མཚོ་སྔོན་ཞིང་ཆེན་གྱི་ཡིག་ཆ་དང་པོ།(ཁག་དང་པོ)
2020.03.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 89

 མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི“ཞིང་གསུམ”གྱི་ཞན་ཆ་ཁ་གསབ་བྱས་ཏེ་དུས་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་ཁག་ཐེག་བྱེད་དགོས་པའི་སྐོར་གྱི་

ལག་བསྟར་བསམ་འཆར།

(2020ལོའི1ཚེས23ཉིན།)

2019ལོར་ཞིང་ཆེན་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་ནས། ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཤིང་། ཞིང་ཕྱུགས་ལས་འདོན་སྤྲོད་ཐད་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཙོ་བོ་བྱས་པ་དང་། ཐོན་ལས་ཀྱི་སྤུས་འབྲས་མཐོར་འདེགས་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བ་གཙོ་གནད་དུ་བྱས་ཏེ། སྤུས་ཚད་ཀྱིས་ཞིང་ལས་དར་སྤེལ་གཏོང་བ་དང་ལྗང་མདོག་གིས་ཞིང་ལས་དར་སྤེལ་གཏོང་བར་ཧུར་ཐག་གིས་སྐུལ་འདེད་དང་། རོང་འབྲོག་ཁུལ་གྱི་འཕེལ་རྒྱས་གསོན་ཤུགས་ལ་སྐུལ་སྤེལ་བྱས་པ་དང་། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་སྒོས་འཕེལ་བར་སྐུལ་འདེད་བཏང་ཞིང་། ཞིང་ཕྱུགས་ལས་ཀྱི་སྒུལ་ནུས་གསར་པ་མགྱོགས་མྱུར་གྱིས་སྐྱེད་བསྲིང་བཅས་བྱས། ཞིང་ཕྱུགས་ལས་འཕེལ་རྒྱས་བརྟན་བརླིང་ཁྲོད་འཕེལ་བ་དང་། ཞིང་སྡེ་དར་སྤེལ་ཏན་ཏིག་དང་བརྟན་འཇགས་ངང་སྐུལ་འདེད་བཏང་ཡོད། དབུལ་ཐར་མཁྲེགས་གཏོར་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་བླངས་ཤིང་། སྐྱེ་ཁམས་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་ཡོད། རོང་འབྲོག་ཁུལ་གྱི་གཙོ་གནད་བཅོས་བསྒྱུར་མུ་མཐུད་གཏིང་ཟབ་ཏུ་སྐུལ་འདེད་བཏང་བ་ལས“ཞིང་གསུམ”བསྟུད་མར་ཇེ་ལེགས་སུ་འགྲོ་བཞིན་ཡོད།

2020ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་འབེན་མངོན་འགྱུར་འབྱུང་བའི་ལོ་ཡིན་ལ། ཁྱོན་ཡོངས་ནས་དབུལ་ཐར་མཁྲེགས་གཏོར་ཐད་རྒྱལ་ཁ་ལེན་པའི་ལོའང་ཡིན། རྗེས་ཀྱི་དུས་རབས་ཤིག་གི་ནང་། རང་ཞིང་གི“ཞིང་གསུམ”བྱ་བས་བཟོ་ལས་ཅན་དང་གྲོང་རྡལ་ཅན་དུ་མགྱོགས་མྱུར་ངང་སྐུལ་འདེད་བྱེད་པར་ཐོན་ཁུངས་ཁོར་ཡུག་གི་བཀག་རྒྱ་ཆེ་རུ་འགྲོ་བར་གདོང་གཏོད་དགོས་པ་དང་། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དང་ཕྱིར་དབུལ་པོར་འགྱུར་བ་སྔོན་འགོག་བྱེད་པའི་ལས་འགན་ཅུང་ལྕི་ལ། ཞིང་སྡེའི་སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཞན་ཆ་ཅུང་མང་ཞིང་། རང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ཚོང་གཉེར་གྱི་ཡོང་སྒོ་དང་སྙོམ་སྒྲིག་བྱས་ཆོག་པའི་ཡོང་སྒོའི་བསྡུར་ཚད་ཇེ་ཆུང་དུ་འགྲོ་བས། “ཞིང་གསུམ”བྱ་བར་སྔར་བས་གཙིགས་ཆེན་བྱེད་དགོས་པ་ཁ་ཚ་དགོས་གཏུགས་སུ་གྱུར་པ་དང་། “ཞིང་གསུམ”འཕེལ་རྒྱས་ཀྱི་ཞན་ཆ་མགྱོགས་མྱུར་ངང་གསབ་དགོས་པ་ཁ་ཚ་དགོས་གཏུགས་སུ་གྱུར་ཞིང་། མུ་མཐུད་དུ་ཤུགས་བསྣོན་པ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད།

2020ལོའི“ཞིང་གསུམ”བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་བ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་ཀྲུང་དབྱང་གི་ཞིང་སྡེ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱེད་པ་རྒྱུན་འཁྱོངས་བཅས་བྱས་ཏེ། ཞིང་ཆེན་ཏང་ཨུའི“དམིགས་བསལ་གཅིག་དང་མཐོ་བ་གཉིས”དང“བཞི་ཅན་ལྔའི་འཐབ་ཇུས”བླང་བྱ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་གྱིས་སྣེ་ཁྲིད་ཅིང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་འབེན་ལ་དམ་པོར་དམིགས་ནས། ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་སྤྱིའི་འཛིན་ཁུངས་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་ཐད་རྒྱལ་ཁ་ལེན་པ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་གི“ཞིང་གསུམ”ཞན་ཆ་ཁ་གསབ་བྱེད་པའི་གཙོ་གནད་ལས་འགན་ལ་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཡོངས་འགྲུབ་དང་། ཞིང་ཕྱུགས་ལས་ཀྱི་ཐོན་སྐྱེད་བརྟན་འཇགས་དང་འདོན་སྤྲོད་འགན་སྲུང་། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་མུ་མཐུད་དུ་ལེགས་པོར་བཟུང་ནས། ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་བར་སྐུལ་འདེད་བྱེད་པ་དང་། ཞིང་སྡེ་བཅོས་སྐྱོང་དང་རོང་འབྲོག་ཁུལ་བཅོས་བསྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་བཅས་མཐོར་འདེགས་གཏོང་བ་དང་། དབུལ་ཐར་མཁྲེགས་གཏོར་ཐད་རྒྱལ་ཁ་ལེན་པར་ཁག་ཐེག་བྱེད་པ་དང་། རོང་འབྲོག་ཁུལ་གྱིས་དུས་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ཁག་ཐེག་བྱེད་དགོས། ཞིང་ཕྱུགས་ལས་ཀྱི་འཕར་ཐང4.6%ཡས་མས་འཕར་དགོས་ཤིང་། རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་ཀྱིས་བཀོལ་ཆོག་པའི་ཡོང་སྒོ8%ཡས་མས་འཕར་བར་བྱེད་དགོས།

དང་པོ། དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། སྟོབས་ཤུགས་གཅིག་བསྡུས་སྒོས་དབུལ་ཐར་འགག་སྒྲོལ་ཐད་སྤུས་ཚད་མཐོ་བའི་རྒྱལ་ཁ་ལེན་དགོས།

(གཅིག) ཁྱོན་ཡོངས་ནས་ཆད་པ་དང་མི་འདང་ས་ཁ་གསབ་བྱེད་དགོས། དབུལ་སྐྱོར་ཁྱབ་ཁོངས་སུ་གཅིག་ཀྱང་མ་ལུས་པར་ཞིབ་བཤེར་བྱེད་པའི་ཆེད་དོན་འགུལ་སྐྱོད་ནན་ཏན་གྱིས་སྤེལ་ནས། དབུལ་ཐར་ཚད་གཞི་དང“སེམས་ཁྲལ་བྱེད་མི་དགོས་པ་གཉིས་དང་འགན་སྲུང་གསུམ”གྱི་དམིགས་འབེན་བླང་བྱར་ཞིབ་བསྡུར་བྱས་ཏེ། དབུལ་ཐར་མཁྲེགས་གཏོར་གྱི་འཕེལ་རིམ་དང་དབུལ་ཐར་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་སྣ་ཚོགས་བཙལ་ནས། རིགས་དབྱེ་ཐག་གཅོད་དང་བཅོས་སྐྱོང་གནད་ཁེལ་སྒོས་དབུལ་ཐར་གྲུབ་འབྲས་མཐོར་འདེགས་གཏོང་དགོས། དབུལ་ཐར་མཁྲེགས་གཏོར་ལ་ཁྱོན་ཡོངས་ནས་ཞིབ་བཤེར་བྱེད་པར་རྩ་འཛུགས་ལེགས་པོ་བྱས་ཏེ། སྡེ་བ་རེ་རེ་དང་ཁྱིམ་ཚང་རེ་རེ་བཞིན“བསལ་ཚགས”བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་དྲང་བདེན་རང་བཞིན་དང་ཡང་དག་རང་བཞིན་ལ་ཞིབ་དཔྱད་བྱས་ཏེ། རྩིས་བཤེར་གནད་འཁེལ་དང་ཞན་ཆ་ཁ་གསབ་བྱེད་དགོས། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་ནས། དུས་ཐོག་ཏུ་གནད་དོན་རྙེད་པ་དང་དག་ཐེར་ལེགས་བཅོས་བྱེད་པར་ལྟ་སྐུལ་བྱེད་དགོས། འགན་འཁྲི་དོན་འཁྱོལ་དང་སྲིད་ཇུས་དོན་འཁྱོལ། བྱ་བ་དོན་འཁྱོལ་བཅས་ལ་ཤུགས་དང་ནུས་པ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ནས། དབུལ་ཐར་གྱི་གྲུབ་འབྲས་བདེན་པ་བདེན་དྲང་ཡོང་བར་ཁག་ཐེག་དང་ཞིབ་བཤེར་ཐུབ་པར་བྱེད་དགོས།

(གཉིས) དབུལ་ཐར་གྱི་གྲུབ་འབྲས་བསྟུད་མར་སྲ་བརྟན་དང་མཐོར་འདེགས་གཏོང་དགོས། “སྲ་བརྟན་འགུལ་སྐྱོད་ཆེན་པོ་དགུ”ལ་ནན་ཏན་སྒོས་སྐུལ་འདེད་བཏང་ནས། ལས་ཀ་མི་བརྗེ་བ་དང་། སྙིང་པོ་མི་ཐོར་བ། ཤུགས་ཚད་མི་འཕྲི་བར་བྱེད་དགོས། གྲོང་ཁྱེར་དང་ཞིང་སྡེ་འཛུགས་སྐྲུན་སྤྱོད་སའི་འཕར་འཕྲི་སྦྲེལ་བ་དང་། དབུལ་སྐྱོར་གྱི་གྲངས་ཉུང་ཡིད་རྟོན་སོགས་ཀྱི་སྲིད་ཇུས་རྒྱབ་སྐྱོར་ལེགས་སྒྱུར་བྱེད་དགོས། ཕྱིར་དབུལ་ཕོངས་སུ་འགྱུར་བ་དང་དབུལ་ཕོངས་སུ་གྱུར་པའི་ལྟ་བཤེར་ཉེན་བརྡ་དང་འགུལ་རྣམ་རོགས་སྐྱོར་གྱི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཕྱིར་དབུལ་ཕོངས་སུ་འགྱུར་བ་དང་དབུལ་ཕོངས་སུ་གྱུར་པའི་མི་གྲངས་ལ་དུས་ཐོག་ཏུ་རོགས་སྐྱོར་འདོན་སྤྲོད་སྒོས་དབུལ་ཐར་གྱི་བརྟན་འཇགས་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། “དབུལ་ཕོངས་ལ་གནད་འཁེལ་འགོག་སྲུང་དང་འགན་སྲུང”གི་ཚོད་ལྟ་བྱེད་པར་སྐུལ་འདེད་བཏང་ནས། ཕྱིར་དབུལ་ཕོངས་སུ་འགྱུར་བ་དང་དབུལ་ཕོངས་སུ་འགྱུར་པའི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་ནང་རྐྱེན་འཚོལ་ཞིབ་བྱས་ནས་འཛུགས་པ་དང་། ཚགས་དམ་པོས་ཕྱིར་དབུལ་ཕོངས་སུ་འགྱུར་བ་འགོག་པའི“བདེ་འཇགས་དྲ་རྒྱ”བསྐྲུན་དགོས། དབུལ་སྐྱོར་དང་དམངས་སྲིད་ཀྱི་ལམ་ལུགས་གཉིས་ནུས་ལྡན་ངང་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་ནས། མ་མཐའི་འགན་སྲུང་ནས་རིམ་གྱིས་ཕྱིར་འབུད་པ་དང་། “རྒུད་སྐྱོབ་དཀའ་བ”སོགས་ཀྱི་ལམ་ལུགས་དོན་འཁྱོལ་ལེགས་པོ་བྱས་ཏེ། ཕྱིར་དབུལ་ཕོངས་སུ་འགྱུར་པ་དང་དབུལ་ཕོངས་སུ་འགྱུར་བའི་ཉེན་ཁ་ཇེ་དམའ་རུ་གཏོང་དགོས། བལྟོས་བཅས་ཀྱི་དབུལ་ཕོངས་གནད་དོན་ཐག་གཅོད་པའི་ཡུན་ཕན་ནང་རྐྱེན་འཚོལ་ཞིབ་བྱས་ཏེ་འཛུགས་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”དབུལ་ཐར་གྲུབ་འབྲས་སྲ་བརྟན་གཏོང་བའི་འཆར་འགོད་ལེགས་པོར་སྒྲིག་བཟོ་བྱས་ཐོག དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་དར་སྤེལ་འཐབ་ཇུས་ཀྱི་ནུས་ལྡན་སྦྲེལ་མཐུད་ལ་སྐུལ་སྤེལ་བྱེད་དགོས། འཛད་སྤྱོད་དབུལ་སྐྱོར་གྱི་རྣམ་པ་གསར་སྐྲུན་དང་། གློག་རྡུལ་ཚོང་དོན་གྱི་དབུལ་སྐྱོར་ལ་ནན་ཏན་སྒོས་སྐུལ་འདེད། ཁྱད་ལྡན་སྤུས་ལེགས་ཐོན་རྫས་ཀྱི་སྐུད་ཐོག་ལས་ཐོག་དང་། ཞིང་ཆེན་ཕྱི་ནང་གི་བརྒྱུད་འཚོང་ལམ་བུ་རྒྱ་བསྐྱེད་དུ་བཏང་ནས། དབུལ་སྐྱོར་ཐོན་ལས་ཀྱི་ནུས་འཕར་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་སྐུལ་འདེད་གཏོང་དགོས།

(གསུམ) དབུལ་ཕོངས་ས་ཁུལ་གྱི་འཕེལ་རྒྱས་ཤུགས་ཚད་ཇེ་དྲག་ཏུ་གཏོང་དགོས། ཐོན་ལས་དབུལ་སྐྱོར་དང་། ལས་ཞུགས་དབུལ་སྐྱོར་གྱི་སྲིད་ཇུས་དོན་འཁྱོལ་ལེགས་པོ་བྱེད་དགོས། ནོར་ནག་དང་། ནས། མི་རིགས་ལག་ཤེས་བཟོ་ལས་སོགས་ཀྱི་ཁྱད་ལྡན་ལེགས་ཆའི་དབུལ་སྐྱོར་ཐོན་ལས་བསྟུད་མར་ཇེ་རྒྱས་ཇེ་ཆེར་བཏང་ནས། དབུལ་སྐྱོར་ཐོན་ལས་ཀྱི“མཚོ་སྔོན”རྟགས་ཅན་གསོ་སྐྱོང་དང་གསར་སྐྲུན་བྱས་ཏེ། ཚོང་རའི་འགྲན་ཤུགས་མཐོར་འདེགས་གཏོང་བ་དང་། དབུལ་ཕོངས་མང་ཚོགས་ལ་སྣ་མང་གི་ཡོང་འབབ་འཕར་བར་སྐུལ་ཁྲིད་བྱེད་དགོས། དབུལ་ཕོངས་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་གི་ཤུགས་ཚད་ཆེ་རུ་བཏང་ནས། མུ་མཐུད་དུ“འཐེན་ཐུག”དང“མཚོ་སྔོན་གྱི་གཙགས་དྲུབ”སོགས་ཐོན་ལས་ཚོང་རྟགས་ཇེ་ལེགས་ཇེ་རྒྱས་སུ་གཏོང་དགོས། དབུལ་སྐྱོར་འཁོར་ཁང་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། དབུལ་སྐྱོར་ལས་ཞུགས་ཀྱི་ལས་རྐང་ཤུགས་ཆེན་པོས་གསར་སྤེལ་སྒོས་ལས་ཞུགས་ཀྱི་ལམ་བུ་སྣ་མང་པོའི་སྒོ་ནས་རྒྱ་བསྐྱེད་པ་དང་། སྔར་ལས་མང་པོའི་རོང་འབྲོག་མང་ཚོགས་ལས་ཀར་ཞུགས་ནས་ཡོང་འབབ་འཕར་བ་མངོན་འགྱུར་བྱེད་པར་སྐུལ་འཁྲིད་བྱེད་དགོས། འཛད་སྤྱོད་དབུལ་སྐྱོར་ནུས་ལྡན་ངང་སྐུལ་འདེད་བཏང་ནས། ཐོན་རྫས་བཟང་པོ་རིན་གོང་ལེགས་པོར་བཙོང་ཐུབ་པར་བྱས་ཏེ། དབུལ་ཕོངས་མང་ཚོགས་ཀྱི་ཡོང་འབབ་བསྟུད་མར་འཕར་བར་རོགས་རམ་བྱེད་དགོས། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“སྟོང་ཆ་གསབ་པ”ཡི་བཟོ་འགོད་ལག་བསྟར་གཏིང་ཟབ་བྱས་ཏེ། སྡེ་བ་རིམ་པའི་ཐུན་མོང་གི་དཔལ་འབྱོར་སྟོབས་ཤུགས་དང་སྡེ་བ་རིམ་པའི་དབུལ་ཐར་རྩ་འཛུགས་ཀྱི་ནུས་ཤུགས་མཐོར་འདེགས་གཏོང་དགོས། དབུལ་ཕོངས་མ་ཡིན་པའི་སྡེ་བའི་དབུལ་ཐར་མཁྲེགས་གཏོར་ལ་གཅིག་འདོམས་སྐུལ་འདེད་བྱས་ཏེ། ལས་གཞིའི་མ་དངུལ་གྱི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་གཏོང་བ་དང་། “གཡང་གཟར་ཕན་ཕྱོད”ནུས་ལྡན་ངང་ཐག་བཅད་ནས། རོང་འབྲོག་མང་ཚོགས་མཉམ་དུ་འབྱོར་ཕྱུག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཡུལ་གཞན་ལ་གནས་སྤོ་བའི་དབུལ་སྐྱོར་གྱི“ལེའུ་ཕྱི་མའི”རྩོམ་ཡིག་ལེགས་པོར་འབྲི་བ་དང་། ཡུལ་གཞན་ལ་གནས་སྤོས་བའི་སྡེ་བའི་ཏང་རྩ་འཛུགས་དང་རང་སྐྱོང་རྩ་འཛུགས་ཚད་ལྡན་སྒོས་སྒྲིག་བཀོད་བྱས་ཏེ། སྤོ་ཐུབ་པ་དང་སྡོད་ཚུགས་པར་ཁག་ཐེག་བྱེད་དགོས་ཤིང་། རིམ་བཞིན་འབྱོར་ཕྱུག་ཅན་དུ་འགྱུར་བ་དང་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་དུས་མཉམ་དུ་ཤུགས་སྣོན་པར་ཁག་ཐེག་བྱེད་དགོས།

(བཞི) དབུལ་ཐར་མཁྲེགས་གཏོར་གྱི་འགན་སྲུང་ཤུགས་ཚད་ཇེ་དྲག་ཏུ་གཏོང་དགོས། “མི་ཕུད་པ་བཞི”ཡི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་། འགག་སྒྲོལ་གྱི་འགན་འཁྲི་དངོས་འབེབ་བྱས་ཏེ །གྲོང་ཁྱེར(ཁུལ)དང་རྫོང་རིམ་པའི་ཏང་སྲིད་གཙོ་འགན་པ་དང་། ཧྲུའུ་ཅི་དང་པོ། སྡེ་སྡོད་ལས་བྱེད་པ། ཆ་སྒྲིག་རོགས་སྐྱོར་བཅས་ཀྱི་འབྲེལ་བ་བརྟན་འཇགས་ཡོང་བ་རྒྱུན་འཁྱོངས་བྱེད་དགོས། ཏང་གི་འཛུགས་སྐྲུན་བཟུང་ནས་དབུལ་ཐར་ལ་སྐུལ་འདེད་བྱེད་པ་དང་། ལས་གནས་དང་པོའི་རོགས་སྐྱོར་སྟོབས་ཤུགས་ཇེ་ཆེར་གཏོང་བ། དམིགས་གཏད་རང་བཞིན་གྱི་ལས་སྒོའི་གསོ་སྦྱོང་སྤེལ་ནས། གཞི་རིམ་གྱི་འགག་སྒྲོལ་དངོས་འཐབ་ནུས་པ་མཐོར་འདེགས་གཏོང་དགོས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་སྤྱོད་ཚུལ་གནད་དོན་གྱི་ཆེད་དོན་བཅོས་སྐྱོང་གཏིང་ཟབ་ཏུ་སྤེལ་ནས། ཞྭ་མོ་ཕུད་རྗེས་ལྷོད་གཡེང་སྒྱིད་ལུག་དང་ལས་རྐང་ཐར་ཐོར་གྱི་སྣང་ཚུལ་སྔོན་འགོག་བྱས་ཏེ། ཐོག་མཐའ་བར་གསུམ་དུ་འགག་སྒྲོལ་གྱི་གནས་བབ་རྒྱུན་འཁྱོངས་བྱེད་དགོས། སྤྱི་ཚོགས་ཀྱི་དབུལ་སྐྱོར་གཏིང་ཟབ་ཏུ་སྤེལ་ནས། རོགས་སྐྱོར་ལས་གཞི་ལག་བསྟར་ལེགས་པོ་བྱེད་པ་དང་། བསམ་པའི་དབུལ་སྐྱོར་གཏིང་ཟབ་ཏུ་སྤེལ་ནས། རིག་སྐྱོར་ཤེས་སྐྱོར་དང་ཡུལ་གཤིས་གོམས་གཤིས་བསྒྱུར་བའི་ཤུགས་ཚད་ཆེ་རུ་བཏང་ནས། མང་ཚོགས་ཀྱི་ལས་བརྩོན་ཕྱུག་བསྒྱུར་གྱི་ནང་གནས་སྒུལ་ཤུགས་སྐུལ་སྤེལ་གང་ལེགས་བྱེད་དགོས།

(ལྔ) སྤྱི་སྡོམ་དང་དྲིལ་སྒྲོག་གི་བྱ་བ་ཁྱོན་ཡོངས་ནས་ལེགས་པོར་བསྒྲུབ་དགོས། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་དང་འབུར་ཐོན་གྱི་སྔོན་ཐོན་དཔེ་སྟོན་ཁྱོན་ཡོངས་ནས་སྤྱི་སྡོམ་བྱེད་དགོས། དྲིལ་སྒྲོག་གསར་འགྱུར་རབ་དང་རིམ་པ་གཏིང་ཟབ་ཏུ་སྤེལ་ནས། དུས་རབས་གསར་པའི་དབུལ་སྐྱོར་དང་དབུལ་ཐར་གྱི་གསོན་ཉམས་ལྡན་པའི་ལག་ལེན་མངོན་པར་མཚོན་པ་དང་། དབུལ་ཐར་མཁྲེགས་གཏོར་གྱི་རླབས་ཆེ་བའི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་ནས། རིགས་སོ་སོའི་མང་ཚོགས་ཏང་ལ་དགའ་བ་དང་། རྒྱལ་ཁབ་ལ་དགའ་བ། སྤྱི་ཚོགས་རིང་ལུགས་ལ་དགའ་བ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་གསོན་ཉམས་ལྡན་པའི་བསླབ་དེབ་ཏུ་འགྱུར་བར་བྱེད་པ་དང་། རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ཀྱི་བྱེད་སྟངས་རྒྱུན་འཁྱོངས་དང་ཁག་འཁུར་རྒྱུན་འཁྱོངས་བྱེད་པར་སྐུལ་མ་གཏོང་དགོས།

གཉིས་པ། འབྱོར་འབྲིང་དམིགས་འབེན་དམ་པོར་བཟུང་ནས། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་ཐད་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས།

(དྲུག)རོང་འབྲོག་ཁུལ་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཤུགས་ཚད་ཇེ་ཆེར་གཏོང་དགོས། “བཟང་པོ་བཞི་ལྡན་གྱི་ཞིང་སྡེའི་ལམ”དཔེ་སྟོན་གསར་སྐྲུན་གྱི་གྲུབ་འབྲས་རྒྱ་བསྐྱེད་ལ་སྐུལ་འདེད་བཏང་ནས། ཐོན་ལས་དང་། ཐོན་ཁུངས། ཡུལ་སྐོར་གཞུང་ལམ་འཛུགས་སྐྲུན་དང་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་པ་དང་། ཆ་རྐྱེན་ལྡན་པའི་རང་བྱུང་སྡེ་བར་ཨར་འདམ་ལམ་ལས་པར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ཞིང་སྡེའི་གཞུང་ལམ་དོ་དམ་དང་གསོ་སྐྱོང་གི་སྒྲིག་གཞི་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས། ཚོང་སྣུམ་གྱི་ཁྲལ་རིན་བཅོས་བསྒྱུར་སྤོ་སྒྱུར་གཏོང་སྤྲོད་ཀྱིས་ཞིང་སྡེའི་གཞུང་ལམ་གསོ་སྐྱོང་གི་རྒྱབ་སྐྱོར་ཤུགས་ཚད་ཆེ་རུ་གཏོང་བ་དང་། ཞང་གྲོང་དང་། སྒྲིག་ཁོངས་སྡེ་བའི་ཨར་འདམ་ལམ་ཞིག་གསོ་བཅོས་སྐྱོང་བྱེད་ཚད་ཆེ་རུ་གཏོང་དགོས། ཞིང་སྡེའི་ལམ་གྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་ཤུགས་སྣོན་དགོས། ཆུ་ལོག་དང་ཐན་པའི་གནོད་འཚེ་འགོག་རྒོལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཞིང་སྡེའི་ཆུའི་མ་ལག་ཕྱོགས་བསྡུས་བཅོས་སྐྱོང་དང་རི་གཤོང་གི་ཆུ་ལམ་བཅོས་སྐྱོང་ལག་བསྟར་སྒོས། རོང་འབྲོག་ཁུལ་གྱི་ཆུ་བེད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། དྭངས་གཙང་ནུས་ཁུངས་ཀྱི་དཔེ་སྟོན་ཞིང་ཆེན་མགྱོགས་མྱུར་ངང་བསྐྲུན་དགོས། “ལྗོངས་གསུམ་ཁུལ་གསུམ”གྱི་མཚོ་སྔོན་བོད་ཁུལ་གྱི་ཞིང་སྡེའི་དྲ་བ་བཅོས་བསྒྱུར་རིམ་སྤར་གྱི་འགུལ་སྐྱོད་འཆར་གཞི་ཡོངས་འགྲུབ་བྱེད་དགོས། གྲོང་སྡེའི་འཆར་འགོད་བྱ་བ་ལེགས་པོར་བསྒྲུབ་དགོས། རོང་འབྲོག་ཁུལ་གྱི་སྤྱི་པའི་རྨང་གཞིའི་སྒྲིག་ཆས་དོ་དམ་ལྟ་སྐྱོང་གི་ལམ་ལུགས་བཅོས་བསྒྱུར་ཀྱི་ལག་བསྟར་བསམ་འཆར་གཏན་འབེབས་བྱས་ཤིང་ཕྱིར་བཏོན་ནས། རོང་འབྲོག་ཁུལ་གྱི་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་དོ་དམ་ལྟ་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། དོ་དམ་ལྟ་སྐྱོང་བྱས་རིན་སྲིད་གཞུང་གིས་ཁུར་དུ་ལེན་དགོས་ན་སྲིད་གཞུང་གི་སྔོན་རྩིས་ནང་དུ་སྡུད་ལེན་བྱེད་དགོས།

(བདུན)རོང་འབྲོག་ཁུལ་གྱི་ཆུ་འདོན་སྤྲོད་ཀྱི་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་དགོས། “རྨ་ཆུ་ཟི་ལིང་དུ་འདྲེན་པ”ཡི་སྔོན་དུས་བཟོ་འགོད་ཀྱི་བྱ་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས། ཙོང་ཆུའི་ཡུར་རྐ་བྱང་མའི་སྐབས་དང་པོའི་ཞིང་སའི་ཆ་སྒྲིག་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་པ་དང་། རོང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་བསྟུད་མར་སྲ་བརྟན་དང་མཐོར་འདེགས་སུ་གཏོང་བ་དང་། ཆུའི་འདོན་སྤྲོད་ཀྱི་ཁག་ཐེག་ཚད་ཤུགས་ཆེན་པོས་ཇེ་མཐོར་བཏང་ནས། རོང་འབྲོག་མང་ཚོགས་ལ་སེམས་བདེ་བག་ཕེབས་ངང་ཆུ་འཐུང་དུ་འཇུག་དགོས། ཞིང་ཆུའི་ཡུར་རྐའི་མ་ལག་ཆ་སྒྲིག་དང་ནུས་མཐོ་གྲོན་ཆུང་གིས་ཞིང་ཆུ་གཏོང་བ་སོགས་གཙོ་གནད་བྱས་ཏེ། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཆ་རྐྱེན་ཡོད་པའི་ས་ཁུལ་ནས་གྲོང་ཁྱེར་གྱི་དོ་དམ་དྲ་རྒྱ་ཞིང་སྡེར་བསྲིངས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་འདོན་སྤྲོད་གཞི་གཅིག་ཅན་དུ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་འཐུང་ཆུའི་ཆུ་མགོའི་སྲུང་སྐྱོབ་ལ་ཤུགས་བསྣན་ནས། ཆུའི་སྤུས་ཀར་ལྟ་བཤེར་ཚད་ལེན་ལེགས་པོ་བྱེད་དགོས། ཆུ་ལམ་བཅོས་སྐྱོང་དང་། ས་རྒོད་བཅོས་སྐྱོང་སོགས་ཆུ་བེད་བཟོ་འགོད་ཀྱི་འཛུགས་སྐྲུན་མུ་མཐུད་དུ་ལེགས་པོར་བསྒྲུབ་དགོས། བཞུར་རྒྱུན་ཆུང་བའི་ས་ཆུ་ཤོར་བ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཏང་ནས། ས་ཆུའི་རྒྱུན་གཏན་གྱི་ཞབས་ཞུའི་བྱེད་ནུས་ཤུགས་ཆེན་པོས་ཇེ་མཐོར་གཏོང་དགོས། ཆུ་བདག་དང་མཚེའུ་བདག་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཆུ་དང་མཚེའུ་ཆུ་མཛོད་བཅས་ཀྱི“རྙོག་བཞི་གཙང་སེལ”གྱི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་དགོས།

(བརྒྱད)རོང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་གི་ཕྱོགས་བསྡུས་བཅོས་སྐྱོང་ནན་ཏན་གྱིས་ལེགས་པོར་བསྒྲུབ་དགོས། རོང་འབྲོག་ཁུལ་གྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལ་རིམ་བཞིན་སྐུལ་འདེད་བཏང་ནས། ཞང་གྲོང་ཡོད་ས་དང་ལྟེ་གནས་སྡེ་བའི་འཚོ་བའི་བཙོག་ཆུའི་གནད་དོན་སྔོན་ལ་ཐག་གཅོད་བྱེད་དགོས། རོང་འབྲོག་ཁུལ་གྱི་ཁྱབ་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ཞིང་ཆེན་གསར་སྐྲུན་བྱ་བ་ལག་བསྟར་བྱས་ཏེ། རོང་འབྲོག་ཁུལ་གྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ས་གནས་ནས་རིགས་དབྱེ་དང་། མགོ་ཁུངས་ནས་ཇེ་ཉུང་དུ་གཏོང་བར་ཚོད་ལྟ་བྱེད་དགོས། རོང་འབྲོག་ཁུལ་གྱི“སྤྱོད་ཁང་གསར་བརྗེར”གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས། འོས་འཚམ་གྱི་ལག་རྩལ་དང་སྤྱོད་ཁང་བཅོས་བསྒྱུར་གྱི་རྣམ་པ་བདམས་ནས་སྔོན་ལ་ཚོད་ལྟ་བྱེད་དགོས། སྡེ་བའི་དྭངས་གཙང་གི་འགུལ་སྐྱོད་མུ་མཐུད་དུ་སྤེལ་ནས། མཐོ་སྒང་གི་མཛེས་པའི་གྲོང་རྡལ་དཔེ་སྟོན་ཞིང་ཆེན་བསྐྲུན་པར་སྐུལ་འདེད་གཏོང་བ་དང་། “མཛེས་པའི་ཁྱིམ་གཞིས”བསྐྲུན་པའི་འགུལ་སྐྱོད་ལག་བསྟར་བྱེད་དགོས། རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་སྒྱུར་གྱི་བཟོ་འགོད་ལག་བསྟར་བྱེད་དགོས། མཐོ་སྒང་གི་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། སྡེ་བའི་རྣམ་པར་ཤུགས་ཆེན་པོས་བཅོས་སྐྱོང་བྱས་ཏེ། ཞིང་སྡེའི་མི་སྡོད་ཁོར་ཡུག་གི་དོ་དམ་ལྟ་སྐྱོང་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། ཆ་རྐྱེན་ཡོད་པའི་ས་ཁུལ་གྱིས་ཞིང་སྡེའི་མི་སྡོད་ཁོར་ཡུག་གི་སྤྱི་པའི་སྒྲིག་ཆས་ཞིག་གསོ་གསོ་སྐྱོང་ལ་རོགས་རམ་ཁ་གསབ་བྱེད་པར་སྐུལ་མ་བཏང་སྟེ། ལོ་གསུམ་གྱི་འགུལ་སྐྱོད་དམིགས་འབེན་དུས་ལྟར་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས།

(དགུ) རོང་འབྲོག་ཁུལ་གྱི་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་དགོས། ཞང་གྲོང་གི་བཅའ་སྡོད་ལམ་ལུགས་སློབ་གྲྭ་དང་ཞིང་སྡེའི་གཞི་རྒྱ་ཆུང་བའི་སློབ་གྲྭའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས་སློབ་ཁྲིད་ཀྱི་སྤུས་ཚད་ཇེ་མཐོར་གཏོང་དགོས། འོས་འགན་སློབ་གསོའི་དུས་རིམ་གྱི་དགེ་རྒན“རྫོང་གིས་དོ་དམ་དང་སློབ་གྲྭས་གདན་ཞུ”བྱེད་པར་བརྟན་འཇགས་སྒོས་སྐུལ་འདེད་བཏང་ནས། རྫོང་ཁོངས་ཀྱི་གྲོང་རྡལ་དང་ཞིང་སྡེའི་དགེ་རྒན་གྱི་ལས་རྐང་བརྗེ་རེས་བྱེད་པར་སྐུལ་འདེད་གཏོང་དགོས། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཆ་སྙོམས་ཟླ་ཕོགས་ཀྱི་ཡོང་སྒོའི་ཆུ་ཚད་ས་གནས་དེའི་གཞུང་ཞབས་པའི་ཆ་སྙོམས་ཟླ་ཕོགས་ཀྱི་ཡོང་སྒོའི་ཆུ་ཚད་ལས་མི་དམའ་བའམ་མཐོ་བར་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། ཆ་རྐྱེན་དང་འཚམ་པའི་ཞིང་སྡེའི་སློབ་གྲྭའི་དགེ་རྒན་ས་གནས་སྲིད་གཞུང་གི་སྡོད་ཁང་འགན་སྲུང་མ་ལག་ནང་འཇོག་དགོས། གྲོན་དངུལ་འགན་སྲུང་ཤུགས་ཚད་མུ་མཐུད་དུ་ཇེ་ཆེར་བཏང་ནས། སློབ་གསོའི་གྲོན་དངུལ“འཕར་བ་གཉིས་ལས་འཕྲི་བ་མེད་པ”ཡི་འགྲོ་སྒོའི་འགན་འཁྲི་དོན་འཁྱོལ་དང་། སྲིད་གཞུང་གིས་གཏོང་བ་གཙོ་བོར་བྱས་ཏེ། ཐབས་ལམ་མང་པོ་བརྒྱུད་དེ་སློབ་གསོའི་གྲོན་དངུལ་བསྡུ་རུབ་ཀྱི་ལམ་ལུགས་འཐུས་ཚང་དང་སྲ་བརྟན་དུ་གཏོང་དགོས། རོང་འབྲོག་ཁུལ་གྱི་སློབ་སྔོན་སློབ་གསོ་གཙིགས་སུ་བཟུང་ནས། ཚད་གཞི་ལྟར་བྱིས་སྐྱོང་ཁང་གི་ལས་བཟོ་པ་དང་སྒྲིག་ཆས་བཀོད་སྒྲིག་འདང་བར་བྱེད་པ་དང་། སྒྲིག་ཁུངས་ནང་གི་དགེ་རྒན་གྱི་བྱ་བའི་ལྟ་སྐྱོང་གི་འགན་སྲུང་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། འོས་འགན་སློབ་གསོའི་བྱོལ་འགོག་སློབ་སྲུང་གི་གྲུབ་འབྲས་སྲ་བརྟན་དང་། གྲོང་ཁྱེར་དང་ཞིང་སྡེའི་འོས་འགན་སློབ་གསོའི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྫོང་ཁོངས་ཀྱི་འོས་འགན་སློབ་གསོའི་དོ་མཉམ་གོང་འཕེལ་མངོན་འགྱུར་བྱེད་དགོས། མཐོ་འབྲིང་དུས་རིམ་གྱི་སློབ་གསོའི་ཁྱབ་བརྡལ་འགག་སྒྲོལ་ཇེ་མགྱོགས་སུ་བཏང་ནས། མཐོ་འབྲིང་དུས་རིམ་གྱི་སློབ་གསོའི་ཆུ་ཚད་མཐོར་འདེགས་གཏོང་དགོས། སློབ་གསོའི་རོགས་སྐྱོར་བྱ་བ་གཏིབ་ཟབ་ཏུ་སྤེལ་ནས“རུ་ཁག་རྣམ་པ”ཡི་སློབ་སྐྱོར་རོགས་སྐྱོར་དང་། སློབ་གྲྭ་ཆ་སྒྲིག་རོགས་སྐྱོར། ཡུལ་གཞན་དུ་འཛིན་གྲྭ་སྒྲུབ་པའི་བྱ་བ་སྤེལ་དགོས། ལས་རིགས་སློབ་གླིང་གི་རྨང་གཞིའི་ནུས་ཤུགས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ལས་རིགས་སློབ་གསོའི་སློབ་གྲྭས་རོང་འབྲོག་ཁུལ་གྱི་སློབ་བསྡུ་གཞི་རྒྱ་ཆེ་རུ་གཏོང་དགོས། སྤྱི་སྐད་དབུལ་སྐྱོར་མཁྲེགས་གཏོར་གྱི་ལོ་གསུམ་འགུལ་སྐྱོད་ལ་བསྟུད་མར་སྐུལ་འདེད་བཏང་ནས། དབུལ་ཕོངས་ས་ཁུལ་གྱི་ཆེད་དོན་སློབ་བསྡུ་འཆར་གཞི་དོན་འཁྱོལ་དང་། སློབ་གསོའི་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ། སློབ་གསོའི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་ཇེ་མཐོར་གཏོང་དགོས།

(བཅུ)རོང་འབྲོག་ཁུལ་གྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུར་ཤུགས་སྣོན་དགོས། གཞི་རིམ་གྱི་ཆ་འཕྲིན་ཅན་གྱི་སྟེགས་བུ་འཐུས་ཚང་དུ་བཏང་ནས། རྒྱང་བསྟེན་བརྟག་བཅོས་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས། རེས་གསར་པའི་སྨན་བཅོས་ཞབས་ཞུ་ལེགས་སྒྱུར་གྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ནས། གཞི་རིམ་གྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས། གཞི་རིམ་གྱི་ཀྲུང་བོད་སྨན་ཁང་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཀྲུང་བོད་སྨན་གྱི་ལག་རྩལ་ཁྱབ་བརྡལ་དང་བཀོལ་སྤྱོད་ཇེ་ཆེར་གཏོང་དགོས། གྲོང་གསེབ་སྨན་པའི་རིན་མེད་མངགས་ཐོའི་ཁ་གཏད་གསོ་སྐྱོང་གི་ལས་གཞི་མུ་མཐུད་དུ་ལག་བསྟར་བྱས་ནས། སྡེ་བའི་སྨན་པའི་སྒྲིག་གཞི་རིམ་བཞིན་ལེགས་སྒྱུར་བྱེད་དགོས། སྡེ་བའི་སྨན་པའི་ཁ་གསབ་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཏེ། གཞི་རིམ་ཞབས་ཞུའི་དྲ་རྒྱ་སྲ་བརྟན་དུ་གཏོང་དགོས། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། སྤུས་ལེགས་སྨན་བཅོས་ཀྱི་ཐོན་ཁུངས་གཞི་རིམ་དུ་བསྐྱལ་བར་སྐུལ་འདེད་གཏོང་དགོས། ཞིང་སྡེ་རུ་བྱ་བ་བསྒྲུབ་པར་གདན་ཞུ་གནང་བའི་མཐོ་རིམ་སློབ་གྲྭའི་གསོ་རིག་ཆེད་ལས་སློབ་མར་སློབ་ཆེན་སྐབས་ཀྱི་སློབ་ཡོན་ཁ་གསབ་དང་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ཚབ་སྤྲོད་བྱེད་དགོས། གཞི་རིམ་གྱི་སྨན་བཅོས་དང་ནད་ཡམས་སྔོན་འགོག་གི་མཉམ་འདྲེས་ཇེ་དྲག་ཏུ་གཏོང་དགོས། ཞིང་སྡེའི་སྨན་པ་དང་གཞི་རིམ་གྱི་ནད་ཡམས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ནད་ཡམས་ཆེན་པོ་དང་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ལེགས་པོར་བསྒྲུབ་དགོས།

(བཅུ་གཅིག) རོང་འབྲོག་ཁུལ་གྱི་སྤྱི་ཚོགས་འགན་སྲུང་འཐུས་ཚང་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་ལེན་གྱི་ནོར་སྲིད་ཁ་གསབ་རོགས་སྐྱོར་དང་སྒེར་གྱི་རིན་སྤྲོད་ཚད་གཞི་འོས་འཚམ་གྱིས་ཇེ་མཐོར་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་དང་། ནད་ལྕི་མོ་འགན་ལེན། སྨན་བཅོས་རོགས་སྐྱོར་བཅས་ཀྱི་འགན་སྲུང་ཆུ་ཚད་ཇེ་མཐོར་བཏང་ནས། “ས་ཚིགས་གཅིག་ནས་ཞབས་ཞུ་བྱེད་པ་དང་། སྒེའུ་ཁུང་གཅིག་ནས་འགྲོ་ལུགས་སྒྲུབ་པ། ཤོག་བྱང་གཅིག་གིས་མཇུག་རྩིས་རྒྱག་པ”མངོན་འགྱུར་འབྱུང་དགོས། གྲོང་ཁྱེར་དང་ཞིང་སྡེ་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོའི་འགན་ལེན་ཐོབ་ཆ་གཏན་འཁེལ་དང་རྨང་གཞིའི་རྒན་གསོ་དངུལ་གྱི་རྒྱུན་ལྡན་སྙོམས་སྒྲིག་རྐྱེན་སྲོལ་དོན་འཁྱོལ་བྱེད་དགོས། དབུལ་ཕོངས་མི་སྣ་གྲོང་ཁྱེར་དང་ཞིང་སྡེའི་སྡོད་དམངས་ཀྱི་རྒན་གསོའི་འགན་སྲུང་ནང་ཞུགས་པའི་བྱ་བ་ལེགས་པོར་བསྒྲུབ་དགོས། རོང་འབྲོག་ཁུལ་གྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་གྱི་འགུལ་རྣམ་གནད་འཁེལ་དོ་དམ་ལ་ཤུགས་བསྣན་ནས། མ་མཐའི་འཚོ་བ་འགན་སྲུང་སོགས་སྤྱི་ཚོགས་ཀྱི་རོགས་སྐྱོར་ཆུ་ཚད་འོས་འཚམ་ངང་ཇེ་མཐོར་གཏོང་དགོས། རོང་འབྲོག་ཁུལ་གྱི་གཞིས་སྲུང་བྱིས་པ་དང་བུད་མེད། རྒན་པ་བཅས་ཀྱི་བརྩེ་བའི་ཞབས་ཞུ་མ་ལག་འཐུས་ཚང་དུ་གཏོང་དགོས། རོང་འབྲོག་ཁུལ་གྱི་ཕན་ཚུན་རོགས་རེས་རྣམ་པའི་རྒན་གསོ་གོང་སྤེལ་དུ་བཏང་ནས། རྣམ་པ་མང་པོའི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་འཛུགས་སྐྲུན་བྱེད་དགོས།

(བཅུ་གཉིས) གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུ་མཐོར་འདེགས་གཏོང་དགོས། གཞི་རྩའི་སྤྱི་པའི་རིག་གནས་ཞབས་ཞུ་ཞིང་སྡེ་རུ་བསྲིང་བར་སྐུལ་འདེད་བཏང་ནས། ཞིང་སྡེའི་རིག་གནས་དམངས་ཕན་བཟོ་འགོད་ཁེབས་ཚད་རྒྱ་ཆེ་རུ་གཏོང་དགོས། “ཟློས་གར་ཞིང་སྡེ་རུ་བསྐྱོད་པ”དང“དཔྱིད་ཆར་བཟོ་འགོད།” “འདུན་མ་མངོན་འགྱུར་བཟོ་འགོད”བཅས་ལས་གཞི་ཚགས་དམ་པོའི་སྒོ་ནས་བཀོད་སྒྲིག་ལག་བསྟར་བྱས་ཏེ། ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་གཞི་རིམ་དུ་བསྐྱོད་པའི་བྱ་བ་སྤེལ་དགོས། ཞིང་སྡེའི་རིག་གནས་འཇོན་མི་གསོ་སྐྱོང་གི་བཟོ་འགོད་ལག་བསྟར་བྱས་ནས། རང་ཡུལ་གྱི་རིག་རྩལ་ཚོགས་པ་གོང་འཕེལ་དུ་གཏོང་བར་རྒྱབ་སྐྱོར་དང་། ཞིང་སྡེའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་དང་། དམངས་ཁྲོད་སྒྱུ་རྩལ་པའི་སློབ་བསྡུ་བརྒྱུད་སྤྲོད་བྱེད་པར་རོགས་སྐྱོར་བྱས་ཏེ། ཕུལ་བྱུང་གི་ཟློས་གར་དང་རོལ་མོ། གྲངས་ཉུང་མི་རིགས་ཀྱི་རིག་གནས། དམངས་ཁྲོད་རིག་གནས་བཅས་གོང་འཕེལ་གཏོང་དགོས། ལོ་རྒྱུས་རིག་གནས་མིང་ཅན་གྱི་གྲོང་རྡལ(སྡེ་བ)དང་། སྲོལ་རྒྱུན་གྱི་སྡེ་བ་དང་ཚོ་བ། མི་རིགས་ཀྱི་སྡེ་བ། སྲོལ་རྒྱུན་གྱི་འཛུགས་སྐྲུན། ཞིང་ལས་ཤུལ་བཞག་རིག་གནས། སྡོང་རྒན་གྲགས་ཅན་སོགས་སྲུང་སྐྱོབ་ལེགས་པོ་བྱེད་དགོས། “ལོ་ལེགས་བསྡུས་ནས་འབྱོར་འབྲིང་བསུ་བ”ཡི་བརྗོད་དོན་ལས་ཞིང་པའི་ལོ་ལེགས་བསྡུ་བའི་དུས་ཆེན་ལེགས་པོར་སྤེལ་དགོས། སྲོལ་རྒྱུན་གྱི་སྡེ་བ་དང་ཚོ་བ། རིག་དངོས་ཀྱི་ཤུལ་རྗེས། གཟུགས་འདས་ཤུལ་བཞག་རིག་གནས་དང་སྡེ་བའི་ལོ་རྒྱུས་ཁང་། རིག་གནས་བྱ་འགུལ་ཁང་། དཔེ་མཛོད་ཁང་། འགྲེམ་སྟོན་ཁང་སོགས་རིག་གནས་ཐོན་རྫས་སྔོག་འདོན་གཏིང་ཟབ་བྱེད་དགོས། མཚོ་སྔོན་གཙགས་དྲུབ་ཀྱི“གཅིག་ཅན་བརྒྱད”ཀྱི་བཟོ་འགོད་ལ་སྐུལ་འདེད་བཏང་ནས། “མཚོ་སྔོན་གཙགས་དྲུབ”ཀྱི་ཚོང་རྟགས་ཇེ་རྒྱས་ཇེ་ལེགས་སུ་གཏོང་དགོས། རྨ་ཆུ་དང་ཙོང་ཆུའི་རིག་གནས་ཀྱི་སྲུང་སྐྱོབ་དང་རྒྱུན་འཛིན་ཇེ་དྲག་ཏུ་བཏང་ནས། རྨ་ཆུ་དང་ཙོང་ཆུའི་བཞུར་རྒྱུན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་དང་དེའི་ཤུལ་ལུས་ཀྱི་རིག་གནས་དང་། སྐྱེ་ཁམས། ཁོར་ཡུག་བཅས་ལ་ཕྱོགས་ཡོངས་རང་བཞིན་གྱིས་སྲུང་སྐྱོབ་བྱེད་དགོས། གསར་བརྗེ་གནས་རྙིང་གི་གནས་སྐོར་དང་ཞིང་སྡེའི་གནས་སྐོར་མཉམ་འདྲེས་གོང་སྤེལ་ལ་སྐུལ་འདེད་བཏང་ནས། མཉམ་འདུས་རྣམ་པའི་ཐོན་རྫས་བསྐྲུན་དགོས། ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་གནས་སྐོར་གྱི་སྤུས་འབྲས་མཐོར་འདེགས་ལ་མྱུར་དུ་སྐུལ་འདེད་གཏོང་དགོས།

(བཅུ་གསུམ) སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། རྩེ་གྲས་ཇུས་འགོད་དང་དངོས་ཡོད་འཆར་འགོད་ཀྱི་འཛུགས་སྐྲུན་ཟུང་འབྲེལ་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་བསྐྲུན་པ་ཇེ་མགྱོགས་སུ་གཏོང་དགོས། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྐབས་གཉིས་པའི་བཟོ་འགོད་འཛུགས་སྐྲུན། མདོ་ལ་རིང་མོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཕྱོགས་བསྡུས་བཅོས་སྐྱོང་བཟོ་འགོད་འཛུགས་སྐྲུན་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་དགོས། རི་ཆུ་ནགས་གསུམ་དང་མཚེའུ་རྩྭ་ཐང་བཅས་ཀྱི་སྐྱེ་ཁམས་རྒྱུ་རྐྱེན་ལ་གཅིག་གྱུར་བཀོད་འདོམས་བྱས་ཏེ། བྱང་གསུམ་དང་། རང་བྱུང་སྲུང་སྐྱོབ། རྨོ་བསྐྱུར་ནགས་སྐྲུན། ཕྱུགས་བསྐྱུར་རྩྭ་སྐྱོང་། བྱེ་འགོག་བྱེ་བཅོས་སོགས་གཙོ་གནད་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཞིག་གསོའི་བཟོ་འགོད་ལ་བསྟུད་མར་སྐུལ་འདེད་གཏོང་དགོས། གྲོང་རྡལ་གྱི་ཉེ་འཁོར་དང་། གྲོང་ཚོ། འགྲིམ་འགྲུལ་ལམ་རྒྱུད། ཆུ་བོའི་འགྲམ་གཉིས་བཅས་སུ་ཚད་གཞི་མཐོ་བའི་ལྗང་སྒྱུར་ཤུགས་ཆེན་པོས་བཟོས་ཏེ། རྒྱལ་ཁོངས་ལྗང་སྒྱུར་གྱི་གོམ་སྟབས་གསར་པ་ཇེ་མགྱོགས་སུ་གཏོང་དགོས། ཙོང་ཆུའི་བཞུར་རྒྱུད་དུ་གཞི་རྒྱ་ཅན་གྱི་རྒྱལ་དབང་ནགས་ར་འཛུགས་སྐྲུན་གྱི་ཚོད་ལྟའི་བྱ་བར་བརྟན་འཇགས་ངང་སྐུལ་འདེད་གཏོང་དགོས། “ནགས་ཚལ་ཅན་གྱི་གྲོང་རྡལ་དང་ནགས་ཚལ་ཅན་གྱི་གྲོང་གསེབ། ལྗང་སྒྱུར་སློབ་ར”བཅས་ཀྱི་གསར་སྐྲུན་བྱ་འགུལ་ཤུགས་ཆེན་པོས་སྤེལ་དགོས། སྐྱེ་དངོས་སྣ་མང་ཅན་གྱི་སྲུང་སྐྱོབ་ཇེ་དྲག་ཏུ་བཏང་ནས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རྒྱུད་རྒྱུ་མཛོད་དང་གསོ་སྤེལ་རྟེན་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ནགས་ས་དང་རྩྭ་ས། བརླན་ས། ནགས་ཚལ་དང་རྩྭ་ཐང་བཅས་ཀྱི་ཐོན་ཁུངས་དོ་དམ་ཇེ་དྲག་ཏུ་བཏང་ནས་སྐྱེ་ཁམས་ཀྱི་དམར་ཐིག་ནན་སྲུང་བྱེད་དགོས། རྩྭ་བདག་ལམ་ལུགས་དོན་འཁྱོལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས། བརླན་སའི་སྤྱི་གླིང་འཛུགས་སྐྲུན་དང་སྲུང་སྐྱོབ་ལ་ཤུགས་བསྣན་ནས། བརླན་སའི་སྐྱེ་ཁམས་ཕྱོད་ནུས་ཀྱི་ཁ་གསབ་དང་རྨོ་བསྐྱུར་བརླན་སྐྱོང་སོགས་ལ་ནོར་སྲིད་ཀྱིས་ཁ་གསབ་རོགས་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དང་ནགས་རྩྭའི་གནོད་ལྡན་སྐྱེ་དངོས་ཀྱི་སྔོན་འགོག་ཚོད་འཛིན་འགན་འཁྲི་ལམ་ལུགས་ནན་ཏན་སྒོས་དོན་འཁྱོལ་བྱས་ཏེ། ནགས་རྩྭ་དང་འབྲེལ་བའི་ནག་ཉེས་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བཏང་ནས། སྐྱེ་ཁམས་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་གཏོང་དགོས།

(བཅུ་བཞི) རོང་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་འབུར་ཐོན་གནད་དོན་བཅོས་སྐྱོང་བྱེད་དགོས། གད་སྙིགས་ཐོན་ཁུངས་ཅན་དུ་བཀོལ་སྤྱོད་བྱེད་པ་ཞིང་ཆེན་ཡོངས་སུ་ཚོད་ལྟ་བྱེད་པར་སྐུལ་འདེད་བརྩོན་ལེན་བྱས་ནས་ཐོན་ཁུངས་ཅན་གྱི་བཀོལ་སྤྱོད་ཆུ་ཚད་ཇེ་མཐོར་གཏོང་དགོས། སྒོ་ཕྱུགས་དང་ཁྱིམ་བྱའི་བྲུན་ལུད་ཐོན་ཁུངས་ཅན་དུ་བཀོལ་སྤྱོད་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས། གཞི་རྒྱ་ཆེ་བའི་གསོ་སྤེལ་ར་བའི་བྲུན་ལུད་བཅོས་སྐྱོང་གི་སྒྲིག་ཆས་འཛུགས་སྐྲུན་ཕལ་ཆེར་ཡོངས་འགྲུབ་བྱེད་དགོས། ཞིང་སའི་ས་ཁོངས་སྦགས་བཙོག་གི་བཅོས་སྐྱོང་ཤུགས་ཚད་ཆེ་རུ་གཏོང་དགོས། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་བསྐྲུན་པ་ལག་བསྟར་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་མ་རྩ་འཛུགས་པ་དང་། རྫས་ལུད་དང་ཞིང་སྨན་ཚད་འཕྲི་ཅན་གྱི་ཆེད་དོན་འགུལ་སྐྱོད་སྤེལ་དགོས་ལ། སྐྱེ་ལྡན་ལུད་ཀྱིས་རྫས་ལུད་ཀྱི་ཚབ་བྱེད་པ་རིམ་བཞིན་མངོན་འགྱུར་བྱེད་དགོས། སྐྱེ་ཁམས་འཁོར་རྒྱུག་གི་ཞིང་ཕྱུགས་ལས་གོང་འཕེལ་གཏོང་དགོས། རྨོ་སའི་སྤུས་ཚད་སྲུང་སྐྱོབ་དང་མཐོར་འདེགས་ཀྱི་འགུལ་སྐྱོད་ལག་བསྟར་བྱས་ཏེ། ས་གཤིན་སྦགས་བཙོག་ཉེན་ཁའི་དོ་དམ་ཚོད་འཛིན་དང་བསྐྱར་གསོ་བཅོས་སྐྱོང་ཇེ་དྲག་ཏུ་གཏོང་དགོས། འདེབས་རྨོ་རེས་མོས་ཀྱི་གཞི་རྒྱ་ཆེ་རུ་བཏང་ནས། རེས་གསར་པའི་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའ་སྟེར་བའི་སྲིད་ཇུས་ལག་བསྟར་བྱེད་དགོས། ཞིང་ལས་ལྗང་མདོག་གོང་སྤེལ་སྔོན་སྐྱོད་ཁུལ་གསར་སྐྲུན་བྱེད་དགོས། རོང་འབྲོག་ཁུལ་གྱི་ཆུའི་ཁོར་ཡུག་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། མཁའ་དབྱིངས་ཀྱི་ཆུའི་ཐོན་ཁུངས་ནུས་ལྡན་ངང་གསར་སྤེལ་བཀོལ་སྤྱོད་བྱས་ཏེ། སྐྱེ་ཁམས་ཞིག་གསོ་རྣམ་པའི་མིས་བཟོས་གནམ་གཤིས་ཀྱི་བྱ་བ་ཇེ་དྲག་ཏུ་གཏོང་དགོས།

(བཅོ་ལྔ) ཞིང་པ་ཞོར་ལས་པའི་སྤོ་སྒྱུར་ལས་ཞུགས་ལ་ཡར་སྐུལ་གཏོང་དགོས། ལས་ཞུགས་བརྟན་འཇགས་ཀྱི་སྲིད་ཇུས་སྣ་ཚོགས་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་ནས། ལས་ཞུགས་དང་ལས་སྐྲུན་གྱི་ཞབས་ཞུར་ཤུགས་སྣོན་པ་དང་། ཁྱད་ལྡན་རྩོལ་ལས་ཚོང་རྟགས་ལ་རོགས་སྐྱོར་བྱེད་པ། རྩོལ་ལས་གཉེར་སྐྱོང་བྱ་འགུལ་སྤེལ་བར་སྐུལ་མ་དང་རྩ་འཛུགས་བྱས་ཏེ། ཞིང་པ་ཞོར་ལས་པའི་ལས་ཞུགས་བརྟན་འཇགས་ཡོང་བ་དང་། ཐབས་ལམ་མང་པོ་བརྒྱུད་དེ་རོང་འབྲོག་ཁུལ་གྱི་ངལ་རྩོལ་པ་སྤོ་སྒྱུར་ལས་ཞུགས་བྱེད་པ་དང་ཡོང་སྒོ་འཕར་སྣོན་ལ་སྐུལ་འདེད་གཏོང་དགོས། ས་གནས་ཀྱིས་ད་ཡོད་སྤྱི་ཕན་རང་བཞིན་གྱི་ལས་རྐང་ལ་གཅིག་གྱུར་བཀོད་འདོམས་བྱེད་པར་སྐུལ་མ་བཏང་ནས། ཞིང་སྡེའི་གཙང་སྦྲ་མཁན་དང་། ཆུའི་དོ་དམ་པ། གཞུང་ལམ་བདག་སྐྱོང་མཁན། སྐྱེ་ཁམས་ནགས་སྲུང་མཁན་སོགས་ཀྱི་ལས་རྐང་འོས་འཚམ་གྱིས་འཛུགས་དགོས། ལས་རྣམ་གསར་པའི་ལས་ཞུགས་མི་སྣའི་ལས་རིགས་གནོད་སྐྱོན་འགན་སྲུང་གི་ཚོད་ལྟ་སྤེལ་དགོས། ཕྱིར་ལོག་པའི་ཞིང་པ་ཞོར་ལས་པ་དང་། སློབ་ཆེན་སློབ་མ། རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་པ་ལྷག་མ་སོགས་ཀྱིས་རང་བདག་ལས་སྐྲུན་བྱེད་པར་རོགས་སྐྱོར་བྱས་ཏེ། ཁེ་ལས་དང་འབྲེལ་བའི་ཁྲལ་འཕྲི་རིན་གཅོག་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་། ཁེ་ལས་ལ་རོགས་སྐྱོར་དང་ལས་རྐང་བརྟན་འཇགས་ཡོང་བའི་ཤུགས་ཚད་ཆེ་རུ་གཏོང་བ། ལས་ཤོར་འགན་ལེན་གྱིས་ལས་རྐང་བརྟན་འཇགས་ཕྱིར་སྤྲོད་ཀྱི་རེ་ཞུའི་ཆ་རྐྱེན་ཇེ་ཡངས་སུ་བཏང་སྟེ། ཆ་རྐྱེན་དང་འཚམ་པའི་ཞིང་པ་གླ་རྒྱག་པས་གཏན་འཁེལ་ལྟར་ལས་རིགས་ལག་རྩལ་གསོ་སྦྱོང་གི་ཁ་གསབ་ལོངས་སྤྱོད་ཐུབ་པར་བྱེད་དགོས། ཞིང་པ་ཞོར་ལས་པ་ལས་ཤོར་བྱུང་རྗེས། རྒྱུན་སྡོད་གནས་སུ་ལས་ཤོར་ཐོ་འགོད་བྱེད་ཆོག་ལ། འདྲ་མཉམ་རང་བཞིན་གྱི་སྤྱི་པའི་ལས་ཞུགས་ཞབས་ཞུ་ལོངས་སྤྱོད་བྱེད་ཆོག རོང་འབྲོག་ཁུལ་གྱི་གསར་སྐྲུན་དང་ལས་སྐྲུན་སྣེ་ཁྲིད་མི་སྣའི་གསོ་སྐྱོང་འགུལ་སྐྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། ཆ་རྐྱེན་དང་འཚམ་པའི་ཕྱིར་ལོག་ལས་སྐྲུན་ཞིང་པ་ཞོར་ལས་པ་ཐེངས་གཅིག་ཅན་གྱི་ལས་སྐྲུན་ཁ་གསབ་ཁྱབ་ཁོངས་སུ་འཇོག་དགོས། ཁྲིམས་ལྟར་ཞིང་པ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཏེ། གླ་ཕོགས་ཆད་པ་རྩ་བ་ནས་འགོག་པའི་བྱ་བ་ཤུགས་ཆེན་པོས་ལེགས་པོར་བསྒྲུབས་ནས། ཞིང་པ་ཞོར་ལས་པའི་གླ་ཕོགས་དུས་ཐོག་ཏུ་སྟེར་བར་འགན་སྲུང་བྱེད་དགོས།

                                                                                                                   རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།