་མི་ས་ཡ་གསུམ་ཙམ་དབུལ་བོར་འགྱུར་བར་ཉེན་ཁ་ཡོད།

——དབུལ་ཐར་མཁྲེགས་གཏོར་བྱ་བར་ཤུགས་སྣོན་བྱེད་དགོས། མིག་སྔར་གནད་དོན་ཆེས་ཆེ་བ་ནི་ལྷོད་གཡེང་སྒྱིད་ལུག་དང་སེམས་ཤུགས་སྤོ་བསྒྱུར་བྱེད་པར་སྔོན་འགོག་བྱ་རྒྱུ་དེ་རེད། ན་ནིང་ཁྲུང་ཆིན་གྱི་བཞུགས་མོལ་ཚོགས་འདུའི་སྟེང་ངས་གནད་དོན་འདི་བཤད་པ་ཡིན། འོན་ཀྱང་། མི་གྲངས་སྔར་ལས་མང་པོ་དབུལ་ཐར་བྱས་པ་དང་དབུལ་ཕོངས་རྫོང་གིས་ཞྭ་མོ་ཕུད་པ་དང་བསྟུན་ནས། ས་གནས་ཁག་ཅིག་ཏུ་ལས་ཀའི་གཙོ་གནད་གཞན་སྒྱུར་དང་མ་དངུལ་གཏོང་ཤུགས་ཇེ་ཉུང་དུ་སོང་བ། ལས་བྱེད་མི་སྣའི་སེམས་ཤུགས་ཐར་ཐོར་ཡིན་པ་བཅས་ཀྱི་སྣང་ཚུལ་བྱུང་ཡོད། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཀག་སྡོམ་ཡང་ཡང་བྱས་ཀྱང་མི་ཁོག་པ་དང་། གྲངས་ཀ་ལྟར་དབུལ་ཐར་བྱེད་པ་དང་དབུལ་ཐར་རྫུན་བཟོ་བྱེད་པའི་བྱ་བ་སྔར་ལྟར་འབྱུང་བཞིན་ཡོད་ལ། ས་ཁུལ་ཁ་ཤས་སུ “བྱིན་པ་ཙམ་གྱིས་ཆོག་པར་བྱེད་པ”དང་། “མ་རྐང་ཙམ་གྱིས་ཆོག་པར་བྱེད་པ།” “བགོས་པ་ཙམ་གྱིས་ཆོག་པར་བྱེད་པ”སོགས་ཀྱི་གནད་དོན་ཕན་འབྲས་ལྡན་པའི་ཐག་གཅོད་ཐུབ་མེད་ལ། མང་ཚོགས་དབུལ་པོ་ཁག་ཅིག་འཕེལ་རྒྱས་སུ་འགྲོ་བའི་ནང་སྐྱེས་སྒུལ་ཤུགས་མི་འདང་བ་བཅས་རེད།

ལག་ལེན་གྱི་ཐད་ནས་བལྟས་ན། རིམས་ནད་དང་ཡང་ན་གནོད་འཚེས་དབུལ་བོ་ཉུང་གཏོང་གི་འཕེལ་རིམ་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད། ང་ཚོས་ངེས་པར་དུ་བྱེད་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་ཀྱི་ཤུགས་རྐྱེན་ཆེས་དམའ་བར་གཏོང་དགོས། ད་ལྟ། དབུལ་ཐར་མཁྲེགས་གཏོར་གྱི་སྲིད་ཇུས་འགན་སྲུང་དང་མ་དངུལ་རྒྱབ་སྐྱོར། བྱ་བའི་སྟོབས་ཤུགས་བཅས་འདང་ངེས་ཡོད་པ་མ་ཟད། རིམ་པ་སོ་སོའི་ལས་བྱེད་མི་སྣས་ཀྱང་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་པ་དང་། ཚང་མས་དམ་འཛིན་དང་ནུས་ཤུགས་ཡོད་རྒུས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་དོན་འཁྱོལ་ཡག་པོ་བྱས་ན། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་འགན་འཁྲི་དུས་ཚོད་ལྟར་ཡོངས་འགྲུབ་བྱེད་པར་ཆ་རྐྱེན་དང་ནུས་པ་ལྡན་ཡོད།

གསུམ། དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་འགན་འཁྲི་སྤུས་ཚད་མཐོ་བའི་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱ་དགོས།

དབུལ་ཐར་མཁྲེགས་གཏོར་འཐབ་འཛིང་གི་མཇུག་མཐའི་ལོ་གཅིག་གི་བྱ་བའི་ཐད། 《ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས “ཞིང་གསུམ”ཁྱབ་ཁོངས་ཀྱི་གཙོ་གནད་བྱ་བ་དམ་འཛིན་ཡག་པོ་བྱས་ནས་དུས་ལྟར་ཕྱོགས་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་བྱེད་པའི་སྐོར་གྱི་བསམ་འཆར》བཀོད་སྒྲིག་བྱས་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལག་བསྟར་དོན་འཁྱོལ་ཡོང་བར་དམ་འཛིན་ཡག་པོ་བྱེད་བཞིན་ཡོད།

དོན་ཚན་དང་པོ། དཀའ་ངལ་ཁྱད་བསད་བྱས་ཏེ་འགན་འཁྲི་ཡོངས་འགྲུབ་བྱེད་དགོས།  “ལྗོངས་གསུམ་ཁུལ་གསུམ”སོགས་ཧ་ཅང་དབུལ་བའི་ས་ཁུལ་མུ་མཐུད་དུ་དམིགས་སུ་བཟུང་ནས། དབུལ་ཐར་མཁྲེགས་གཏོར་ཇུས་གཞི་དོན་འཁྱོལ་བྱེད་པ་དང་། འབུར་ཐོན་གནད་དོན་དང་ཉམས་ཞན་བརྒྱུད་རིམ་ལ་དམིགས་ཏེ་སྲིད་ཇུས་དོན་འཁྱོལ་དམ་དུ་བཟུང་སྟེ། དཀའ་ངལ་མཉམ་སེལ་གྱིས་ལས་འགན་ཡོངས་འགྲུབ་བྱ་དགོས། ཞྭ་མོ་ཕུད་མེད་པའི་དབུལ་ཕོངས་རྫོང་ང་གཉིས་དང་དབུལ་ཕོངས་སྡེ་བ་སྟོང་གཅིག་བརྒྱ་དང་སོ་གསུམ་ལ་མིང་གདགས་འཐབ་སྐུལ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གིས་གཟབ་ནན་ཤུགས་དྲག་སྒོས“སྐུལ”བ་དང་། ཞིང་ལྗོངས་གྲོང་ཁྱེར་སོ་སོས་སེམས་གཅིག་སྒྲིལ་གྱིས“འཐབ”ནས། མཇུག་མཐའི་དཀའ་ངལ་མཁྲགས་པོ་སེལ་དགོས། “སེམས་ཁྲལ་མེད་པ་གཉིས་དང་འགན་སྲུང་གསུམ”གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་བསྐྱར་འཕར་མི་འབྱུང་བར་བྱ་དགོས། ངལ་རྩོལ་ནུས་པ་མེད་པའི་དམིགས་བསལ་དབུལ་ཕོངས་མི་གྲངས་ལ་སྤྱི་ཚོགས་འགན་སྲུང་གིས་མས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། སྲུང་འོས་ཡོངས་སྲུང་མངོན་འགྱུར་བྱ་དགོས།

དོན་ཚན་གཉིས་པ། ཧུར་ཐག་གིས་རིམས་ནད་ཀྱི་ཤུགས་རྐྱེན་སེལ་དགོས། ས་ཁུལ་དང་རིམ་པ་དགར་བའི་གནད་ཕིགས་འགོག་སྡོམ་ཐབས་ཇུས་དོན་འཁྱོལ་བྱས་ཏེ། རིམས་ནད་ཀྱི་གནོད་པ་ཧུར་ཐག་གིས་སེལ་དགོས། རིམས་ནད་ཚབས་ཆེ་བའི་ས་ཁུལ་གྱིས་གཙོ་བོ་རིམས་ནད་འགོག་སྡོམ་བཟང་བོ་བྱེད་པ་དང་མཉམ་དུ། བྱ་བའི་ཐབས་ཤེས་གསར་སྐྲུན་བྱས་ཏེ། རིམས་ནད་འགོག་སྡོམ་དང་དབུལ་ཐར་མཁྲེགས་གཏོར་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་ཏེ་སྤེལ་ཆོག  རིམས་ནད་མེད་པ་དང་རིམས་ནད་ཅུང་ཚབས་ཆུང་བའི་ས་ཁུལ་གྱིས་སྟོབས་ཤུགས་གཅིག་བསྡུས་ཀྱིས་དབུལ་ཐར་མཁྲེགས་གཏོར་མྱུར་དུ་སྤེལ་དགོས། དབུལ་ཕོངས་ངལ་རྩོལ་པའི་ལས་གཉེར་ལས་ཞུགས་ལ་དམིགས་བསལ་གྱིས་རྒྱབ་སྐྱོར་བྱས་ཏེ། ཁེ་ལས་ཀྱི་ལས་ཐོན་སླར་གསོ་དང་། ལས་གཞི་གལ་ཆེན་འགོ་རྩོམ་པ། དངོས་སྐྱེལ་མ་ལག་གི་འཛུགས་སྐྲུན་སོགས་ཐད་ནས་དབུལ་ཕོངས་ངལ་རྩོལ་བ་དམིགས་བཀར་གྱིས་རྩ་འཛུགས་དང་བཀོལ་སྤྱོད་བྱེད་པ་དང་། ཁེ་ལས་ཀྱིས་དབུལ་ཕོངས་ས་ཁུལ་དང་ལྷག་པར་དུ་ཚགས་བཙུགས་བྱང་བསྒྲིགས་ཀྱི་དབུལ་ཕོངས་ཁྱིམ་ཚང་གི་མི་སྣ་སྔར་ལས་མང་བོ་བསྡུ་བཀོལ་བྱེད་པར་སྐུལ་མ་གཏོང་དགོས་ལ། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་བརྒྱུད་དེ“གཅིག་གིས་གཅིག་ལ་རོགས་སྐྱོར་བྱེད”པའི་ཚུལ་གྱིས་དབུལ་ཕོངས་ངལ་རྩོལ་བ་མྱུར་དུ་གོ་རིམ་ལྡན་པར་ལས་གནས་སྟེང་ལོག་ཏུ་འཇུག་དགོས།

རིགས་དགར་ནས་སྲིད་ཇུས་ལག་བསྟར་བྱས་ཏེ། རིམས་ནད་བྱུང་མེད་པའི་ས་ཁུལ་དུ་ལས་བྱེད་མི་སྣ་སྐྱེལ་བསུ་བྱེད་པའི་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་། ཞིང་ཕྱུགས་དང་ཕྱུགས་ལས་ཐོན་རྫས་ཀྱི་ཚོང་བྲིན་གྱིན་པའི་གནད་དོན་ལ་དབུལ་སྐྱོར་བྱེད་པའི་གནད་དོན་ཐག་གཅོད་བྱས་ནས་ཐོན་རྫས་ཕྱིར་འཚོང་ལ་འབྲེལ་མཐུད་བྱེད་པར་རྩ་འཛུགས་བཟང་པོ་བྱས་ཏེ། འཛད་སྤྱོད་དབུལ་སྐྱོར་གྱི་འགུལ་སྐྱོད་དང་། མཉམ་འབྲེལ་དྲ་ཚིགས་བཀོལ་སྤྱོད་དང་ཕྱིར་འཚོང་ཐབས་ལམ་རྒྱ་བསྐྱེད་པ། ཐབས་ལམ་མང་པོར་བརྟེན་ནས་ཞིང་ལས་ཐོན་རྫས་ཕྱིར་འཚོང་དཀའ་བའི་གནད་དོན་ཐག་གཅོད་བྱས། དབུལ་སྐྱོར་ཐོན་ལས་ཀྱི་ཐོན་སྐྱེད་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱེད་ཆེད། ཞིང་ལས་རྒྱུ་ཆ་མཁོ་འདོན་སོགས་དཔྱིད་འདེབས་གྲ་སྒྲིག་བྱ་བ་བཟང་པོར་བསྒྲུབ་སྟེ། ཐོན་ལས་དབུལ་སྐྱོར་མ་དངུལ་དང་གྲངས་ཉུང་ཡིད་རྟོན་དངུལ་བུན་བསྐྱི་བའི་སྲིད་ཇུས་བཀོལ་སྤྱོད་བཟང་པོ་དང་། དབུལ་སྐྱོར་ཐོན་ལས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱ་དགོས། དབུལ་སྐྱོར་ལས་གཞིའི་ལས་ཀ་མགོ་རྩོམ་པའི་ཚད་ཇེ་མགྱོགས་སུ་གཏོང་དགོས་པ་དང་། ས་གཞན་ལ་གནས་སྤོ་བའི་སྒྲིག་ཆས་ཆ་ཚང་འཛུགས་སྐྲུན་དང་། སྡོད་ཁང་དང་འཐུང་ཆུའི་བདེ་འཇགས་མཇུག་སྒྲིལ་བའི་བཟོ་སྐྲུན་ལས་འགན་ཡོད་ཚད་ལོ་སྟོད་ལ་ཡོངས་འགྲུབ་བྱ་དགོས། རིམས་ནད་ཀྱི་དབང་གིས་ཡང་བསྐྱར་དབུལ་བོར་གྱུར་བའི་མི་རྣམས་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཟང་པོར་བསྒྲུབ་སྟེ། རིམས་ནད་ཀྱིས་ཤན་ཤུགས་ཐེབས་པའི་དབུལ་ཕོངས་མི་གྲངས་ཀྱི་གནས་ཚུལ་ལ་དམ་པོར་འབྲེལ་བ་དང་། དུས་ལྟར་འགན་སྲུང་བྱེད་པ་སོགས་ཀྱི་རོགས་སྐྱོར་བྱེད་ཐབས་དངོས་འབེབ་བྱས་ཏེ། རྨང་གཞིའི་འཚོ་བར་ཤན་ཤུགས་མི་ཐེབས་པར་ཁག་ཐེག་བྱ་དགོས།

དོན་ཚན་གསུམ་པ། བྱེད་ཐབས་མང་པོ་སྤྱད་དེ་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་གིས་ན་ནིང་ལོ་མཇུག་ལ་ས་ཁུལ་སོ་སོ་ནས་རྩ་འཛུགས་བྱས་ཏེ་དབུལ་ཕོངས་ལས་ཐར་བའི་མི་གྲངས་བྱེ་བ་དགུ་དང་ས་ཡ་གསུམ་ལྷག་ལ་ཞིབ་བཤེར་བྱས་པ་དང་། སྐྱོན་ཆ་བཙལ་ནས་རེ་རེ་བཞིན་དག་ཐེར་ཡོ་བསྲང་གནད་ལ་འཁེལ་བ་བྱས། ཡང་བསྐྱར་དབུལ་བོར་འགྱུར་ཉེན་ཆེ་བའི་མི་གྲངས་ས་ཡ་གཉིས་དང་དབུལ་བོར་འགྱུར་ཉེན་ཆེ་བའི་མི་གྲངས་ས་ཡ་གསུམ་ལ་ཉེ་བ་ཙམ་ལ་དམིགས་གཏད་རང་བཞིན་ལྡན་པའི་འགོག་སྲུང་བྱེད་ཐབས་སྤྱད་པ་དང་། ཡང་བསྐྱར་དབུལ་བོར་འགྱུར་བ་དང་དབུལ་བོར་འགྱུར་ཉེན་ཆེ་བའི་མི་རྣམས་དབུལ་སྐྱོར་གྱི་གྲས་སུ་བཞག

ལས་ཞུགས་དབུལ་སྐྱོར་གྱི་ཤུགས་ཚད་ཇེ་ཆེར་བཏང་ནས་ངལ་རྩོལ་པ་ཕྱིར་གཏོང་བ་དང་ནང་འདྲེན་གྱི་འབྲེལ་མཐུད་བྱ་བ་ཇེ་དྲག་ཏུ་བཏང་ནས་ལས་གནས་བརྟན་འཇགས་དང་རྒྱ་བསྐྱེད་དུ་བཏང་ལ། དབུལ་སྐྱོར་ཁེ་ལས་གཙོ་བོ་དང་། དབུལ་སྐྱོར་འཁོར་ཁང་གིས་མྱུར་དུ་ལས་ཀ་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་ནས། དབུལ་ཕོངས་མང་ཚོགས་ལ་སྣེ་ཁྲིད་པའི་ནུས་ཤུགས་མཐོར་འདེགས་དང་། སྤྱི་ཕན་ལས་རྐང་ལ་བརྟེན་ནས་ཐག་ཉེ་ས་ནས་ལས་ཞུགས་བྱེད་པའི་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱ་དགོས། ཐོན་ལས་དབུལ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་ནས་འདེབས་འཛུགས་ལས་རིགས་ཀྱི་འཕེལ་རྒྱས་ལ་རང་གི་ཆོས་ཉིད་ཡོད་པ་དང་། འཁོར་ཡུན་ཅུང་རིང་བས། ཡུན་རིང་གི་གསོ་སྐྱོང་དང་རྒྱབ་སྐྱོར་ལ་མཐོང་ཆེན་བྱེད་དགོས། ཉེ་བའི་ལོ་འགའི་རིང་ལ། དངུལ་གྲངས་ཉུང་བའི་དབུལ་སྐྱོར་ཡིད་རྟོན་དངུལ་བུན་གྱིས་དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་ལ་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱས་ཤིང་། ད་དུང་མུ་མཐུད་དུ་རྒྱབ་སྐྱོར་བྱེད་དགོས། གནས་སྤོ་དབུལ་སྐྱོར་བྱེད་པའི་རྗེས་མཐུད་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་གཏོང་དགོས། རྒྱལ་ཡོངས་ཀྱི་ས་གཞན་ལ་གནས་སྤོས་པའི་དབུལ་ཕོངས་མི་གྲངས་ས་ཡ་དགུ་དང་འབུམ་དྲུག་ལྷག་དང་། དབུས་ནུབ་རྒྱུད་ས་ཁུལ་གྱི་ད་དུང་དབུལ་བོ་མིན་པའི་མི་གྲངས་ས་ཡ་ལྔ་དུས་མཉམ་དུ་གནས་སྤར་པས། དེ་ནི་འབྲིང་རིམ་རྒྱལ་ཁབ་ཀྱི་མི་གྲངས་དང་ཕལ་ཆེར་གཅིག་མཚུངས་རེད། ད་ལྟ་གནས་སྤར་པའི་གནད་དོན་ཕལ་ཆེར་ཐག་གཅོད་བྱས་པ་དང་། རིམ་པ་རྗེས་མའི་བྱ་བ་གཙོ་བོ་ནི་ཚུགས་ཐུབ་པ་དང་། ལས་ཞུགས་བྱེད་ཐུབ་པ། རིམ་བཞིན་ཕྱུག་པོར་གཏོང་རྒྱུ་དེ་ཡིན།

དོན་ཚན་བཞི་བ། དབུལ་སྐྱོར་མཁྲེགས་གཏོར་གྱི་སྲིད་ཇུས་སྲུང་འཛིན་བྱེད་དགོས། དབུལ་ཕོངས་ལས་ཐར་བའི་རྫོང་དང་། དབུལ་ཕོངས་ལས་ཐར་བའི་སྡེ་བ། དབུལ་ཕོངས་ལས་ཐར་བའི་མི་རྣམས་ཀྱིས་ད་ཡོད་ཀྱི་རོགས་སྐྱོར་སྲིད་ཇུས་ཀྱི་སྤྱིའི་བརྟན་འཇགས་སྲུང་འཛིན་བྱས་ཏེ། མུ་མཐུད་དུ་དབུལ་ཐར་གྱི་ལམ་དུ་བསྐྱོད་དགོས། བར་བརྒལ་དུས་སྐབས་ཤིག་འཛུགས་པར་བསམ་བློ་བཏང་སྟེ། བར་བརྒལ་དུས་སྐབས་སུ། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཀྱང་འགན་འཁྲི་འདོར་མི་རུང་བ་དང་། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཀྱང་སྲིད་ཇུས་མི་འདོར་བ། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཀྱང་ལྟ་རྟོག་མི་འདོར་བའི་རེ་བ་ལྟར་དུ། གཙོ་བོ་སྲིད་ཇུས་ཀྱི་བྱེད་ཐབས་མྱུར་དུ་ལག་བསྟར་བྱེད་མཚམས་འཇོག་མི་ཉན་པ་དང་། སྡེ་བར་སྡོད་པའི་བྱ་བའི་རུ་ཁག་ཕྱིར་འཐེན་བྱེད་མི་རུང་།

ཡང་བསྐྱར་དབུལ་བོར་འགྱུར་བ་གཏན་འགོག་དང་རོགས་སྐྱོར་རྐྱེན་སྲོལ་འཛུགས་པའི་ཤུགས་ཚད་ཇེ་མགྱོགས་སུ་བཏང་ནས་དབུལ་ཕོངས་ལས་ཐར་ཡག་བྱས་མེད་པའི་ཁྱིམ་ཚང་དང་། མཐའ་མཚམས་ཀྱི་དབུལ་བོར་འགྱུར་སླ་བའི་ཁྱིམ་ཚང་། རིམས་ནད་ཀྱི་དབང་དང་རྒྱུ་རྐྱེན་གཞན་པའི་དབང་གིས་ཡོང་སྒོ་ཇེ་ཉུང་དུ་སོང་བ་དང་། འགྲོ་སོང་ཇེ་མང་དུ་སོང་བའི་ཁྱིམ་ཚང་ལ་ལྟ་རྟོག་བྱེད་ཤུགས་ཇེ་དྲག་དུ་བཏང་ནས་དམིགས་ས་ཡོད་པའི་སྒོ་ནས་སྔོན་ལ་རོགས་སྐྱོར་བྱེད་ཐབས་ལག་བསྟར་བྱེད་དགོས་པ་ལས་ཁོ་ཚོ་ཡང་བསྐྱར་དབུལ་བོར་གྱུར་ན་ད་གཟོད་སྐྱོབ་ཐབས་བྱེད་པའི་བྱེད་ཐབས་ལག་བསྟར་བྱ་མི་རུང་།

དོན་ཚན་ལྔ་བ། ཁྱབ་བཤེར་ལ་དཔྱད་ཞིབ་ནན་མོ་བྱེད་པ་དང་། དབུལ་ཕོངས་ཀྱི་གྲས་ནས་འབུད་པར་ཞིབ་བཤེར་ནན་མོ་བྱས་ཏེ། གྲངས་ཀའི་དབུལ་ཐར་དང་དབུལ་ཐར་རྫུན་མ་གཏན་འགོག་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚན་ཆུང་གིས་ལྟ་བཤེར་སྐོར་ཞིབ་བྱས་ཏེ། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་པ་དང་། ད་ལོར་ཀྲུང་དབྱང་གིས་མུ་མཐུད་དུ་དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་ལ་དཔྱད་ཞིབ་བྱ་རྒྱུ་རེད། ད་ལོའི་ལོ་སྨད་ནས་བཟུང་། རྒྱལ་ཁབ་ཀྱིས་དབུལ་སྐྱོར་མཁྲེགས་གཏོར་ལ་ཁོངས་ཁྱབ་ཞིབ་དཔྱད་བྱེད་པར་རྩ་འཛུགས་བྱས་ཏེ། ས་ཁུལ་སོ་སོའི་དབུལ་ཐར་མཁྲེགས་གཏོར་གྱི་ཕན་འབྲས་ལ་ཡོངས་སུ་ཞིབ་བཤེར་བྱེད་རྒྱུ་རེད། འདི་ནི་དོན་ཆེན་ཞིག་རེད། ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེག་གཏོར་ལ་རྒྱལ་ཁ་བླངས་པ་དང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་པར་གཞི་གྲངས་འདོན་སྤྲོད་བྱས་པ་འོས་འཚམ་གྱིས་དྲིལ་སྒྲོག་བྱས་ནས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་པ་བྱ་དགོས།

དོན་ཚན་དྲུག་པ། ཕྱོགས་ཡོངས་དབུལ་ཐར་དང་ཞང་སྡེ་དར་སྤེལ་ནུས་ལྡན་གྱིས་སྦྲེལ་མཐུད་བྱེད་པར་མུ་མཐུད་སྐུལ་སྤེལ་བྱ་དགོས། དབུལ་ཐར་དང་དབུལ་བོའི་ཞྭ་མོ་ཕུད་པ་དེས་རྫོགས་ཚིག་བཀོད་པ་མིན་པར། འཚོ་བ་གསར་བ་དང་འབད་འཐབ་གསར་བའི་དབུ་ཁྱུད་བྲིས་པ་ཡིན། འགལ་བ་གཙོ་བོའི་འགྱུར་བར་ཁ་གཏད་དེ། བྱ་བའི་བསམ་ཕྱོགས་གསལ་བོར་བྱེད་པ་དང་། དབུལ་ཐར་འཐབ་ཇུས་དང་བྱ་བའི་མ་ལག་གི་བརྟན་བརླིང་ཚུལ་བསྒྱུར་ལ་སྐུལ་འདེད་གཏོང་བ། དེ་གཉིས་གཅིག་གྱུར་གྱིས་ཞང་སྡེ་དར་རྒྱས་འཐབ་ཇུས་ཁྲོད་འཇོག་པ་བཅས་བྱས་ཏེ། རིང་ཐུང་ཟུང་སྦྲེལ་དང་རྩ་ལག་མཉམ་བཅོས་ཀྱི་སྒྲིག་སྲོལ་རྐྱེན་སྲོལ་འཛུགས་དགོས། བྱ་བ་འདིའི་ཐད་ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གིས་ཞིབ་འཇུག་བྱེད་བཞིན་པའི་སྒང་ཡིན། སྤྱིའི་ཆ་ནས་དར་རྒྱས་མིན་པའི་ས་ཁུལ་དང་ཞིང་སྡེའི་ཡོང་སྒོ་དམའ་བའི་མི་གྲངས་ཀྱི་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་བསྐྱེད་པར་ཕན་ཐོགས་པ་དང་། གནད་ཕིགས་རོགས་སྐྱོར་ལག་བསྟར་བྱེད་པར་ཕན་ཐོགས་ནས། ཐུན་མོང་འབྱོར་ཕྱུག་རིམ་བཞིན་མངོན་འགྱུར་བྱེད་པར་ཡར་སྐུལ་བྱ་དགོས། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་དངོས་ཡོད་དང་ཟུང་འབྲེལ་བྱས་ནས་སྔོན་ལ་སྒྲུབ་ནས་ཉམས་མྱོང་བསགས་ཆོག

བཞི་བ། ཏང་གིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་མགོ་ཁྲིད་ལ་ཤུགས་བསྣོན་དགོས། བྱ་བའི་མགོ་རྩོམ་སླ་ཡང་། མཇུག་སྡུད་དཀའ་བའི་དཔེ་བཞིན་དུ། དབུལ་ཐར་མཁྲེགས་གཏོར་དེ་ཇི་ལྟར་མཇུག་ཏུ་ཐོན་ན་ཏང་གི་འགོ་ཁྲིད་ལ་དེ་ལྟར་ཤུགས་སྣོན་དང་ལེགས་བཅོས་བྱེད་དགོས་པས། རིམ་པ་སོ་སོའི་ཏང་ཨུས་ངེས་པར་དུ་རང་འགན་ནན་སྒྲུབ་བྱེད་པ་དང་འགན་འཁྲི་ལ་ངོ་མི་གནོང་བར་བྱ་དགོས།

2020ལོར་ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་ཐིག་གི་འོག་ནས་ཞིང་སྡེའི་དབུལ་ཕོངས་མི་གྲངས་ཕྱོགས་ཡོངས་ནས་དབུལ་ཐར་བྱེད་དགོས། འདི་ནི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་དམངས་ལ་ཁས་ལེན་བྱས་པ་ཞིག་ཡིན་པས། ངེས་པར་དུ་དུས་ལྟར་མངོན་འགྱུར་བྱ་དགོས་པ་ལས། ཕྱིར་སྣུར་བྱེད་ཐབས་མེད། འདི་ནི་དམག་འཐབ་དྲག་པོ་ཞིག་ཡིན་པས། ཆེས་མཐའ་མཇུག་དུ་ཐོན་ན་སྔར་ལས་དམ་འཛིན་བྱེད་པ་ལས། མཚམས་འཇོག་མི་ཉན་ལ། སྣང་མེད་དུ་འཇོག་མི་ཉན་ཞིང་། ལྷོད་གཡེང་དེ་བས་ཀྱང་བྱེད་མི་རུང་། ཞིང་ཆེན་དང་ཁུལ་གྲོང་ཁྱེར་སོ་སོས་དམག་གི་བཀའ་ཡིག་ལ་རིམ་པ་བཞིན་མིང་རྟགས་བཀོད་དེ། ཁས་ལེན་ལག་བསྟར་བྱས་ཤིང་། དུས་ཚོད་ནི་སྐད་ཅིག་ཉིད་ལ་ཕར་འདས་ཀྱང་། གོང་འོག་ཚང་མས་ངེས་པར་དུ་བྱ་བ་དེ་དམ་འཛིན་བྱ་དགོས།

ཀྲུང་དབྱང་ནོར་སྲིད་ཀྱིས་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་གྱི་གཞི་ཁྱོན་མུ་མཐུད་དུ་ཇེ་ཆེར་གཏོང་དགོས་པ་དང་། རིམ་པ་སོ་སོའི་ནོར་སྲིད་ཀྱིས་ཀྱང་དབུལ་ཐར་མཁྲེགས་གཏོར་གྱི་མ་དངུལ་གྱི་དགོས་མཁོར་ཁག་ཐེག་བྱ་དགོས། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་ཁུ་སྡུད་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དབུལ་སྐྱོར་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། མ་དངུལ་བཀོལ་སྤྱོད་ཀྱི་ཕན་འབྲས་ཇེ་མཐོར་གཏང་དགོས། གཏན་འཇགས་དབུལ་ཐར་མངོན་འགྱུར་བྱས་པའི་ས་གནས་ནས། ས་ཆ་སོ་སོས་ཆེད་སྤྱོད་དབུལ་ཐར་མ་དངུལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། དབུལ་ཕོངས་མིན་པའི་རྫོང་དང་དབུལ་ཕོངས་མིན་པའི་སྡེ་བའི་དབུལ་ཕོངས་མི་གྲངས་དབུལ་ཕོངས་ལས་ཐར་བར་རྒྱབ་སྐྱོར་བྱ་དགོས།

ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་། ཀྲུང་དབྱང་ལས་ཁུངས་ཀྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ཟབ་སྤེལ་བྱས་ཏེ། དེང་སྐབས་ཆེས་འབུར་ཐོན་ཡིན་པའི་ལས་འགན་ནི་དབུས་ནུབ་རྒྱུད་ས་ཁུལ་ནས་རིམས་ནད་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་གནོད་པ་ཐེབས་ཚད་ཇེ་དམའ་རུ་གཏོང་རོགས་བྱ་དགོས་པ་དང་། ངལ་རྩོལ་མཐུན་སྦྱོར་ཐད་རོགས་རམ་བྱེད་པ་དང་། འཛད་སྤྱོད་དབུལ་སྐྱོར་ཐད་རོགས་རམ་བྱེད་དགོས། ཡུན་རིང་ལ་ལྟོས་ན་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་གྱིས་རྒྱལ་ཁབ་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་སྤྱིའི་འཐབ་ཇུས་ལ་རྐང་བཙུགས་ནས། ས་ཁོངས་མཉམ་ལས་ཟབ་སྤེལ་བྱེད་པ་དང་། ཤར་རྒྱུད་ཀྱི་ཐོན་ལས་ནུབ་རྒྱུད་དུ་རིམ་བཞིན་སྤོར་བར་སྐུལ་སྤེལ་བྱས་ཏེ། ཐོན་ལས་གསབ་རེས་དང་མི་སྣ་འགྲོ་འོང་། ལག་རྩལ་སློབ་རེས། བསམ་བློ་བརྗེ་རེས། སྤྱོད་ཚུལ་སྦྱོང་རེས་བཅས་བྱས་ནས་མཉམ་དུ་འཕེལ་རྒྱས་སུ་གཏོང་དགོས།

དབུལ་ཐར་མཁྲེགས་གཏོར་གྱི་ལས་འགན་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་ཡོང་མིན་དེ་གནད་འགག་མི་དང་ལས་བྱེད་པའི་དཔུང་སྡེའི་ཀུན་སྤྱོད་ལ་རག་ལས། དབུལ་ཐར་ཁྱབ་ཁོངས་ཀྱི་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ། བྱ་བ་དང་འཚོ་བ། བདེ་འཇགས་སོགས་ཕྱོགས་སོ་སོར་འགན་སྲུང་བཟང་བོ་བྱས་ཏེ། གཞི་རིམ་གྱི་དབུལ་སྐྱོར་ལས་བྱེད་པ་རྣམས་བློ་རྩེ་གཅིག་སྒྲིམ་གྱིས་རིམས་ནད་འགོག་སྡོམ་དང་དབུལ་ཐར་མཁྲེགས་གཏོར་བྱ་བའི་ཁྲོད་ཞུགས་སུ་འཇུག་དགོས། དབུལ་ཐར་མཁྲེགས་གཏོར་ལས་བྱེད་པའི་གསོ་སྦྱོང་ལ་ཤུགས་བསྣན་ནས། གསར་དུ་བདམས་མངགས་བྱས་པའི་སྡེ་སྡོད་ལས་བྱེད་པ་དང་གསར་དུ་བསྐོས་པའི་ཞང་སྡེའི་ལས་བྱེད་པ་ཚང་མར་རེས་སྐོར་སྦྱོང་བརྡར་ཐེངས་གཅིག་བྱེད་པར་ཁག་ཐེག་བྱས་ཏེ། གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་གྱི་ནུས་པ་ཇེ་དྲག་ཏུ་གཏོང་དགོས།

དབུལ་ཐར་མཁྲེགས་གཏོར་བྱ་བ་བཟང་པོར་བསྒྲུབ་དགོས་པ་མ་ཟད། དྲིལ་སྒྲོག་བྱ་བ་ཡང་བཟང་པོར་བསྒྲུབ་དགོས།

ཏང་ཀྲུང་དབྱང་གིས་དབུལ་ཐར་མཁྲེགས་གཏོར་གྱི་ཇུས་ཆོད་བཀོད་སྒྲིག་གཙོ་བོ་བྱས་ནས་དྲིལ་སྒྲོག་བྱེད་དགོས་པ་དང་། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རིམས་ནད་འགོག་སྲུང་ཚོད་འཛིན་དང་དབུལ་ཐར་མཁྲེགས་གཏོར་བྱ་བའི་བྱེད་ཐབས་གསར་བར་ཡར་སྐུལ་བྱེད་པར་གཅིག་གྱུར་འཆར་འགོད་བྱ་དགོས་པ་དང་། གཞི་རིམ་དབུལ་སྐྱོར་ལས་བྱེད་པའི་དཔེ་མཚོན་བྱས་རྗེས་དང་དབུལ་ཕོངས་ས་ཁུལ་གྱི་མི་དམངས་མང་ཚོགས་ཀྱི་དཀའ་སྤྱད་འབད་བརྩོན་གྱི་མི་སེམས་འགུལ་བའི་གཏམ་རྒྱུད་དྲིལ་སྒྲོག་བཅས་བྱ་དགོས། སྐྱོན་བརྗོད་དང་། བསམ་འཆར་གང་ལེགས་འདོན་པར་ཉན་ནས་དུས་ལྟར་བྱ་བ་ལེགས་བསྒྱུར་བྱེད་པ་དང་། གནད་དོན་ཐག་གཅོད་དགོས། ཚིག་ཚོན་འདེབས་པ་དང་། འུད་སྒྲོག་བྱས་ནས་གནད་དོན་ཁ་ཤས་ཇེ་ཆེར་བཏང་སྟེ་དབུལ་སྐྱོར་མཁྲེགས་གཏོར་གྱི་ཆེ་ཕྱོགས་ལ་ཤན་ཤུགས་བཟོ་བར་ཁྲིམས་ལྟར་བཀག་འགོག་བྱ་དགོས།

བློ་མཐུན་རྣམ་པ། དབུལ་སྐྱོར་མཁྲེགས་གཏོར་གྱི་བྱ་བ་དེ་དཀའ་ཚེགས་ཤིན་ཏུ་ཆེ་བ་དང་། མཇུག་བསྡུ་བའི་ལོ་འདིར་རིམས་ནད་ཀྱིས་ཤན་ཤུགས་ཐེབས་པས། བྱ་བ་སོ་སོའི་ལས་འགན་སྔར་ལས་ལྗིད་ཅིང་། རེ་བ་སྔར་ལས་མཐོ། ང་ཚོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས། ཡིད་ཆེས་ཆེར་བསྐྱེད་དང་འབད་བརྩོན་ཆེན་པོས་དབུལ་ཐར་མཁྲེགས་གཏོར་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ལེན་པར་བརྩོན་ལེན་བྱེད་དགོས་པ་དང་། ལས་ཀ་འདི་ལེགས་འགྲུབ་བྱུང་ན་ཀྲུང་ཧྭ་མི་རིགས་དང་། མིའི་རིགས་ལ་དོན་སྙིང་གལ་ཆེན་ལྡན་པའི་རླབས་ཆེན་གྱི་བྱ་གཞག་ཅིག་རེད།

                                                                   ལོ་ཙཱ། སྒྲོལ་མ་སྐྱིད། ཤ་བོ་རིན་མཚོ། ཚེ་རིང་སྒྲོལ་མ།