མཚོ་སྔོན་ཞིང་ཆེན་གྱི་ཡིག་ཆ་དང་པོ།(ཁག་གཉིས་པ)
2020.03.13 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 72

 མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི“ཞིང་གསུམ”གྱི་ཞན་ཆ་ཁ་གསབ་བྱས་ཏེ་དུས་ལྟར་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པར་ཁག་ཐེག་བྱེད་དགོས་པའི་སྐོར་གྱི་

ལག་བསྟར་བསམ་འཆར།

(2020ལོའི་ཟླ་དང་པོའི་ཚེས23ཉིན།)

གསུམ་པ། ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ནས། ཤུགས་ཆེན་པོས་སྤུས་ལེགས་ལྗང་མདོག་གི་ཞིང་ཕྱུགས་ཐོན་རྫས་འདོན་སྤྲོད་བྱེད་ཚད་ཇེ་མང་དུ་གཏོང་དགོས།

(བཅུ་དྲུག) འབྲུ་སྣུམ་ཐོན་སྐྱེད་བརྟན་འཇགས་སུ་གཏོང་བ། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་ལམ་ལུགས་ཀྱི་དཔྱད་ཞིབ་ཇེ་དྲག་ཏུ་བཏང་ནས། འབྲུ་རིགས་འདེབས་པའི་རྒྱ་ཁྱོན་བརྟན་སྲུང་དང་འབྲུ་རིགས་ཀྱི་ཐོན་ཚད་བརྟན་འཇགས་ཡོང་བར་བྱེད་དགོས། ཞིང་ཕྱུགས་ལས་ཀྱི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་བཏང་ནས། གྲོ་དང་ནས་སོགས་ཀྱི་བསྡུ་རིན་ལ་སྲིད་ཇུས་ཀྱིས་སྲུང་སྐྱོབ་བྱེད་པ་དོན་འཁྱོལ་བྱས་ཏེ། ནས་དང་ཞོག་ཁོག་བཅས་འབྲུ་རིགས་ལོ་ཏོག་གི་ཡོང་སྒོ་འགན་ལེན་ཚོད་ལྟར་སྐུལ་འདེད་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱི་ལོ་ཏོག་འདེབས་པའི་ཡོང་འབབ་འགན་སྲུང་དང་། རོང་འབྲོག་མང་ཚོགས་ཀྱི་འབྲུ་རིགས་ཐོན་སྐྱེད་གོང་འཕེལ་གཏོང་བའི་བརྩོན་སེམས་སྐུལ་སློང་བྱེད་དགོས། ལོ་ཏོག་རིགས་ཀྱི་ཁྱད་སྟོབས་འབུར་དུ་ཐོན་པར་བྱས་ཏེ། ནས་དང་། ལོག་དཀར། ཞོག་ཁོག་སོགས་ཐོན་སྐྱེད་གོང་འཕེལ་གྱི་སྔོན་སྐྱོད་གོ་རིམ་ལ་གཅིག་གྱུར་བཀོད་སྒྲིག་བྱེད་དགོས། རིགས་གསར་པ་དང་ལག་རྩལ་གསར་པ་ཁྱབ་བརྡལ་བཀོལ་སྤྱོད་དང་། གནོད་འབུའི་གནོད་འཚེ་ཚབས་ཆེན་ཐེབས་པ་སྔོན་འགོག་དང་ཚོད་འཛིན་བྱས་ནས། མཉམ་འགོག་མཉམ་བཅོས་དང་། ཚབ་རྨོ་ཚབ་འདེབས། ས་ཞིང་འགན་བཅོལ་སོགས་ཀྱི་ཞབས་ཞུའི་རྣམ་པ་ཁྱབ་བརྡལ་དུ་གཏོང་དགོས། འབྲུ་རིགས་འདེབས་པ་དང་ཐོན་འབབ་ཆེ་བའི་རྫོང་ལ་ཞིང་ལས་ཐོན་རྫས་ལས་སྣོན་བྱེད་སའི་སྤྱོད་ས་དམིགས་ཚད་སྔོན་ལ་བཀོད་སྒྲིག་བྱ་དགོས། འབྲུ་རིགས་འདེབས་པ་དང་ཐོན་འབབ་ཆེ་བའི་རྫོང་ལ་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་གྱི་གསར་བསྣན་རྨོ་ཞིང་དམིགས་ཚད་གྲོང་ཁྱེར(ཁུལ)གྱི་ས་ཁོངས་བརྒལ་ནས་སྙོམ་སྒྲིག་བཀོལ་སྤྱོད་བྱེད་པར་རྒྱབ་སྐྱོར་དང་། སྙོམ་སྒྲིག་གི་ཡོང་སྒོ་གཏན་འཁེལ་ལྟར་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ཐད་བཀོལ་དགོས། སྤུས་ལེགས་འབྲུ་རིགས་ལས་གཞི་ལག་བསྟར་བྱེད་དགོས། འབྲུ་རིགས་གཟན་ཆས་སུ་བསྒྱུར་བའི་གཞི་ཁྱོན་ཇེ་ཆེར་བཏང་ནས། འདེབས་གསོ་ཟུང་འབྲེལ་གྱི་རྣམ་པ་ཁྱབ་བརྡལ་དུ་གཏོང་དགོས། སྣ་མང་ཅན་གྱི་ནང་འདྲེན་བརྒྱུད་ལམ་རྒྱ་བསྐྱེད་ནས། ཞིང་ཆེན་ནང་ཁུལ་གྱི་དགོས་མཁོ་དང་མཐུན་པའི་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་ཚད་ཇེ་མང་དུ་གཏོང་དགོས། ཞིང་ལས་ཐོན་རྫས་ལྐོག་ཚོང་ལ་འགོག་རྒོལ་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་ཆེད་དོན་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་དགོས།

(བཅུ་བདུན) ཐོན་ལས་གོང་འཕེལ་གྱི་གྲུབ་ཚུལ་ལེགས་སྒྱུར་བྱ་དགོས། གྲོང་ཁྱེར་དང་ཞིང་སྡེའི་རྒྱུ་རྐྱེན་རང་དབང་འཁོར་སྐྱོད་ལ་སྐུལ་འདེད་བཏང་ནས། རོང་འབྲོག་ཁུལ་གྱི་སྣ་གཅིག་ཕྱིར་གཏོང་གི་སྒྲིག་གཞི་ལེགས་སྒྱུར་བྱས་ཏེ། ཐོན་ཁུངས་རྒྱུ་རྐྱེན་རོང་འབྲོག་ཁུལ་དུ་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། ལྗང་མདོག་སྤུས་ལེགས་ཀྱི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ཤུགས་ཆེན་པོས་གོང་དུ་སྤེལ་ནས། ཞིང་ཕྱུགས་ལས་ཀྱི་ཐོན་འཕར་ཕྱོགས་ནས་སྤུས་འབྲས་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། “ཁུལ་གསུམ་རྒྱུད་གཉིས”ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་གྲུབ་ཚུལ་གྱི་སྤྱིའི་སྒྲིག་གཞི་ལྟར། ཞིང་ཕྱུགས་ཟུང་འབྲེལ་དང་། འདེབས་གསོ་ཟུང་འབྲེལ་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་སྟེ། སྣེ་ཁྲིད་ཁེ་ལས་ཀྱིས་ཚད་ལྡན་ཅན་གྱི་གཞི་ཁྱོན་གསོ་སྤེལ་རྟེན་གཞི་རང་སྐྲུན་དང་མཉམ་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ། སྐྱེ་ཁམས་ཕྱུགས་ལས་དེ་གཅིག་བསྡུས་ཅན་དང་ཚད་ལྡན་ཅན་དུ་བསྒྱུར་བར་སྐུལ་སྤེལ་གཏོང་དགོས། འབྲུ་རིགས་གཟན་ཆས་སུ་བསྒྱུར་བ་དང་རྩྭ་སའི་ཕྱུགས་ལས་ཁྱབ་བརྡལ་དུ་བཏང་ཏེ། རྩྭ་བཏབ་ནས་ཕྱུགས་འཚོ་བ་གོང་སྤེལ་དང་། སྒོ་ཕྱུགས་དང་ཁྱིམ་བྱ་གསོ་སྤེལ་དེ་གསོ་འཚམ་ཁུལ་དུ་ཕྱོགས་བསྡུས་བྱེད་པར་ཁྲིད་སྟོན་བྱ་དགོས། འབྲུ་རིགས་གཟན་ཆས་སུ་བསྒྱུར་བའི་སྒྲིག་གཞི་འོས་འཚམ་གྱིས་སྙོམ་སྒྲིག་བྱས་ཏེ། ཡུག་པོ་དང་མ་རྨོས་ལོ་ཏོག འབུ་སུ་ཧང་སོགས་སྤུས་ལེགས་གཟན་རྩྭ་མང་དུ་ཐོན་སྐྱེད་བྱེད་པར་སྐུལ་འདེད་གཏོང་དགོས།

(བཅོ་བརྒྱད) དེང་རབས་ཐོན་ལས་མ་ལག་མགྱོགས་མྱུར་ངང་བསྐྲུན་དགོས། ནོར་ནག་དང་འབྲོག་ལུག ནས།   ཉ། ཞོག་ཁོག   ལོག་དཀར། སྔོ་ཚོད། འཕང་འབྲས་སོགས་ཁྱད་ལྡན་ཐོན་ལས་ལ་དམིགས་ཏེ། ཐོན་ལས་རེར་ཕྱོགས་བསྡུས་སྤུས་ལེགས་སོན་བཟང་ཁྱབ་སྤེལ་བྱེད་ས་དང་། ཚད་ལྡན་ཅན་གྱི་རྟེན་གཞི་འཛུགས་སྐྲུན། མཉམ་ལས་ཁང་། སྣེ་ཁྲིད་ཁེ་ལས་ཀྱིས་སྐུལ་ཁྲིད་དང་ཆེད་ལས་ཚོང་ར་བཅས་གཞི་གཅིག་ཅན་གྱི་ཐོན་ལས་ཡོངས་ཀྱི་སྦྲེལ་ཐག་དཔེ་སྟོན་ས་ཚིགས་གཉིས་རེ་བསྐྲུན་དགོས། སན་ཝུན་ཉ་ཐོན་ལས་གོང་སྤེལ་གྱི་མཉམ་འབྲེལ་གཙོ་གནད་དུ་བཟུང་ནས། རྨ་ཆུའི་འགྲམ་རྒྱུད་ཀྱི་ཉ་རིགས་ཀྱི་ཐོན་ལས་རིམ་སྤར་མཐོར་འདེགས་གཏོང་དགོས། ཚད་ལྡན་ཅན་དང་། སྐྱེ་ལྡན་ཅན། གཞི་ཁྱོན་ཅན་གྱི་འཕང་འབྲས་དང་། སྟར་བུ། ཁྱད་ལྡན་ཤིང་ཏོག་ཐོན་སྐྱེད་རྟེན་གཞི་མུ་མཐུད་དུ་བསྐྲུན་ནས། འཕང་འབྲས་དང་སྟར་བུ་སྒོར་དུང་ཕྱུར་བརྒྱའི་ཐོན་ལས་རིམ་སྤར་སྤུས་ལེགས་མཐོར་འདེགས་གཏོང་དགོས། ཁྱད་ལྡན་སྨན་རྩྭའི་འདེབས་འཛུགས་ཀྱི་རྒྱ་ཁྱོན་བརྟན་འཇགས་ངང་རྒྱ་བསྐྱེད་དེ། རྨ་ཆུ་དང་ཙོང་ཆུའི་གཤོང་སའི་སྨན་རྩྭའི་རྒྱུ་ཆ་འདེབས་འཛུགས་རྟེན་གཞི་བསྐྲུན་དགོས། དཔལ་འབྱོར་ནགས་ཚལ་དང་།  སྨན་རྩྭ། སྡོང་ཕྲུག རི་སྐྱེས་སྲོག་ཆགས་ཀྱི་རྒྱུད་སྤེལ། སྐྱེ་ཁམས་ཡུལ་སྐོར། ནགས་རྩྭའི་ཐོན་ལས་ལས་སྣོན་བཅས་ཀྱི་ཐོན་ལས་སྐྱོན་བྲལ་ཞིང་མགྱོགས་མྱུར་ངང་གོང་དུ་འཕེལ་བར་གཅིག་གྱུར་བཀོད་འདོམས་དང་སྐུལ་འདེད་གཏོང་དགོས། ནགས་ཚལ་ཁམས་གསོ་དང་། ནགས་ཚལ་ཁྱིམ་གཞིས། སྐྱེ་ཁམས་ཉམས་ལེན་སོགས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་དང་སྟོབས་ལྡན་དུ་འགྲོ་བར་རྒྱབ་སྐྱོར་བྱས་ཏེ། ནགས་རྩྭའི་ཐོན་ས་རིགས་སྒྱུར་རིམ་སྤར་དང་། ཕན་འབྲས་མཐོར་འདེགས་ལ་སྐུལ་སྤེལ་གཏོང་དགོས། ཐོན་ལས་སྡེ་དར་དང་རྫོང་སྟོབས་ལྡན་དུ་འགྱུར་བའི་འགུལ་སྐྱོད་ལག་བསྟར་བྱས་ཏེ། ཐོན་ལས་ཀྱི་གྲོང་རྡལ་སྟོབས་ལྡན་ཁག་ཅིག་གསོ་སྐྱོང་བྱ་དགོས། ཞིང་སྡེའི་རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་ངང་གསོ་སྤེལ་དང་གོང་འཕེལ་གཏོང་དགོས།

(བཅུ་དགུ)རོང་འབྲོག་ཁུལ་གྱི་ཐོན་ལས་མཉམ་འདྲེས་གོང་སྤེལ་ལ་སྐུལ་འདེད་གཏོང་དགོས། ས་ཁུལ་སོ་སོས་ཐོན་ཁུངས་ཀྱི་ཁྱད་སྟོབས་ལ་རྐང་བཙུགས་ནས། སོ་སོའི་ཁྱད་ཆོས་འཛོམས་པའི་ཞིང་ལས་ཡོངས་ཚད་ཐོན་ལས་མུ་སྦྲེལ་ཅན་དུ་བསྐྲུན་པར་རྒྱབ་སྐྱོར་བྱེད་པ་དང་། ཞིང་པས་ཐོན་ལས་མུ་སྦྲེལ་ཅན་གྱི་རིན་འཕར་ཁེ་ཕན་ལོངས་སུ་སྤྱོད་པའི་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། འགྲན་རྩོད་ནུས་ཤུགས་ལྡན་པའི་ཐོན་ལས་ཁྱུ་ཚོགས་འགྲུབ་པར་བྱེད་པ་དང་། ནོར་ནག་དང་ནས་ཐོན་ལས་གོང་སྤེལ་གྱི་ལོ་གསུམ་འགུལ་སྐྱོད་འཆར་གཞི་མགྱོགས་མྱུར་ངང་ལག་བསྟར་བྱས་ཏེ། ནོར་ནག་ཐོན་ལས་གླིང་དང་། ནས་ཐོན་ལས་གླིང་། ཐོན་སྐྱེད་ཁྱད་སྟོབས་ཁུལ་དང་ཚད་གཞི་མཐོ་བའི་ལས་སྣོན་བཅས་ཀྱི་ཐོན་སྐྱེད་ལམ་བུ་འཛུགས་སྐྲུན་བྱེད་པ་དང་། ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། རོང་འབྲོག་ཁུལ་གྱི“གསར་གཏོད་གཉིས”ཀྱི་རྟེན་གཞི་ལེགས་སྒྲུབ་བཅས་བྱ་དགོས། ཁྱིམ་ཚང་གི་ཞིང་ར་དང་། ཞིང་པའི་མཉམ་ལས་ཁང་སོགས་གསར་དར་ཞིང་ལས་བདག་གཉེར་གཙོ་གཞི་གཙོ་གནད་དུ་བཟུང་ནས་སྐྱེད་སྲིང་བྱེད་པ་དང་། ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་རྟེན་གཞི་འཛུགས་སྐྱོང་བྱེད་པ། མངགས་ཉོའི་ཞིང་ལས་དང་། མ་རྐང་དུ་ཞུགས་ནས་ཁེ་སྤོགས་བགོ་བ། མངགས་བཅོལ་ཞབས་ཞུ་སོགས་ཀྱི་བྱེད་ཐབས་སྤྱད་དེ། ཞིང་ཁྱིམ་ཆུང་བའི་ཞིང་ལས་ཐོན་ལས་མུ་སྦྲེལ་ཅན་དུ་འདྲེས་སུ་འཇུག་དགོས། མུ་མཐུད་དུ་ཞིང་ཕྱུགས་ལས་ཀྱི་གྲུབ་ཚུལ་སྙོམ་སྒྲིག་ལེགས་སྒྱུར་བྱེད་དགོས་ལ། ལྗང་མདོག་ཟས་རིགས་དང་། སྐྱེ་ལྡན་ཞིང་ལས་ཐོན་རྫས། ས་ཁམས་རྟགས་མཚན་ཡོད་པའི་ཞིང་ལས་ཐོན་རྫས་ཀྱི་བདེན་དཔང་དང་དོ་དམ་ལ་ཤུགས་བསྣན་ནས། ས་གནས་ཀྱི་མིང་གྲགས་ལྡན་པའི་ཞིང་ལས་ཐོན་རྫས་ཀྱི་ཟོང་རྟགས་གྲགས་ཅན་བསྐྲུན་པ། སྤུས་ལེགས་ལྗང་མདོག་ཞིང་ལས་ཐོན་རྫས་ཀྱི་མཁོ་འདོན་ཇེ་མང་དུ་གཏོང་དགོས། རོང་འབྲོག་ཁུལ་གྱི་ཚོང་ར་ནུས་ལྡན་སྒོས་གསར་སྤེལ་བྱེད་པ་དང་། གློག་རྡུལ་ཚོང་ལས་ཞིང་སྡེར་བསྐྱོད་པར་རྒྱ་བསྐྱེད་པ། མཁོ་ཚོང་མཉམ་ལས་ཁང་དང་། སྦྲག་སྲིད་མྱུར་སྐྱེལ་དང་ཁེ་ལས་སོགས་ཞིང་སྡེའི་དངོས་དབོར་ཞབས་ཞུ་དྲ་རྒྱའི་སྟེང་རྒྱ་བསྐྱེད་པར་རྒྱབ་སྐྱོར་བྱེད་པ། སྡེ་བ་རིམ་པའི་གློག་རྡུལ་ཚོང་དོན་ཞབས་ཞུ་ས་ཚིགས་འཛུགས་སྐྲུན་ལ་ཤུགས་སྣོན་པ། ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་བསྐྱོད་པ་དང་། བཟོ་ལས་ཐོན་རྫས་ཞིང་སྡེར་བསྐྱོད་པའི་ཕྱོགས་གཉིས་འཁོར་རྒྱུག་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་དང་ཟས་རིགས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་གོ་རིམ་ཧྲིལ་པོར་ཤུགས་བསྣན་ནས། ཁུངས་འདེད་མ་ལག་འཐུས་ཚང་དུ་གཏོང་བ་དང་། བཟོ་ཚོང་མ་རྩ་གྲོང་གསེབ་ཏུ་བསྐྱོད་པར་ཁྲིད་སྟོན་དང་སྐུལ་ལྕག་བྱེད་དགོས་ལ། ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་དངོས་གནས་སྲུང་སྐྱོབ་བྱ་དགོས། རོང་འབྲོག་ཁུལ་གྱི་ཐོན་ལས་མཉམ་འདྲེས་དཔེ་སྟོན་རྫོང་དང་། ཐོན་ལས་མཉམ་འདྲེས་གོང་སྤེལ་དཔེ་སྟོན་གླིང་བཅས་གཙོ་གནད་དང་སྟེགས་བུ་བྱས་ཏེ། མ་དངུལ་དང་ཚན་རྩལ། འཇོན་མི། ལས་གཞི་སོགས་རྒྱུ་རྐྱེན་སྣ་མང་བསྡུ་རུབ་བྱས་ནས། རོང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་གོང་སྤེལ་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས།

(ཉི་ཤུ) ཞིང་ཕྱུགས་ལས་ཚན་རྩལ་འདེགས་སྐྱོར་གྱི་བྱ་སྤྱོད་སྤེལ་དགོས། གསར་སྐྲུན་གྱིས་འཕེལ་རྒྱས་ལ་འདེད་སྐུལ་བྱེད་པ་ཇེ་དྲག་ཏུ་བཏང་ནས། ཚན་རྩལ་གལ་ཆེན་གྱི་ཆེད་དོན་ལག་བསྟར་དང་། ཚན་རྩལ་གལ་ཆེན་གྱི་གྲུབ་འབྲས་གཅིག་བསྡུས་སྙོར་སྐྱོང་དང་། དཔེ་སྟོན་ཁྱབ་སྤེལ། སྤོ་བསྒྱུར་གྱི་བཀོལ་སྤྱོད་བཅས་ལ་ཤུགས་སྣོན་དགོས། གནོད་འབུའི་གནོད་འཚེ་སྔོན་འགོག་དང་། ཞིང་སྨན་འཕྲི་སྟོར། ཁྱད་ལྡན་ཞིང་ལས་ཐོན་རྫས་ལས་སྣོན། སྐྱེ་ལྡན་ལུད་ཐོན་སྐྱེད་དང་ཕན་མཐོ་བཀོལ་སྤྱོད་སོགས་གནད་འགག་ལག་རྩལ་དང་རྣམ་པའི་ཕྱོགས་སུ་མིག་དཔེ་སྟོན་དགོས། སྐྱེ་དངོས་འདེབས་འཛུགས་དང་། ཤེས་རིག་ཞིང་ལས། ལྗང་མདོག་གཏོང་རྫས་སོགས་ཁྱབ་ཁོངས་ཀྱིས་རང་བདག་གསར་སྐྲུན་ལ་སྐུལ་འདེད་བྱ་དགོས། དེང་རབས་འདེབས་འཛུགས་ལས་རིགས་མཐོར་འདེགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། རྒྱལ་ཡོངས་ཀྱི་འབྲེལ་སྦྱོར་ལོག་དཀར་འདེབས་འཛུགས་རྟེན་གཞི་དང་། སྤུས་ལེགས་ནས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི། དུག་མེད་ཞོག་ཁོག་འདེབས་པའི་གསོ་སྤེལ་རྟེན་གཞི་གལ་ཆེན་དག་བསྐྲུན་དགོས། ཞིང་ཕྱུགས་ལས་ཚན་རྩལ་གསར་སྐྲུན་གྱི་རིམ་པ་གསུམ་པའི་སྟེགས་བུ་མུ་མཐུད་དུ་འཛུགས་སྐྲུན་བྱས་ནས། ཞིང་ཕྱུགས་ལས་ཀྱི་ཚན་རིག་སློབ་གསོ་དང་། ཐོན་སློབ་ཞིབ་གསུམ་ཟུང་འབྲེལ་གཏིང་ཟབ་ཏུ་སྤེལ་ཏེ། སོན་རིགས་གསར་པ་དང་། ལག་རྩལ་གསར་པའི་ཕྱོགས་བསྡུས་སྤོ་བསྒྱུར་བཀོལ་སྤྱོད་ཇེ་མགྱོགས་སུ་གཏོང་དགོས། ཞིང་ལས་ལག་རྩལ་དང་འཕྲུལ་ཆས་མཉམ་འདྲེས་ཆ་སྒྲིག་ཇེ་དྲག་ཏུ་བཏང་ནས། ཐོན་སྐྱེད་ཀྱི་མགོ་མཇུག་བར་གསུམ་གྱི་ཐོན་ལས་ཡོངས་ཀྱི་སྦྲེལ་ཐག་འདེགས་སྐྱོར་གྲུབ་པར་བྱ་དགོས། བརྒྱུད་རིམ་ཧྲིལ་བོའི་འཕྲུལ་ཆས་ཅན་གྱི་ཆུ་ཚད་ཤུགས་ཆེན་པོས་མཐོར་འདེགས་བཏང་ནས། ཞིང་ལས་འཕྲུལ་ཆས་བེད་མེད་ཟུར་འཇོག་ལེགས་སྒྱུར་དང་། ཐོན་རྫས་གསར་པ་ཉོ་སྒྲུབ། མངའ་ཁོངས་ཀྱི་ཁྱད་ལྡན་འཕྲུལ་ཆས་ཁག3གྱི་ཁ་གསབ་གསར་པའི་ཚོད་ལྟ་གསར་སྐྲུན་བྱ་དགོས། སྔོན་ཐོན་དངོས་སྤྱོད་ཀྱི་ལག་རྩལ་ཕྱོགས་བསྡུས་གསར་སྐྲུན་དང་ཁྱབ་སྤེལ་བཀོལ་སྤྱོད་ཇེ་མགྱོགས་སུ་གཏོང་དགོས། ཞིང་ལས་ཚན་རྩལ་ཞིབ་འཇུག་གྲུབ་འབྲས་ཀྱི་ཐོན་དབང་ལམ་ལུགས་འཐུས་ཚང་དུ་བཏང་ནས། འཇོན་མི་དཔྱད་འཇོག་དང་འཁོར་སྐྱོད་འགན་སྲུང་གི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས།

(ཉེར་གཅིག) ཞིང་ལས་ཐོན་རྫས་གལ་ཆེན་འགན་སྲུང་གི་འཐབ་ཇུས་ལག་བསྟར་བྱ་དགོས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་ཏེ། རྨོ་ཞིང་སྲུང་སྐྱོབ་ཀྱི་ཐིག་དམར་དམ་སྲུང་བྱས་ནས་གཞི་རྩའི་ཞིང་ས་ཡུན་རིང་སྲུང་སྐྱོབ་བྱེད་པ་ཇེ་དྲག་ཏུ་གཏོང་བ་དང་། ཞིང་སྡེའི་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་དང་བསྐྱར་འདེབས་བྱ་དགོས། འཛུགས་སྐྲུན་ཐད་སྤྱོད་པའི་རྨོ་ཞིང་དང་འདེབས་དངོས་རིམ་པ་བཀར་ནས་ཡང་བསྐྱར་བཀོལ་སྤྱོད་དང་། འབྲུ་སྣུམ་ཐོན་མང་གསར་སྐྲུན་དང་། ལྗང་མདོག་ཐོན་འཕར་གྱི་འགག་གཏོར་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ཏེ། འབྲུ་རིགས་ཐོན་སྐྱེད་རྫོང་ཆེན་ལ་སྲིད་ཇུས་ཀྱིས་ཕྱོགས་ཞེན་བྱེད་པར་ཤུགས་བསྣན་ནས། འབྲུ་རིགས་ཐོན་སྐྱེད་ཀྱི་བརྟན་འཇགས་གོང་འཕེལ་ལ་ཁག་ཐེག་དང་། རོང་འབྲོག་མང་ཚོགས་ཀྱི་བཟའ་འབྲུ་གཞི་རྩའི་ཆ་ནས་རང་མཁོ་ཐུབ་པར་ཁག་ཐེག་བྱ་དགོས། ཚོད་སླེ་བཟོ་འགོད་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་རྟེན་གཞི་འཛུགས་སྐྲུན་ཇེ་དྲག་ཏུ་གཏོང་དགོས། ཞིང་སའི་སྔོ་ཚོད་འདེབས་འཛུགས་ཀྱི་ཁ་གསབ་ལམ་ལུགས་དོན་འཁྱོལ་བྱ་དགོས། སྐྱེ་དངོས་སྲུང་སྐྱོབ་འཛུགས་སྐྲུན་གྱི་བཟོ་འགོད་ལག་བསྟར་བྱ་དགོས། ནོར་ནག་དང་། འབྲོག་ལུག་ཐོན་རྫས་ཀྱི་ཁུངས་འདེད་མ་ལག་འཛུགས་སྐྲུན་གྱི་ཚོད་ལྟ་ལག་བསྟར་བྱས་ནས། ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཞིང་ཕྱུགས་ཐོན་རྫས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་དགོས། འོ་ལས་དང་བྱ་རིགས། ནོར་ལུག་སོགས་ཀྱི་ཐོན་སྐྱེད་ལ་རྒྱབ་སྐྱོར་བྱས་ཏེ། ཆུ་ཐོན་ལྗང་མདོག་བདེ་ཐང་གི་གསོ་སྤེལ་ལ་སྐུལ་འདེད་གཏོང་དགོས། ཕག་ཐོན་སྐྱེད་ཀྱི་སྲིད་ཇུས་བྱེད་ཐབས་སོ་སོར་དོན་འཁྱོལ་ནན་མོ་བྱས་ཏེ། ཁོར་ཡུག་དཔྱད་འཇོག་དང་། སྤྱོད་ས། ཡིད་རྟོན་དངུལ་བུན་སོགས་ཀྱི་འགག་རྩ་གཏོར་ནས། ཕག་ཚད་ལྡན་ཅན་གྱི་གཞི་ཁྱོན་གསོ་སྤེལ་ལ་སྐུལ་འདེད་དང་། གསོ་སྤེལ་ཁྱིམ་ཚང་ཆུང་འབྲིང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཕག་ཐོན་སྐྱེད་ཀྱི་གཞི་ཁྱོན་གང་མགྱོགས་སྒོས་སླར་གསོ་བྱ་དགོས།

(ཉེར་གཉིས) དེང་རབས་ཞིང་ཕྱུགས་ལས་ཀྱི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཞིང་སའི་ཆུ་བེད་སྒྲིག་ཆས་ཆུང་གྲས་འཛུགས་སྐྲུན་བྱ་དགོས། ཞིང་ཕྱུགས་ཐོན་རྫས་མཛོད་འཇུག་སོས་ཉར་འཁྱགས་སྦྲེལ་སྐྱེལ་འདྲེན་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་གཞི་མགོ་རྩོམ་དགོས། ཁྱིམ་ཚང་གི་ཞིང་ར་དང་། ཞིང་པའི་མཉམ་ལས་ཁང་། མཁོ་འཚོང་མཉམ་ལས་ཁང་། སྦྲག་སྲིད་མྱུར་སྐྱེལ་ཁེ་ལས། ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་བཅས་ཀྱིས་ཐོན་ཡུལ་དབྱེ་འབྱེད་ཐུམ་སྒྲིལ་དང་། གྲང་ཉར་སོས་ཉར། བཀར་འཇུག་སྐྱེལ་འདྲེན། ཐོག་མའི་ལས་སྣོན་སོགས་ཀྱི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱེད་པ་དང་། དེས་ཞིང་སྡེ་རུ་སྐྲུན་པའི་སོས་ཉར་མཛོད་ཉར་སྒྲིག་བཀོད་འཛུགས་སྐྲུན་ཐད་སྤྱོད་པའི་གློག་རིན་དེ་ཞིང་ལས་ཐོན་སྐྱེད་གློག་རིན་ལྟར་བསྡུ་དགོས། སྔོ་ཚོད་སྒྲིག་ཆས་འདེབས་འཛུགས་གོང་སྤེལ་དུ་བཏང་ནས་དྲོད་ཁང་ཆེ་བ་འཛུགས་སྐྲུན་བྱ་དགོས། རྩྭ་སའི་སྐྱེ་ཁམས་ཕྱུགས་ལས་ཀྱི་ཚོད་ལྟའི་ཁུལ་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། ཕྱུགས་ལས་སྒྲིག་ཆས་དེང་རབས་ཅན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས། གཟན་རྩྭའི་རྒྱུ་ཆ་ལས་སྣོན་དང་དྲོད་ཁང་། གཟན་ཆས། ཁོར་ཡུག་ཚོད་འཛིན། ཐོན་རྫས་འཚོལ་སྡུད། བྲུན་ལུད་ཀྱི་སྦགས་བཙོག་ཐག་གཅོད་བཀོལ་སྤྱོད་སོགས་ཀྱི་སྒྲིག་ཆས་བསྐྲུན་དགོས། ཞིང་ལས་དང་ཞིང་སྡེའི་གཞི་གྲངས་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་། ཟོག་སྦྲེལ་དྲ་བ་དང་། གཞི་གྲངས་ཆེན་མོ། ཁུལ་དུམ་འབྲེལ་མཐུད། མིས་བཟོས་རིག་ནུས། སྤོ་སྒུལ་འཕྲིན་གཏོང་དྲ་རྒྱ་རབས་ལྔ་པ། རིག་ལྡན་གནམ་གཤིས་སོགས་དེང་རབས་ཆ་འཕྲིན་ལག་རྩལ་དག་ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་དུ་བེད་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས།

བཞི་པ། ནུས་ལྡན་གྱི་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས། ཞིང་སྡེའི་བཅོས་སྐྱོང་མ་ལག་ལ་ཤུགས་སྣོན་དགོས།

(ཉེར་གསུམ) ཏང་རྩ་འཛུགས་ཀྱི་མགོ་ཁྲིད་ཀྱིས་གཞི་རིམ་བཅོས་སྐྱོང་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག》དོན་འཁྱོལ་བྱས་ཏེ། ཏང་གི་རོང་འབྲོག་ཁུལ་གྱི་སྲིད་འཛིན་རྨང་གཞི་བརྟན་པོར་གཏོང་དགོས། ཁྱོན་ཡོངས་ནས་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་རྫོང་རིམ་པའི་ཏང་ཨུས་ཐོ་འགོད་དོ་དམ་བྱེད་པའི་ལམ་ལུགས་དངོས་འབེབས་དོན་འཁྱོལ་བྱེད་དགོས་པ་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མིར་རྫོང་རིམ་པའི་མཉམ་བཤེར་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་འཛུགས་པ་དང་། མུ་མཐུད་དུ་གཉོམ་ཞན་ཁ་འཐོར་གྱི་སྡེ་བའི་ཏང་རྩ་འཛུགས་དག་ཐེར་བྱས་ཏེ། ཏང་རྩ་འཛུགས་ཀྱི་ཞིང་སྡེའི་རྩ་འཛུགས་སྣ་ཚོགས་ཁྲོད་ཀྱི་མགོ་ཁྲིད་ནུས་པ་འདོན་སྤེལ་བྱ་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལ་ལྟ་སྐུལ་དོ་དམ་གཟབ་ནན་དུ་གཏོང་བ་དང་། ཏང་ཨུའི་རྩ་འཛུགས་སྡེ་ཁག་གི་སྣེ་ཁྲིད་མཐུན་སྦྱོར་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དམངས་སྲིད་དང་། ཞིང་ལས། ཞིང་སྡེ་སོགས་སྡེ་ཁག་དག་མཉམ་དུ་ཞུགས་ཏེ། མཛུབ་སྟོན་བྱེད་པའི་སྡེ་དོན་ལྟ་སྐུལ་རྐྱེན་སྲོལ་ལ་ཤུགས་སྣོན་པ། “གྲོས་བསྡུར་བཞི་དང་ཡོངས་བསྒྲགས་གཉིས”ཀྱི་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། ལོ་གཞོན་ཞིང་པའི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་བར་ཤུགས་སྣོན་དགོས། ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་རུ་མིའི་དོ་དམ་ཇེ་དྲག་ཏུ་བཏང་ནས། སྐུལ་ལྕག་འགན་སྲུང་གི་སྲིད་ཇུས་དོན་འཁྱོལ་བྱ་དགོས། སྡེ་བའི་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་ལ་སྐུལ་ལྕག་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། ཞང་གྲོང་གི་མགོ་ཁྲིད་ཚན་ཁག་དང་སྒོས་སུ་ཞང་གྲོང་གི་ཏང་ཨུའི་ཧྲུའུ་ཅི་ལེགས་འདེམ་བཀོད་སྒྲིག་བྱ་དགོས། ཞིང་སྡེ་ནས“ཏང་གི་གསུང་ལ་ཉན་པ་དང་། ཏང་གི་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ”ཡི་སྒྲོག་འགྲེལ་བྱ་འགུལ་སྤེལ་དགོས།

(ཉེར་བཞི )ཞིང་སྡེའི་བཅོས་སྐྱོང་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་དགོས། ཏང་ཨུས་མགོ་ཁྲིད་དང་སྲིད་གཞུང་གིས་འགན་འཁྲི། དམངས་གཙོའི་གྲོས་མོལ། སྤྱི་ཚོགས་ཀྱིས་མཉམ་ལས། མང་ཚོགས་ཟབ་ཞུགས། བཅའ་ཁྲིམས་ཀྱིས་འགན་སྲུང་། ཚན་རྩལ་གྱིས་འདེགས་སྐྱོར་བཅས་བྱེད་པའི་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་བསྐྲུན་དགོས། རྫོང་དང་ཞང་། སྡེ་བ་བཅས་མཉམ་འགུལ་བྱེད་པ་རྒྱུན་འཁྱོངས་དང་། སྤྱི་ཚོགས་བཅོས་སྐྱོང་དང་ཞབས་ཞུའི་གཙོ་གནད་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་བཏང་ནས། ཞིང་སྡེ་བཅོས་སྐྱོང་བྱེད་པའི་ཕན་ནུས་ཇེ་དྲག་ཏུ་གཏོང་དགོས། ཞང་གྲོང་གིས་ཞིང་ལས་ལ་ཞབས་ཞུ་བྱེད་པའི་ལྟེ་བའི་དོ་དམ་ནུས་པ་ཆེ་རུ་བཏང་ནས། གཅིག་བསྡུས་ཀྱིས་སྒྲུབ་པ་མངོན་འགྱུར་བྱ་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་འོག་གི་སྡེ་དམངས་རང་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། སྡེ་སྲོལ་དམངས་ཆིངས་འཐུས་ཚང་དུ་བཏང་ནས། སྡེ་དམངས་ཀྱི་རང་སྐྱོང་དེ་ལམ་ལུགས་ཅན་དང་ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། རང་སྐྱོང་དང་ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་འབྲེལ་བྱེད་པའི་ཞིང་སྡེའི་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པའི་ཚོད་ལྟའི་དཔེ་སྟོན་ལས་དོན་ཏན་ཏིག་སྒོས་སྤེལ་ཏེ། ཞིང་སྡེ་བཅོས་སྐྱོང་གི་གསར་གཏོད་ཅན་གྱི་དཔེ་མཚོན་ཉམས་མྱོང་ཁྱབ་གདལ་དུ་གཏོང་དགོས། རོང་འབྲོག་མང་ཚོགས་ཀྱི་ཁྱིམ་ཚང་བཟང་པོ་དང་ཁྱིམ་ཚང་གི་སློབ་གསོ་བཟང་པོ། ཁྱིམ་ཚང་གི་གོམས་སྲོལ་བཟང་པོ་བཅས་སྐྱེད་སྲིང་བྱེད་པར་ཁྲིད་སྟོན་བྱས་ཏེ། རོང་འབྲོག་ཁྱིམ་ཚང་ཧུར་ཐག་གིས་ཞིང་སྡེ་བཅོས་སྐྱོང་གི་ནང་དུ་ཞུགས་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ན་གཞོན་དང་བླངས་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ན་གཞོན་སྔར་ལས་མང་པོས་ལས་འགན་གལ་ཆེན་འཁུར་རོགས་བྱེད་པར་སྐུལ་སློང་བྱ་དགོས།

(ཉེར་ལྔ)ཞིང་སྡེའི་འགལ་བ་དང་རྩོད་གཞི་ཐག་གཅོད་དང་འདུམ་སྒྲིག་བྱ་དགོས། ཞིང་སྡེའི་འགལ་བ་དང་རྩོད་གཞི་ཐག་གཅོད་དང་འདུམ་འགྲིག་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་སུ་གཏོང་བ། མང་ཚོགས་ཀྱི་བདེ་སྡུག་ཞུ་བ་དང་ཁེ་ཕན་མཐུན་སྦྱོར་བྱེད་པ། ཁེ་དབང་འགན་སྲུང་བྱེད་པ་བཅས་ཀྱི་ཐབས་ལམ་ཚད་ལྡན་དུ་གཏོང་བ་དང་བཀག་མེད་བདེ་བགྲོད་ཡོང་བར་བྱེད་པ་དང་། མི་དམངས་ཀྱི་འདུམ་སྒྲིག་དང་སྲིད་འཛིན་གྱི་འདུམ་སྒྲིག ཁྲིམས་འཛིན་གྱི་འདུམ་སྒྲིག་བཅས་མཉམ་འགུལ་ཡོང་བའི་བྱ་བའི་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུའི་མ་ལག་དང་འཇིག་ཉེན་ཐེ་གཏོགས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་འགལ་བ་དང་རྩོད་གཞི་ཕྱོགས་མང་པོ་ནས་སྔོན་འགོག་དང་འདུམ་སྒྲིག་ཐག་གཅོད་བྱེད་པའི་ཕྱོགས་བསྡུས་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། འགལ་བ་དང་རྩོད་གཞི་གཞི་རིམ་ནས་ཐག་གཅོད་པ་དང་། དོན་ཆུང་སྡེ་བའི་ནང་ཐག་གཅོད་པ་དང་དོན་ཆེན་ཞང་ནས་ཐག་གཅོད་པ། འགལ་བ་གོང་ལ་སྤྲོད་མི་དགོས་པ་བཅས་ཡོང་བར་འབད་དགོས། ཞིང་པའི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་མུ་མཐུད་དུ་བཅོས་སྐྱོང་བྱེད་པ་དང་། ས་ཞིང་འགན་གཙང་ལེན་དང་ས་བསྡུ་བཤིག་སྤོ། ཞིང་པ་ཞོར་ལས་པའི་གླ་ཕོགས། ཁོར་ཡུག་སྦགས་བཙོག་སོགས་ཕྱོགས་ཀྱི་འགལ་བ་འདུམ་སྒྲིག་འོས་འཚམ་བྱ་དགོས། “སྡེ་བ་རེ་ལ་བཅའ་ཁྲིམས་བློ་འདྲི་བྱེད་ས་རེ”ཡོད་པ་སོགས་ཀྱི་བཅའ་ཁྲིམས་ཞབས་ཞུ་སྣ་ཚོགས་རྩ་འཛུགས་སྒོས་སྤེལ་དགོས། གཙོ་གནད་གནས་ས་དང་གཙོ་གནད་ལྷུ་ཚིགས། གཙོ་གནད་དུས་མཚམས་བཅས་ལ་དམ་པོར་དམིགས་ཏེ། བདེ་འཇགས་དང་། མེ་གསོད། བཟའ་བཏུང་དང་སྨན་རྫས། “ལུགས་མཐུན་མིན་པའི་སྒོ་ནས་རིན་གོང་ཇེ་དམའ་རུ་གཏོང་བ”དང་། “འགྲོ་ལུགས་བསྒྲུབས་མེད་པའི་རླངས་འཁོར་དང་སྣེ་ཤན”སོགས་ཀྱི་ཆེད་དོན་བྱ་འགུལ་སྤེལ་ནས། ཚད་ལྡན་འཆུན་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས།

(ཉེར་དྲུག) བདེ་འཇགས་ཞིང་སྡེ་འཛུགས་སྐྲུན་ལ་གཏིང་ཟབ་ཏུ་སྐུལ་འདེད་ གཏོང་དགོས། ཞིང་སྡེ་བདེ་འཇགས་ངང་འཛུགས་སྐྲུན་བྱེད་པའི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་བདེ་འཇགས་འཛུགས་སྐྲུན་གྱི་སྟོབས་ཤུགས་ལེགས་སྒྲིག་བྱེད་པ། དྲ་རྒྱ་ཅན་གྱི་ཞབས་ཞུའི་དོ་དམ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས། ཐོན་ཁུངས་སྔར་ལས་མང་པོ་གཞི་རིམ་དུ་ཕྱོགས་པ་དང་། གནད་ཁེལ་ཅན་དང་ཞིབ་ཚགས་ཅན་གྱི་ཞབས་ཞུ་མཁོ་འདོན་ཅི་ཐུབ་བྱ་དགོས། བཟའ་བཏུང་དང་སྨན་རྫས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ལམ་ལུགས་ལ་ཤུགས་སྣོན་དང་ལེགས་བསྒྱུར་བྱས་ཏེ། ཞིང་སྡེའི་བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་འཕྲི་གནོད་སེལ་བྱེད་པ་དང་། བཟའ་བཏུང་དང་སྨན་རྫས། འགྲིམ་འགྲུལ། མེ་གསོད་སོགས་ཀྱི་བདེ་འཇགས་ལ་དོ་དམ་བྱེད་པའི་འགན་འཁྲིར་ཤུགས་སྣོན་དགོས། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་སྡེའི་ནག་ཕྱོགས་སྟོབས་ཤུགས་དང་རུས་རྒྱུད་ཀྱི་ནག་ཕྱོགས་སྟོབས་ཤུགས་སྔོན་འགོག་དང་རྡུང་རྡེག་བྱེད་པའི་ཡུན་ཕན་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཞང་གྲོང(སྲང་ལམ)གི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དང་གདོས་བཅས་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་དགོས། རོང་འབྲོག་ཁུལ་གྱི་ཚན་རྩལ་ལ་བརྟེན་ནས་སྔོན་འགོག་བྱེད་པའི་མ་ལག་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། ཞིང་སྡེའི“དཀར་གསལ་བཟོ་འགོད”འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། ཞིང་སྡེའི་སྤྱི་ཚོགས་བདེ་སྐྱོང་གི་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཆེད་མཁས་པ་དང་མང་ཚོགས་མཉམ་འབྲེལ་བྱེད་པ་དང་མཉམ་འགོག་མཉམ་བཅོས་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་བདེ་སྐྱོང་ཁྲིམས་སྐྱོང་ཅན་དང་། ཆེད་ལས་ཅན། རིག་ནུས་ཅན་སོགས་སུ་བསྒྱུར་བའི་ཆུ་ཚད་མཐོ་རུ་གཏོང་དགོས། རོང་འབྲོག་ཁུལ་གྱི་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱས་ཏེ། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ་དང་། ལོག་ཆོས་རོང་འབྲོག་ཁུལ་དུ་སིམ་འཛུལ་བྱེད་པར་དོགས་ཟོན་བྱས་ཏེ། བཀས་བཀོད་རྒྱུད་འཛིན་གྱི་རྨོངས་དད་གང་སར་ཁྱབ་པ་གཏན་འགོག་བྱ་དགོས། རོང་འབྲོག་ཁུལ་གྱི་བདེ་འཇགས་ཐད་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ཕྱོགས་ཡོངས་ནས་རྩད་བཤེར་བྱ་དགོས།

ལྔ། གཙོ་གནད་ལས་འགན་ལ་དམིགས་ཏེ། རོང་འབྲོག་ས་ཁུལ་གྱི་མི་འདང་སར་ཁ་གསབ་བྱེད་པའི་འགན་སྲུང་སྲིད་ཇུས་ཇེ་དྲག་ཏུ་གཏོང་དགོས།

(ཉེར་བདུན)“ཞིང་གསུམ”ལ་མ་དངུལ་གཏོང་བར་དམིགས་སུ་བཟུང་ནས་འགན་སྲུང་བྱ་དགོས། ནོར་སྲིད་ཀྱིས་མ་དངུལ་འཇོག་པ་དང“ཞིང་གསུམ”གྱི་མི་འདང་སར་ཁ་གསབ་བྱེད་པ་གཉིས་མཐུན་སྦྱོར་ཡོང་བའི་བརྟན་འཇགས་ཀྱི་དངུལ་གཏོང་འཕར་སྣོན་རྐྱེན་སྲོལ་བཙུགས་ཏེ། སྲིད་གཞུང་གིས་སྤྱིར་བཏང་གིས་བུན་གཏོང་ཁྲོད་ཀྱི་གཞི་ཁྱོན་ངེས་ཅན་ཞིག་ཆ་རྐྱེན་དང་མཐུན་པའི་དབུལ་སྐྱོར་གནས་སྤོར་དང་ཞིང་སྡེ་དར་སྤེལ་གཏོང་བའི་ལས་གཞི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་དགོས། ས་ཞིང་ནང་བཤུག་བཏང་བའི་ཡོང་འབབ་བེད་སྤྱོད་བྱེད་པའི་ཁྱབ་ཁོངས་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་སྟེ། ཞིང་ལས་དང་ཞིང་སྡེ་ལ་མ་དངུལ་གཏོང་བའི་བསྡུར་གྲངས་སྔར་ལས་མཐོ་རུ་གཏོང་བའི་བསམ་འཆར་གཏན་འབེབས་བྱ་དགོས། རྒྱལ་ཁབ་ཀྱི་སྲིད་ཇུས་གསར་པའི་བླང་བྱ་གཞིར་བཟུང་ནས། རང་བདག་སྒོས་ཞིང་ལས་འཕྲུལ་ཆས་ཉོ་སྒྲུབ་བྱེད་པའི་ཁ་གསབ་ཁྱབ་ཁོངས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་དགོས། རེབ་འདིའི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི་དུས་ཚད་ལོངས་རྗེས་ཀྱི་སྲིད་ཇུས་དང་བྱེད་ཐབས་ལ་ཞིབ་འཇུག་བྱ་དགོས། “ཞིང་གསུམ”ཡིད་རྟོན་དངུལ་བུན་གྱི་དངུལ་ལོར་དང་། ནོར་ཁྲལ། ལྟ་སྐུལ་དོ་དམ་བཅས་ཀྱི་སྲིད་ཇུས་ལ་སྐུལ་མ་གཏོང་བར་ཤུགས་སྣོན་པ་དང་། མ་རྩ་ཉུང་བའི་རྒྱུ་ནོར་གྱིས་རྒྱབ་སྐྱོར་བྱས་ཏེ། ཉེན་ཁ་ཐེག་ཚད་མཐོ་རུ་གཏོང་བ་དང་། གནད་དུ་ཁེལ་བའི་སྒོ་ནས་བྱ་དགའ་སྟེར་སྟངས་དང་ཁ་གསབ་བྱེད་སྟངས་ཇེ་ལེགས་སུ་གཏོང་དགོས། རོང་འབྲོག་ཁུལ་གྱི་དངུལ་རྩ་རྩ་འཛུགས་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ་དང་། དངུལ་རྩའི་ལས་ཁུངས་ཀྱིས་རོང་འབྲོག་ཁུལ་དུ་ཡན་ལག་ལས་ཁུངས་དང་བདག་གཉེར་དྲ་ཚིགས་གསར་པ་འཛུགས་པར་རྒྱབ་སྐྱོར་བྱེད་དགོས་པ་དང་། དངུལ་འཛིན་དང་འགན་ལེན། ཐེབས་རྩ། མ་དངུལ་བསྡུ་སྒྲིལ་བོགས་གཏོང་སོགས་དངུལ་རྩའི་ཐོན་ཁུངས་ཀྱིས་མཉམ་དུ་ཞིང་སྡེ་དར་སྤེལ་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཐོན་ལས་གསུམ་པོ་མཉམ་འདྲེས་འཕེལ་རྒྱས་གཏོང་བར་རོགས་འདེགས་བྱེད་པ་དང་། རྣམ་པ་གསར་པའི་ཞིང་ལས་བདག་གཉེར་གྱི་གཙོ་གཞི་འཕེལ་རྒྱས་གཏོང་བ་དང་ཞིང་སྡེའི་ཐུན་མོང་དཔལ་འབྱོར་གྱི“སྟོང་ཆ་གསབ་པ”ཡི་བཟོ་འགོད་ལ་རོགས་འདེགས་བྱས་ཏེ། དངུལ་རྩའི་ལས་ཁུངས་དེ་ཁྱད་ལྡན་ཞིང་ཕྱུགས་ལས་དང་འཁོར་རྒྱུག་ཞིང་ཕྱུགས་ལས། རོང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཞིང་ལས་དང་འབྲེལ་བའི་ལས་གཞིའི་ནང་དུ་ཞུགས་ནས་མ་དངུལ་རུབ་བསྡུ་བྱེད་པར་སྐུལ་མ་གཏོང་བ་དང་། “ཞིང་གསུམ”ཁེ་ལས་ཀྱི་འཕེལ་རྒྱས་དུས་མཚམས་རེ་རེའི་མ་དངུལ་བསྡུ་རུབ་ཀྱི་དགོས་མཁོ་སྐོང་བར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་དགོས། རྫོང་ཁོངས་ཀྱི་དངུལ་རྩའི་ལས་ཁུངས་རྣམས་རང་ཁུངས་སུ་ཕྱིར་ལོག་པར་ཁྲིད་སྟོན་བྱེད་པ་དང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་ཞིང་འབྲེལ་དངུལ་བུན་ལ་གཟིགས་སྐྱོང་སྐྱེད་ཀ་ལག་བསྟར་བྱེད་པར་སྐུལ་མ་གཏོང་བ་དང་། རྫོང་ཁོངས་ཀྱི་གསར་སྣོན་དངུལ་བུན་དེ་གཙོ་བོ་ས་གནས་ཀྱི“ཞིང་གསུམ”ཞབས་ཞུའི་ཐད་སྤྱོད་དགོས། ཞིང་སྡེའི་ཀུན་ཕན་དངུལ་རྩ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། “གཞི་ཟུང་མཉམ་འགུལ”གྱི་བྱ་བའི་རྣམ་པ་གསར་གཏོད་བྱེད་པ། སྤོ་སྒུལ་དངུལ་རྩ་སོགས་ཀྱི་ཚན་རྩལ་ལག་རྩལ་བེད་སྤྱོད་གང་ལེགས་བྱེད་པ་བཅས་ཀྱིས་དངུལ་རྩའི་ཞབས་ཞུ་ཞིང་སྡེ་རུ་བསྲིང་བར་ཁྲིད་སྟོན་བྱེད་པ་དང་། དངུལ་རྩའི་ཞབས་ཞུ་ཡི་ཐོབ་ཆ་ཇེ་མཐོར་གཏོང་དགོས། རོང་འབྲོག་ཁུལ་གྱི་སྲིད་ཇུས་རང་བཞིན་གྱི་དངུལ་རྩ་བསྡུ་སྒྲིལ་ལ་ཁག་ཁུར་བྱེད་པའི་མ་ལག་འཐུས་ཚང་དུ་བཏང་ནས། རྫོང་ཁོངས་ཀྱི་སྲིད་ཇུས་རང་བཞིན་གྱི་དངུལ་རྩ་བསྡུ་སྒྲིལ་ལ་ཁག་ཁུར་བྱེད་པའི་ནུས་པ་དང་ཁྱབ་རྒྱ་ཆེ་རུ་གཏོང་དགོས། ཞིང་ཕྱུགས་ལས་ཀྱི་འགན་ལེན“རྒྱ་ཇེ་ཆེ་དང་ཚད་ཇེ་མཐོ། སྤུས་ཇེ་ལེགས”བཅས་སུ་གཏོང་བར་སྐུལ་འདེད་བཏང་ནས། ཞིང་ཕྱུགས་ལས་འགན་ལེན་གྱི་ཁྱབ་རྒྱ་མུ་མཐུད་དུ་ཇེ་ཆེར་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཡིད་རྟོན་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། ཆ་རྐྱེན་དང་མཐུན་པའི་ཁྱིམ་ཚང་གི་ཞིང་ར་དང་ཕྱུགས་ར་སོགས་གཙོ་གཞི་བདག་གཉེར་བྱེད་མཁན་གསར་པས་ད་སྤྱོད་ཀྱི་ཁེ་ལས་ཆུང་གྲས་ཀྱི་འབྲེལ་ཡོད་དངུལ་བུན་དཔྱ་ཁྲལ་ཇེ་ཡང་དང་མི་བསྡུ་བའི་སྲིད་ཇུས་ལོངས་སུ་སྤྱད་ཆོག དྲོད་ཁང་དང་གསོ་སྤེལ་ར་བ། ཞིང་ལས་འཕྲུལ་ཆས་ཆེ་གྲས། ས་ཞིང་བདག་གཉེར་དབང་ཆ་བཅས་ཁྲིམས་ལྟར་དང་སྒྲིག་སྲོལ་ལྟར་གཏའ་མར་བཞག་ནས་མ་དངུལ་རུབ་བསྡུ་བྱེད་དུ་བཅུག་ཆོག རོང་འབྲོག་ཁུལ་གྱི་ཁྲིམས་འགལ་མ་དངུལ་ བསྡུ་རུབ་ལ་རྡུང་རྡེག་ནན་མོ་བཏང་ནས་དངུལ་རྩའི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།

(ཉེར་བརྒྱད)ཞིང་སྡེ་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་སྤྱོད་སའི་དཀའ་གནད་ཐག་གཅོད་དགོས། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་ལ་མཁོ་བའི་སྤྱོད་སའི་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྤྱོད་སའི་རིགས་དང་མཁོ་འདོན་བྱེད་སྟངས་སོགས་ཁ་གསལ་བྱས་ཏེ། རིགས་བགར་དོ་དམ་བྱ་དགོས། ཞིང་ཕྱུགས་ལས་ཀྱི་འདེབས་འཛུགས་གསོ་སྤེལ་ཐད་སྡེབ་སྐྲུན་བྱས་པའི་སོས་ཉར་ཉར་ཚགས་དང་། ཉི་ལྡེ་གསོག་ཉར། ཞིང་ལས་འཕྲུལ་ཆས་འཇོག་ཁང་། དབྱེ་གསེས་ཐུམ་སྒྲིལ། བེད་མེད་གད་སྙིགས་ཐག་གཅོད་དང་། དོ་དམ་ལྟ་སྐྱོང་ཁང་སོགས་གཞོགས་འདེགས་སྒྲིག་བཀོད་ཀྱི་སྤྱོད་ས་དེ་དག་སྒྲིག་བཀོད་སྤྱོད་སའི་དོ་དམ་གྱི་ནང་དུ་འཇོག་དགོས། ཞིང་ལས་སྒྲིག་བཀོད་ཐད་མཁོ་བའི་སྤྱོད་ས་དེ་རྨོ་ཞིང་བྱེད་ཆོག ཞིང་ལས་སྒྲིག་བཀོད་ཐད་སྤྱོད་པའི་སྤྱོད་སར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་ལས་སྒྲིག་བཀོད་ཐད་སྤྱོད་པར་ཁ་གཡར་ཏེ་ཞིང་ལས་མ་ཡིན་པའི་འཛུགས་སྐྲུན་བྱེད་པ་གཏན་འགོག་བྱ་དགོས། ཞིང་སྡེའི་ཁྱབ་ཁོངས་ཡོངས་སུ་ས་ཞིང་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་ཚོད་ལྟ་བྱས་ཏེ། རོང་འབྲོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་ཀྱི་བར་སྟོང་ལེགས་སྒྱུར་བྱ་དགོས། རྒྱལ་ཁོངས་བར་སྟོང་འཆར་འགོད་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག གྲོང་སྡེ་དག་བཅོས་དང་ས་ཞིང་ལེགས་སྒྲིག་སོགས་ཀྱི་བྱེད་ཐབས་སྤྱད་དེ་གྲོང་གསེབ་ཀྱི་ཐུན་མོང་འཛུགས་སྐྲུན་གྱི་སྤྱོད་ས་ལྷག་མ་རྣམས་དམིགས་བསལ་སྒོས་གྲོང་གསེབ་ཀྱི་ཐོན་ལས་ལས་གཞི་འཕེལ་རྒྱས་སུ་གཏོང་བའི་ཐད་སྤྱོད་དགོས། རྫོང་དང་ཞང་རིམ་པའི་རྒྱལ་ཁབ་སྤྱོད་སའི་འཆར་འགོད་གསར་དུ་བཟོ་སྒྲིག་བྱེད་སྐབས10%ལས་མི་ཉུང་བའི་འཛུགས་སྐྲུན་སྤྱོད་སའི་དམིགས་ཚད་བསྐྱུར་ཏེ། ཞིང་སྡེའི་ཐོན་ལས་འཕེལ་རྒྱས་ཐད་སྤྱོད་པའི་ས་ཞིང་གཙོ་གནད་དུ་བཞག་ནས་འགན་སྲུང་བྱ་དགོས། གྲོང་ཁྱེར(ཁུལ)གྱིས་ས་ཞིང་བེད་སྤྱོད་ཐད་ཀྱི་ལོ་ཧྲིལ་བོའི་འཆར་གཞི་བཟོ་སྐབས་ཉུང་མཐར་ཡང5%ཡི་གསར་སྣོན་འཛུགས་སྐྲུན་སྤྱོད་སའི་དམིགས་ཚད་བཀོད་སྒྲིག་བྱས་ཏེ། ཞིང་སྡེའི་གཙོ་གནད་ཐོན་ལས་དང་གཙོ་གནད་ལས་གཞི་ལ་འགན་སྲུང་བྱ་དགོས། ཞིང་སྡེའི་ཐུན་མོང་འཛུགས་སྐྲུན་བྱེད་ས་དེ་མ་རྐང་འཇོག་པ་དང་བོགས་མར་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ཐད་ཀར་ཞིང་སྡེའི་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་བཀོལ་ཆོག ཞིང་སྡེའི་ཐུན་མོང་གི་འཛུགས་སྐྲུན་བྱེད་སར་ཞིབ་མཆན་འགོད་པའི་དབང་ཆ་གཤམ་སྤྲོད་བྱས་ཏེ། ཞིབ་མཆན་འགོད་པའི་ཞིབ་བཤེར་གོ་རིམ་སྟབས་བདེར་བཟོ་དགོས། ཞིང་སྡེ་འཛུགས་སྐྲུན་ལ་ཞིབ་མཆན་འགོད་པ་དེ“འདྲི་རྩད་མང་པོ་གཅིག་སྒྲིལ་དང་ལག་ཁྱེར་མང་པོ་གཅིག་སྒྲིལ”བྱེད་པའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཞིང་ལས་སྒྲིག་ཆས་ཀྱི་སྤྱོད་ས་དང་རོང་འབྲོག་ཁུལ་གྱི་ཐོན་ལས་དང་པོ་དང་གཉིས་པ་གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་སྤྱོད་སའི་སྲིད་ཇུས་ལག་བསྟར་ནན་མོ་བྱ་དགོས།

(ཉེར་དགུ) འཇོན་མི་ཞིང་སྡེར་སྐྱོད་པར་སྐུལ་འདེད་གཏོང་དགོས། ཕུལ་བྱུང་འཇོན་མི་ཞིང་སྡེར་སྐྱོད་པར་སྐུལ་འདེད་གཏོང་དགོས། ཞིང་ལས་ཤེས་པ་དང་ཞིང་ལས་ལ་དགའ་བའི་འཇོན་མི་ཞིང་སྡེར་རྩ་བ་ཚུགས་པར་སྐུལ་ལྕག་བྱེད་དགོས་པ་དང་། ཉེར་སྤྱོད་ཚན་རྩལ་གྲུབ་འབྲས་ཞིང་ཁ་སོགས་སུ་བཀོལ་བར་སྐུལ་འདེད་བྱ་དགོས། སློབ་ཆེན་སློབ་མ་དང་། དམག་ཁོངས་ལས་ཕྱིར་ལོག་པའི་དམག་མི། ཁེ་ལས་པ་སོགས་རོང་འབྲོག་ཁུལ་དུ་སོང་ནས་ལས་སྒྲུབ་དང་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས། རིགས་མི་འདྲ་བའི་ཐོན་ཁུངས་དག་གཅིག་སྡུད་བེད་སྤྱོད་བྱས་ཏེ། མགྱོགས་མྱུར་ངང་བྱང་ཚད་མཐོ་བའི་ཞིང་པའི་སློབ་གསོའི་གསོ་སྦྱོང་མ་ལག་འཛུགས་དགོས། རྫོང་ཁོངས་ནང་གི་འཇོན་མི་གཅིག་གྱུར་འཆར་འགོད་ཀྱིས་གསོ་སྐྱོང་གི་བེད་སྤྱོད་ལམ་ལུགས་དངོས་འབེབས་དོན་འཁྱོལ་བྱ་དགོས། རྩ་འཛུགས་ཡོད་པའི་སྒོ་ནས་ཞིང་སྡེར་མྱུར་དུ་མཁོ་བའི་འཇོན་མི་ཞིང་སྡེར་སོང་ནས་ཞབས་འདེགས་ཞུ་བར་སྐུལ་སློང་བྱ་དགོས། མཁར་གྲོང་གི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དང་། ཞིང་ཆེན་དང་། གྲོང་ཁྱེར(ཁུལ)རིམ་པ་བཅས་ཀྱི་ཕྱོགས་བསྡུས་རང་བཞིན་དང་ཆེད་ཚན་སྨན་ཁང་གི་ཆེད་ལས་ལག་རྩལ་མི་སྣ་དག་མཐོ་རིམ་ལས་ཐོབ་ལ་མ་འཕར་བའི་སྔོན་དུ། རྩ་དོན་སྟེང་རིམ་རྩིས་བྱས་ན་ལོ1ཡན་གྱི་རོང་འབྲོག་ས་ཁུལ་གྱི་གཞི་རིམ་བྱ་བར་ཞབས་འདེགས་བྱས་པའི་བརྒྱུད་རིམ་ཡོད་དགོས། དགོས་མཁོ་ཆེ་ཞིང་དཀོན་པར་གྱུར་པའི་ཞིང་འབྲེལ་ཆེད་ལས“སྔོན་ལ་སྐོར་ཐེངས་འགའ”སྡུད་ལེན་གྱི་སྲིད་ཇུས་ལག་བསྟར་བྱ་དགོས། ཞིང་སྡེའི་འཇོན་མི་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བསམ་འཆར་འདོན་སྤེལ་བྱ་དགོས། མུ་མཐུད་དུ་ཞིང་ནགས་ཕྱུགས་གསུམ་དང་ཆུ་ཁོངས་སུ་གཏོགས་པའི་གཞི་རིམ་ལས་ཐོབ་དཔྱད་འདེམ་གདན་ཞུར“གནས་ཁེལ་གདེང་འཇོག་དང་གནས་ཁེལ་བཀོལ་སྤྱོད”ཀྱི་བྱ་བ་སྤེལ་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་གཞི་རིམ་དུ་སོང་ནས་བྱ་བ་སྒྲུབ་པར་ཁྲིད་སྟོན་དང་སྐུལ་ལྕག་བྱེད་དགོས་ལ། མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མའི “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་འཆར་གཞི་དང་།“ནུབ་རྒྱུད་འཆར་གཞི། མཚོ་སྔོན་ལྷོ་རྒྱུད་འཆར་གཞི། གཞི་རིམ་ན་གཞོན་ཆེད་དོན”བཅས་ལག་བསྟར་བྱ་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མས་རྣམ་པ་གསར་པའི་ཞིང་ཕྱུགས་ལས་བདག་གཉེར་གཙོ་གཞི་གསར་སྒྲུབ་དང་སྣེ་ཁྲིད་བྱེད་པར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་དགོས། “མཚོ་སྔོན་མཐོ་སྒང་གི་བཟོ་པ”དང“རོང་འབྲོག་ཁུལ་གྱི་ན་གཞོན་ཕྱུག་བསྒྱུར་སྣེ་ཁྲིད་པ”དང“མཚོ་སྔོན་ན་གཞོན་གསར་གཏོད་བྱ་དགའ”བཅས་ཀྱི་མིང་འདོགས་དགོས། ཆེད་སྦྱོང་དང་འབྲིང་རིམ་མཐར་ཕྱིན་སློབ་མ་རྣམས་སྡེ་བའི་ཐུན་མོང་དཔལ་འབྱོར་མཉམ་ལས་རྩ་འཛུགས་སུ་སོང་ནས་གསར་གཏོད་དང་ལས་སྐྲུན་བྱེད་པར་སྐུལ་ལྕག་དང་ཁྲིད་སྟོན་བྱ་དགོས།

(སུམ་ཅུ)རོང་འབྲོག་ཁུལ་གྱི་གཙོ་གནད་བཅོས་བསྒྱུར་ལ་སྐུལ་འདེད་བྱ་དགོས། རྒྱལ་ཁབ་ཀྱི་བླང་བྱ་གཞིར་བཟུང་ནས། སྐོར་ཐེངས་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཚོད་ལ་སླེབས་རྗེས་སླར་ཡང་ལོ30ཇེ་རིང་དུ་གཏོང་བའི་ཚོད་ལྟ་བྱེད་དགོས་ཤིང་། དུས་ཡུན་ལོངས་རྗེས་ཡུན་ཇེ་རིང་དུ་གཏོང་བ་དང་འགན་གཙང་ལེན་བྱེད་པའི་བྱེ་བྲག་གི་བྱེད་ཐབས་ལ་ཞིབ་འཇུག་དང་གཏན་འབེབས་བྱ་དགོས། ས་ཞིང་འཁོར་རྒྱུག་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། ས་ཞིང་འཁོར་རྒྱུག་བྱེད་སྟངས་གསར་གཏོད་བྱེད་པ། རྣམ་པ་མང་པོའི་ཞིང་ཕྱུགས་ལས་ཀྱི་གཞི་ཁྱོན་འོས་འཚམ་གྱི་བདག་གཉེར་འཕེལ་རྒྱས་སུ་གཏོང་དགོས་ཤིང་། ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་གཏའ་མར་འཇོག་པའི་མ་དངུལ་སྡུད་རུབ་ལ་ཧུར་ཐག་གིས་འཚོལ་ཞིབ་བྱ་དགོས། ཞིང་སྡེའི་ཐུན་མོང་བདག་གཉེར་རང་བཞིན་གྱི་འཛུགས་སྐྲུན་དུ་བཀོལ་བའི་ས་ཆ་ཚོང་རར་ཞུགས་པའི་ཆ་སྡེབ་ལམ་ལུགས་གཏན་འབེབས་བྱ་དགོས། ཞིང་སྡེའི་གཞིས་སར་དོ་དམ་ནན་མོ་བྱེད་དགོས་པ་དང་། གཞིས་ས་གཞི་གཅིག་ཡིན་པའི་གཞིས་སའི་བཀོལ་སྤྱོད་དབང་ཆ་གཏན་འཁེལ་ཐོ་འགོད་ལག་འཁྱེར་སྤྲོད་པའི་བྱ་བར་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་ལ་ཏན་ཏིག་གིས་སྐུལ་འདེད་གཏོང་དགོས་ལ། ཐུན་མོང་བདག་གཉེར་རང་བཞིན་གྱི་མ་རྩའི་རྒྱུ་ནོར་མ་རྐང་མཉམ་ལས་ལམ་ལུགས་བཅོས་བསྒྱུར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། གཙང་གསུམ་འབྱུང་ཡུལ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ལས་འགན་འགྲུབ་པར་བྱེད་དགོས་ཤིང་། རང་བྱུང་སྲུང་སྐྱོབ་ས་ཆའི་དོ་དམ་སྒྲིག་སྲོལ་ལེགས་འགོད་བྱ་དགོས། རྒྱལ་དབང་རྩྭ་ཐང་ལ་ཁ་གསབ་ཡོད་པའི་བཀོལ་སྤྱོད་ལམ་ལུགས་བཅོས་བསྒྱུར་ཚོད་ལྟ་བྱེད་དགོས། ཚད་གཞི་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་ཐུན་མོང་གི་ནགས་དབང་དང་། རྩྭ་ཐང་འགན་གཙང་ལེན་བདག་གཉེར་དབང་ཆའི་འཁོར་རྒྱུག་ལ་སྐུལ་འདེད་གཏོང་དགོས་ཤིང་། ནགས་སའི་ཕན་འབྲས་ཇེ་མང་དུ་འགྲོ་བ་དང་། མང་ཚོགས་ཀྱི་ཡོང་སྒོ་འཕར་བ། ཐོན་ལས་འཕེལ་རྒྱས་འགྲོ་བ་བཅས་ལ་སྐུལ་འདེད་གཏོང་དགོས། མུ་མཐུད་དུ་ཞིང་ལས་ཕྱོགས་བསྡུས་ཀྱི་ཆུའི་རིན་གོང་བཅོས་བསྒྱུར་དང་། རྣམ་པ་ཆུང་གྲས་ཀྱི་ཆུ་བེད་བཟོ་འགོད་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། གཅིག་གྱུར་འཆར་འགོད་ཀྱིས་ཆུ་དབང་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་དགོས་ལ། ཕྱོགས་ཡོངས་ནས་མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་དགོས་པ་དང་། ཚོད་ལྟའི་ཉམས་མྱོང་དཔེ་སྟོན་དང་ཁྱབ་སྤེལ་གཏོང་བར་དམ་འཛིན་གང་ལེགས་བྱ་དགོས། རོང་འབྲོག་ཕྱུགས་ར་ཁེ་ལས་ཅན་དང་། གསར་སྦོལ་ཁུལ་སྡེ་ཚོགས་ཅན་དུ་གཏོང་རྒྱུ་ནང་དོན་གཙོ་བོ་ཡིན་པའི་ས་རྒོད་གསར་སྦོལ་བཅོས་བསྒྱུར་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས།

དྲུག ནན་ཏན་གྱིས《ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེ་བྱ་བའི་སྲོལ་ཡིག》ལག་ལེན་མཐར་ཕྱིན་བྱས་ཏེ། “ཞིང་གསུམ”བྱ་བའི་རྩ་འཛུགས་མགོ་ཁྲིད་ཇེ་དྲག་ཏུ་གཏོང་དགོས།

(སོ་གཅིག) རིམ་པ་ལྔའི་ཧྲུའུ་ཅིས་ཞིང་སྡེ་དར་སྤེལ་དམ་པོར་འཛིན་པའི་ལམ་ལུགས་འགན་སྲུང་ཇེ་དྲག་ཏུ་གཏོང་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ། ལམ་ལུགས་འཛུགས་སྐྲུན་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་བྱེད་པ་དེ“ཞིང་གསུམ”བྱ་བའི་སྔར་ལས་འབུར་ཐོན་གོ་གནས་སུ་འཇོག་དགོས་པ་དང་། ཞིང་སྡེའི་གཞི་རྩའི་སྲིད་ཇུས་གཏན་འཇགས་སུ་གཏོང་བ། དུས་རབས་གསར་པའི“ཞིང་གསུམ”བྱ་བའི་ལམ་ལུགས་ཀྱི་སྒྲོམ་གཞི་དང་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། ནན་ཏན་གྱིས《ཀྲུང་གོ་གུང་ཁྲན་ཏང་གི་ཞིང་སྡེ་བྱ་བའི་སྲོལ་ཡིག》དངོས་འབེབས་དོན་འཁྱོལ་བྱེད་དགོས་ལ། ཏང་གིས“ཞིང་གསུམ”བྱ་བའི་ཁྱོན་ཡོངས་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། ཞིང་ལས་དང་ཞིང་སྡེ་དམིགས་བསལ་གྱིས་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་བྱེད་པ། རིམ་པ་ལྔའི་ཧྲུའུ་ཅིས་ཞིང་སྡེ་དར་སྤེལ་གཏོང་བའི་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། རྫོང་ཨུའི་ཧྲུའུ་ཅིའི་སེམས་ཤུགས་གཙོ་བོར་བརྟེན་ནས“ཞིང་གསུམ”བྱ་བའི་བླང་བྱ་དམ་འཛིན་བྱ་དགོས། གྲོང་ཁྱེར(ཁུལ)དང་། རྫོང(གྲོང་ཁྱེར། ཆུས།)སོ་སོའི་ཏང་ཨུས་ཞིང་སྒྲུབ་ལས་ཁུངས་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། སྒྲིག་ཁོངས་དང་མི་སྣ་གཏན་འཁེལ་གསལ་པོ་བྱེད་པ་དང་། འགན་ནུས་དང་གནས་མཚམས་གཏན་འཁེལ་གསལ་པོ་བྱེད་པ། སྣེ་ཁྲིད་སྤྱི་འཛིན་དང་། གཅིག་གྱུར་མཐུན་སྦྱོར་གྱི་ནུས་པ་ལེགས་པོར་འདོན་དགོས། གྲོང་ཁྱེར(ཁུལ)སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ལོ་རེ་རེར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ལ་ཞིང་སྡེ་དར་སྤེལ་འཐབ་ཇུས་ཀྱི་སྐུལ་སྤེལ་གནས་ཚུལ་སྙན་ཞུ་འབུལ་དགོས།

(སོ་གཉིས) ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་བཙན་རྫོང་གི་ནུས་པ་འདོན་དགོས། སྡེ་བའི་ཏང་རྩ་འཛུགས་དངོས་འཛུགས་དང་སྟོབས་ཆེར་བཏང་སྟེ། སྡེ་བའི་ཏང་རྩ་འཛུགས་ཀྱི་སྐབས་རེ་རེའི་འགན་ཡུན་ལོ5ཡི་གཏན་འབེབས་དོན་འཁྱོལ་བྱེད་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་དང་རྫོང་དང་ཞང་གི་སྐབས་བརྗེ་དུས་མཉམ་དུ་སྤེལ་བར་སྐུལ་འདེད་གཏོང་དགོས། མུ་མཐུད་དུ་ནུས་མེད་ཉམས་ཞན་དང་ལྷོད་གཡེང་ཡིན་པའི་སྡེ་བའི་ཏང་རྩ་འཛུགས་ཞིབ་བཤེར་དག་ཐེར་བྱེད་དགོས་ལ། སྡེ་བ་རེ་ལ་ཐབས་ཇུས་རེ་ཡོད་པ་ལྟར་རིམ་བཞིན་དག་ཐེར་བྱེད་པ་རྒྱུན་འཁྱོངས་བྱ་དགོས། རིམ་པ་སོ་སོའི་ཏང་ཨུ་དང་ཁྱད་པར་དུ་རྫོང་རིམ་པའི་ཏང་ཨུས་ཞིང་སྡེའི་ཏང་རྩ་འཛུགས་འཛུགས་སྐྲུན་གྱི་འགན་འཁྲི་འཛིན་པ་ཇེ་དྲག་ཏུ་གཏོང་དགོས་ལ། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ལ་རྫོང་རིམ་པའི་ཏང་ཨུས་ཐོ་འགོད་སྙན་ཞུ་བྱེད་པའི་དོ་དམ་ལམ་ལུགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱིས་སྡེ་བ་རིམ་པའི་རྩ་འཛུགས་ལ་མགོ་ཁྲིད་བྱེད་པར་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་ལ། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཁྲིམས་བཀོད་གོ་རིམ་བརྒྱུད་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་བར་བརྟན་པོའི་ངང་སྐུལ་སྤེལ་བྱེད་པ་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མགོ་ཁྲིད་ཚན་ཁག་གི་ཁོངས་མི་སྣོལ་སྡེབ་ཀྱིས་འགན་འཛིན་པར་སྐུལ་སྤེལ་བྱ་དགོས། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགན་འཛིན་པ་གཙོ་བོའི་ཤེས་བྱ་གསར་བསྒྱུར་དང་། ནུས་པ་མཐོར་འདེགས་ཀྱི་གསོ་སྦྱོང་ལ་མཐོང་ཆེན་བྱ་དགོས། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་། ཞིང་པ་ཞོར་ལས་པ། དམག་ཁོངས་ནས་ཕྱིར་ཐོན་པའི་དམག་མི། ལས་ཁུངས་དང་ལས་དོན་སྡེ་ཁག་གི་ཕུལ་བྱུང་ཏང་ཡོན་གྱི་ཁྲོད་ནས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགན་འཛིན་པ་གཙོ་བོ་སྐྱེད་སྲིང་དང་འདེམ་བསྐོ་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས། ཞིང་སྡེའི་ཏང་ཡོན་དཔུང་སྡེའི་གྲུབ་ཚུལ་ལེགས་བསྒྱུར་དང་། ན་གཞོན་ཞིང་པ་དང་། ཞིང་སྡེའི་ཕྱིར་སྐྱོད་ལས་མིའི་ཁྲོད་ནས་ཏང་ཡོན་འཕེལ་རྒྱས་གཏོང་བའི་ཤུགས་ཚད་ཇེ་ཆེར་གཏོང་དགོས། ཕུལ་དུ་བྱུང་བའི་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ཁྲོད་ནས་ཞང་གྲོང་གི་མགོ་ཁྲིད་ལས་བྱེད་པ་འདེམ་བསྐོ་དང་། ཞང་གྲོང་གི་གཞུང་ཞབས་པར་རྒྱུགས་སྤྲོད་སྡུད་ལེན་བྱེད་པ། ཞང་གྲོང་གི་ལས་དོན་སྒྲིག་ཁོངས་མི་སྣ་གདན་ཞུ་བྱེད་པའི་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་། ཚན་ཁག་གི་ཁོངས་མིས་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་འགན་འཁུར་པ་གཅིག་ལྕོགས་སུ་འཁུར་བར་ཧུར་ཐག་གིས་ཁྱབ་སྤེལ་གཏོང་དགོས་ལ། སྡེ་བའི་ཐུན་མོང་དཔལ་འབྱོར་ཁྲིམས་མིས་བཅོས་སྐྱོང་དང་། བདག་གཉེར་འཁོར་སྐྱོད། ཁེ་ཕན་བགོ་བཤའ། ལྟ་སྐུལ་དོ་དམ་སོགས་ཀྱི་བྱ་བའི་འཁོར་སྐྱོད་རྐྱེན་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཞིང་སྡེའི་ཐུན་མོང་དཔལ་འབྱོར་སྐྱོན་བྲལ་བརྟན་འཇགས་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱེད་དགོས།

(སོ་གསུམ)རོང་འབྲོག་ཁུལ་གྱི་བྱ་བའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། རིམ་པ་སོ་སོའི་ཏང་ཨུས“ཞིང་གསུམ”བྱ་བའི་དཔུང་སྡེ་འཛུགས་སྐྲུན་བྱ་རྒྱུ་དེ་ཞིང་སྡེ་དར་སྤེལ་འཐབ་ཇུས་ཀྱི་སྤྱི་ཡོངས་ཁྲོད་བཞག་སྟེ། ཁྱོན་ཡོངས་ནས་བསམ་བློ་གཏོང་དགོས་པ་དང་། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་ལས་བྱེད་པ་གཙོ་བོས“ཞིང་གསུམ”བྱ་བ་ཤེས་དགོས་ལ། “ཞིང་གསུམ”བྱ་བ་འཛིན་ཤེས་པ། ལས་བགོས་འགན་གཉེར་མགོ་ཁྲིད་ནི་དངོས་གནས“ཞིང་གསུམ”བྱ་བར་བྱང་ཆ་ཆེས་ཡོད་མཁན་དུ་འགྱུར་དགོས། རོང་འབྲོག་ཁུལ་གྱི་བྱ་བའི་ལས་བྱེད་པའི་དཔུང་སྡེ་གསོ་སྐྱོང་དང་། བཀོད་སྒྲིག དོ་དམ། བཀོལ་སྤྱོད་བཅས་བྱེད་པར་ཤུགས་བསྣན་ཏེ། གསོ་སྐྱོང་སྦྱོང་བརྡར་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ་དང་། ཞིང་སྡེའི་ལས་ཡུལ་དང་པོར་སོང་ནས་སྦྱོང་བརྡར་བྱ་རྒྱུ་དེ་ནི་ལས་བྱེད་པ་སྐྱེད་སྲིང་གི་ཐབས་ལམ་གལ་ཆེན་ཞིག་ཡིན་ཞིང་། བྱས་རྗེས་ཕུལ་དུ་བྱུང་བའི་ལས་བྱེད་པ་ཡར་འཐེན་པ་དང་བཀོལ་སྤྱོད་ལ་གཙིགས་འཛིན་བྱས་ཏེ། འཇོན་མི་ནི་རོང་འབྲོག་ཁུལ་གྱི་གཞི་རིམ་ལས་ཡུལ་དང་པོར་འཁོར་རྒྱུག་བྱེད་པའི་མི་བཀོལ་ཁྲིད་ཕྱོགས་ཤིག་གྲུབ་པར་བྱ་དགོས། ཁྱོན་ཡོངས་ནས“ཞིང་གསུམ”ལས་བྱེད་པའི་དཔུང་སྡེའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས་ལ། རྫོང་རིམ་པའི“ཞིང་གསུམ”བྱ་བའི་སྡེ་ཁག་དང་ཞང་གྲོང་ལས་བྱེད་པའི་ཡོང་ཁུངས་བཤུལ་ལམ་རྒྱ་བསྐྱེད་དགོས། མང་ཚོགས་ཀྱི་བྱ་བ་སྒྲུབ་པའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས་ལ། དོ་དམ་ནན་མོ་དང་བརྩེ་བ་ཟབ་མོ་ཟུང་འབྲེལ་དང་། སྐུལ་ལྕག་དང་འཆུན་འདོམས་གཉིས་ཀ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་བྱེད་པ། གཞི་རིམ་དུ་ཟབ་ཞུགས་བྱེད་པ། རོང་འབྲོག་མང་ཚོགས་ཀྱི་སེམས་གཏམ་ལ་ནན་ཏན་གྱིས་ཉན་པ། མུ་མཐུད་དུ་རོང་འབྲོག་མང་ཚོགས་ལ་བཅངས་པའི་བརྩེ་བ་ཇེ་ཟབ་ཏུ་གཏོང་བ། “སྤྱོད་ཚུལ་བཞི”ལ་མཐའ་གཅིག་ཏུ་ངོ་རྒོལ་དང་། ཁྱད་པར་དུ་ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་དགོས།

(སོ་བཞི)སྡེ་བ་རིམ་པའི་རྩ་འཛུགས་ཞབས་ཞུའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་། ཞིང་ཆེན་དམངས་སྲིད་ཐིན་གྱི《སྡེ་བ་རིམ་པའི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》ལག་བསྟར་དོན་འཁྱོལ་བྱ་དགོས་ལ། སྡེ་བ་རིམ་པའི་རྩ་འཛུགས་ཞབས་ཞུའི་ལས་དོན་གསལ་པོ་བྱ་དགོས། རྨང་གཞི་བྱ་བའི“རྟིང་གཞི་བརྟན་པོའི་བཟོ་འགོད”ལ་སྐུལ་འདེད་གཏོང་བ་དང་། སྡེ་དོན་ལྟ་སྐུལ་དང་། དམངས་དམག འདུམ་སྒྲིག ཕྱོགས་བསྡུས་བཅོས་སྐྱོང་། དྲ་མིག་ཅན་སོགས་གཞི་རིམ་རྩ་འཛུགས་སྔར་ལས་འཐུས་ཚང་དུ་གཏོང་དགོས། སྡེ་བའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་། རོང་འབྲོག་མང་ཚོགས་ཀྱི་མཉམ་ལས་ཁང་སོགས་ཀྱིས་སྡེ་བའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་འོག་ཏུ། རང་འགན་རང་འཁུར་དང་། རང་གནས་རང་གིས་བཙལ་ཏེ། སྡེ་བའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བྱེད་ནུས་ཇེ་དྲག་ཏུ་བཏང་སྟེ། ཁྱོན་ཡོངས་ནས་འབྱོར་འབྲིང་མངོན་འགྱུར་ཡོང་བར་འདོན་འོས་པའི་ནུས་པ་ལེགས་པོར་འདོན་དགོས། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་གཞི་རིམ་གྱི་མང་ཚོགས་རང་བཞིན་གྱི་རང་སྐྱོང་རྩ་འཛུགས་བྱེད་ནུས་ལག་བསྟར་བྱེད་དགོས་ལ། སྡེ་དམངས་ཀྱིས་རང་ཉིད་ལ་དོ་དམ་དང་། རང་ཉིད་ལ་སློབ་གསོ་གཏོང་བ། རང་ཉིད་ལ་ཞབས་འདེགས་ཞུ་བའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས། སྡེ་བའི་ཏང་རྩ་འཛུགས་ཀྱི་མགོ་ཁྲིད་འོག་གི་སྡེ་དོན་ལྟ་སྐུལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས་ལ། སྡེ་དོན་ཇུས་ཆོད་དང་། སྡེ་དོན་ཡོངས་བསྒྲགས། སྡེ་བ་རིམ་པའི“མ་རྩ་གསུམ”གྱི་དོ་དམ་དང་། བཟོ་འགོད་ལས་གཞི་འཛུགས་སྐྲུན། ཞིང་ཕན་སྲིད་ཇུས་བྱེད་ཐབས་དོན་འཁྱོལ་སོགས་ཀྱི་ཐད་ནས་ལྟ་སྐུལ་ཇེ་དྲག་ཏུ་གཏོང་དགོས། ཞིང་སྡེའི་སྤྱི་ཚོགས་རྩ་འཛུགས་ཀྱིས་རོང་འབྲོག་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། ལུགས་སྲོལ་གསར་པ་འཛུགས་པ་སོགས་ཀྱི་ཐད་ནས་དགེ་མཚན་ལྡན་པའི་ནུས་པ་བཟང་པོ་འདོན་སྤེལ་བྱ་དགོས། 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།