གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ3པའི་ཚེས1ཉིན་བར། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ལས་སྐྱེ་དངོས་སྣ་ཚོགས་མུའུ་འབུམ་གསུམ་འདེབས་འཛུགས་བྱས་པ་དང་། དེའི་ནང་དགུན་གྲོ་མུའུ་འབུམ་གཅིག་ཁྲི་བདུན་དང་དཔྱིད་འདེབས་འབྲུ་རིགས་མུའུ་འབུམ་གཅིག་ཁྲི་གསུམ་ཟིན་པ་དེས་ཞིང་ལས་སྐྱེ་དངོས་འདེབས་འཛུགས་རྒྱ་ཁྱོན་གྱི3.6%ཟིན་ཡོད།
ཐོགས་མེད་བགྲོད་ལམ་ཤར་གཏོང་གིས་ཞིང་སྤྱོད་དངོས་རྫས་ཀྱི་མཁོ་སྤྲོད་འགན་ལེན་བྱས། མཚོ་སྔོན་གྱི་རིམ་པ་སོ་སོའི་ཞིང་ལས་ཞིང་སྡེ་སྡེ་ཚན་གྱིས་མཁོ་འཚོང་སྡེ་ཚན་དང་ཞིང་སྤྱོད་དངོས་ཟོག་ཁེ་ལས་བར་མཐུན་སྦྱོར་ལེགས་པོ་བྱས་ནས། རྫས་ལུད་དང་ཞིང་སྤྱོད་འགྱིག་ཤོག་སོགས་ཞིང་ལས་ཐོན་སྐྱེད་ཀྱི་རྒྱུ་ཆ་ན་ནིང་ལས་སྔ་བར་གྲ་སྒྲིག་བྱེད་འགོ་ཚུགས་ཡོད། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱིས་ཁྱོན་སྡོམ་སྐྱེ་ལྡན་ལུད་ཏུན་འབུམ་བཞི་ལྷག་ཙམ་ཐོན་སྐྱེད་གྲབས་གསོག་བྱས་པ་དེ་ན་ནིང་ལས55%འཕར་ཡོད། རྫས་ལུད་ཏུན་འབུམ་གཅིག་ལྷག་ནང་འདྲེན་བྱས་པ་དང་། 70%ཡན་གཞི་རིམ་གྱི་དྲ་ཚིགས་སུ་བཏང་ཡོད། ན་ནིང་སྟོན་ཀའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ས་བོན་དོ་དམ་སྡེ་ཚན་གྱིས་བྱ་ཐབས་ནུས་ལྡན་སྤྱད་དེ་སོན་བཟང་གསོག་འཇོག་ལ་ཤུགས་སྣོན་བརྒྱབ་པ་དང་། ཁྱོན་སྡོམ་སོན་བཟང་སྤྱི་རྒྱ་བྱེ་བ་གསུམ་ལྷག་གྲབས་གསོག་བྱས་པའི་ཁྲོད་ནས། མིག་སྔར་སྤྱི་རྒྱ་ས་ཡ་ལྔ་ཕྱིར་འཚོང་བྱས་པ་དེས16.2%ཟིན་ཡོད། ཞིང་བ་ཁྱིམ་ཚང་གིས་རང་ཉིད་ཀྱི་འདེབས་འཛུགས་ལ་མཁོ་བའི་ས་བོན་སྤྱི་རྒྱ་དུང་ཕྱུར་གཉིས་དང་བྱེ་བ་བཞི་ཉར་ཚགས་བྱས་ཡོད་པས། དཔྱིད་འདེབས་ཐོན་སྐྱེད་ལ་མཁོ་བའི་སོན་བཟང་གི་དགོས་མཁོ་སྐོང་ཐུབ་ཡོད།
ཁུལ་དབྱེ་རིམ་དབྱེའི་བྱ་ཐབས་སྤྱད་དེ་དུས་ཐོག་ཏུ་དཔྱིད་འདེབས་ཐོན་སྐྱེད་ལ་ཤུགས་སྣོན་བྱས། མཚོ་སྔོན་གྱིས་མང་ཚོགས་སྐུལ་སློང་བྱས་ནས་དུས་ཚོད་དམ་འཛིན་སྒོས་དཔྱིད་འདེབས་ཀྱི་ལས་ཀ་ཡག་པོ་བསྒྲུབས་པ་དང་། ཞིང་པ་དང་ལས་རིགས་ཁག་གི་ཚོང་གཉེར་པ་རྣམས་གོ་རིམ་བཞིན་ཞིང་ཁར་བསྐྱོད་དེ་དུས་ཚོད་བགོས་ནས། ས་ཞིང་འདེབས་པ་དང་ཁག་བགོས་ནས་ལས་ཀར་ཁྲིད་སྟོན་བྱས། དགུན་ཁའི་དུས་ཚིགས་བེད་སྤྱོད་ལེགས་པོ་བྱས་ནས་ཞིང་ལས་འཕྲུལ་ཆས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ། སྡེ་བ་དང་ཁྱིམ་ཚང་དུ་བསྐྱོད་དེ་ཞིང་ལས་འཕྲུལ་ཆས་སྤྱོད་མཁན་དང་ཞིང་ལས་འཕྲུལ་ཆས་ལག་རྩལ་མི་སྣ་གསོ་སྦྱོང་། ཞིང་ལས་འཕྲུལ་ཆས་སྤྱོད་མཁན་ལ་ཞིང་ལས་འཕྲུལ་ཆས་ཞིག་གསོ་དང་ཞིབ་བཤེར་བཟོ་བཅོས་བྱེད་སྟངས་མཛུབ་ཁྲིད་བྱས། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱིས་ཞིང་ལས་འཕྲུལ་ཆས་སྤྱོད་མཁན་སྟོང་གཉིས་དང་ལྔ་བརྒྱ་ལྷག་ཙམ་ལ་གསོ་སྦྱོང་བྱས་པ་དང་། ཞིང་ལས་འཕྲུལ་ཆས་འབུམ་གཅིག་ལྷག་ལ་ཞིབ་བཤེར་བྱས། མིག་སྔར་ས་ཁུལ་སོ་སོའི་ཞིང་ལས་འཕྲུལ་ཆས་ཞབས་ཞུའི་རྩ་འཛུགས་ཀྱིས་ཞིང་ལས་འཕྲུལ་ཆས་གྲ་སྒྲིག་བྱས་ནས་གཅིག་རྗེས་གཉིས་མཐུད་ངང་དཔྱིད་འདེབས་ཐོན་སྐྱེད་ཐད་སྤྱོད་བཞིན་ཡོད།
རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ལས་འགོ་ཚུགས་པ་དང་ལས་འགོ་བསྐྱར་གསོ་བྱ་རྒྱུར་སྐུལ་སློང་བྱས། ཁག་དབྱེ་ནས་ཁེ་ལས་ལ་མཁོ་བའི་དངུལ་བུན་སྒོར་དུང་ཕྱུར་ཉེར་བརྒྱད་ལྷག་གི་སྙན་ཞུ་བསྡུ་རུབ་བྱས་པ་དེ་ཁེ་ལས་གྱ་དྲུག་དང་འབྲེལ་བ་ཡོད་པས། མིག་སྔར་ཁེ་ལས་བཅུ་གཉིས་ལ་དངུལ་བུན་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་དངོས་འབེབས་བྱས། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་རིམ་པ་ཡན་གྱི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཁེ་ལས553ཡོད་པའི་ནང་ནས་ཁེ་ལས497ལས་འགོ་ཚུགས་པ་དང་ཐོན་སྐྱེད་སླར་གསོ་བྱུང་ཡོད་པ་དེས90.1%ཟིན་ཡོད་ཅིང་། ལས་འགོ་བསྐྱར་ཚུགས་བྱས་ནས་ལས་མི་ལས་གནས་སུ་འབྱོར་ཚད60%ཡན་ཟིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ཞིང་ཆེན་རིམ་པ་ཡན་གྱི་གཙོ་གནད་སྣེ་ཁྲིད་ཁེ་ལས154ཡི་ནང་ནས་ལས་འགོ་བརྩམས་པ་དང་ཐོན་སྐྱེད་སླར་གསོ་བྱུང་ཚད96%ཟིན་ཡོད་པ་དང་། རྒྱལ་ཁབ་རིམ་པའི་སྣེ་ཁྲིད་ཁེ་ལས22ཀྱི་ནང་ནས་ཁག་ཅིག་གིས་ལས་འགོ་ཚུགས་ཡོད་པ་དང་ལས་མི་ལས་གནས་སུ་འབྱོར་ཚད71%ཟིན་ཡོད། གཟན་རྩྭའི་ཁེ་ལས8དང་དེ་བཞིན་ས་བོན་ལས་སྣོན་ཁེ་ལས27གྱི་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད100%ཟིན་ཡོད་པ་དང་། ལས་འགོ་བསྐྱར་འཛུགས་བྱས་ནས་ལས་མི་ལས་གནས་སུ་འབྱོར་ཚད73.5%ཟིན་ཡོད། སྐྱེ་ལྡན་ལུད་དང་རྫས་ལུད། ཞིང་སྨན་བཅས་ཀྱི་ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད90%ཟིན་པ་དང་ལས་མི་ལས་གནས་སུ་འབྱོར་ཚད75%ཟིན་ཡོད། དེང་རབས་ཞིང་ལས་ཐོན་སྐྱེད་གླིང་དང“ཤ་ཚལ་སྒོང་གསུམ” ཚད་གཞི་མཐོ་བའི་ཞིང་ལས་སོགས་ལོ་འཁོར་གྱི་ཞིང་ཕྱུགས་ལས་ཀྱི་གཙོ་གནད་རྣམ་གྲངས་ཀྱིས་དུས་ཚོད་དམ་འཛིན་ངང་དུས་འགོའི་གྲ་སྒྲིག་དང་། ལས་རིགས་ནང་ཁུལ་གྱི་ཞིབ་བཤེར་ཆོག་མཆན་འགོད་པ་དང་གྲ་སྒྲིག་ལས་ཀ་བྱེད་བཞིན་ཡོད་ཅིང་། བཀག་རྒྱ་གློད་རྗེས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་བཞིན་ཡོད།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།