ཡོད་ཚད་དམངས་ཀྱི་བདེ་སྐྱིད་དང་བདེ་ཐང་གི་ཆེད་དུ་ཡིན།
2020.03.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 29

མང་ཚོགས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཆེད། གཞི་རིམ་གྱི་ལས་བྱེད་མི་སྣ་ཚ་གྲང་མི་སྙོམས་པའི་དུས་བཞིར་རླུང་ནང་དུ་འགྲེངས་ཏེ། རང་ནུས་ཅི་ལྕོགས་ཀྱིས་མང་ཚོགས་ཀྱི་ཆེད་དུ་བྱ་བ་སྒྲུབ་བཞིན་ཡོད།

འདི་ལྟར་ལོ་གཅིག་གི་དུས་ཆེན་ནང་ཁྱིམ་མི་དང་ལྷན་འཛོམས་ཀྱི་གོ་སྐབས་ཙམ་ཡང་མི་རེག་པར། ཉིན་གྱི་ཟས་དང་དགོང་མོའི་གཉིད་ཆག་ནས་ཤ་འབད་རུས་འབད་བྱེད་བཞིན་པའི་རྒྱུ་མཚན་ཅི། འདི་ནི་གཞི་རིམ་ལས་བྱེད་པ་ཞིག་གི་ལས་འགན་ཡིན། ལས་འགན་འདི་ཕྲག་ཏུ་བླངས་པ་ནས་བཟུང་ཁོ་ཚོའི་མདུན་བསྐྱོད་ཀྱི་གོམ་སྟབས་ཕྱི་སྣུར་བྱས་མ་མྱོང་ལ། ཁྱིམ་མི་དང་བཟའ་ཟླས་ཀྱང་དོན་དེར་འཁང་ར་དང་ལེ་བདའ་གཏན་ནས་བྱས་མ་མྱོང་།

ལོ་གསར་ཚེས་མགོར། རྒྱལ་ནང་གི་ས་ཆ་མང་པོ་རུ་རིམས་ནད་གང་སར་ཁྱབ་ནས་ཏང་ཡོན་ལས་བྱེད་པ་དང་། རིགས་སོ་སོའི་མི་དམངས་ཀྱིས་ནད་ཁུལ་དུ་རོགས་སྐྱོར་བྱེད་བཞིན་མཆིས།“རིམས་ནད་བྱུང་ཡོད་པས། ང་ཚོས་གཞི་རིམ་གྱི་ལས་རྐང་དང་པོ་རུ་འབད་འཐབ་བྱེད་ངེས་ཡིན།”ཞེས་པའི་ཡིད་འགུལ་ཐེབས་པའི་སྐད་ཆ་འདི་ནི། རིམས་ནད་འགོག་བཅོས་དུས་སྐབས་སུ་ལས་རྐང་བརྟན་སྲུང་དང་། ལས་རྐང་དང་པོར་ཡོད་པའི་གཞི་རིམ་ལས་བྱེད་པའི་ཐུན་མོང་གི་འབོད་སྐུལ་ཡིན་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་གྱི་ལས་བྱེད་མི་སྣ་ཡོངས་ཀྱི་ཐུན་མོང་གི་བྱ་སྤྱོད་ལས་བྱུང་བའི་གཏམ་རྒྱུད་ཅིག་ཀྱང་ཡིན།

ཟླ་དང་པོའི་ཚེས་ཉེར་བདུན་ཉིན། ཧུར་ཐག་གིས་རིམས་ནད་མཆེད་ཚུལ་ལ་ཁ་གཏད་གཅོག་ཆེད། གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་གྱིས་ལས་བཟོ་པའི་ལོ་གསར་གྱི་ངལ་གསོ་དུས་ཆེན་མེད་པར་བཟོས་པ་དང་། གྲོང་རྡལ་གྱི་ལས་བྱེད་མི་སྣ་ཡོངས་ཕྱིར་ལས་རྐང་དུ་ལོག་པའི་དུས་མཚུངས་སུ། རིམས་ནད་སྔོན་འགོག་ཞིབ་འཇུག་དང་བཀོད་སྒྲིག་བྱ་བའི་ཆེད་དོན་ཚོགས་འདུ་བསྡུས་ནས། དུས་ཚོད་དང་པོའི་ནང་རིམས་ནད་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ་རིམས་ནད་འགོག་བཅོས་བྱ་བར་ཤུགས་བསྣན་པ་རེད།

“ཨ་མྱེས། ཁ་ཐུམ་རྒྱག་རྒྱུ་བརྗེད་མི་ཉན། ཁ་སང་དེ་རིང་གི་རིམས་ནད་འདི་འགོ་སླ་བ་ཞིག་རེད།”

“གྲོགས་པོ་ལགས། འོ་བརྒྱལ་བཟོས་སོང་། ཁྱོད་རང་རླངས་འཁོར་ལས་བུད་དེ་མིང་ཐོ་བཀོད་རྗེས་ལུས་ཀྱི་ཚ་གྲང་ལ་ཞིབ་བཤེར་བྱེད་དགོས།”

“ཡོད་ཚད་མང་ཚོགས་ཀྱི་བདེ་སྐྱིད་དང་བདེ་ཐང་གི་ཆེད་ཡིན། ཁྱོད་རང་ས་གནས་འདིའི་མི་མིན་པས། ཉེན་ཁ་ཆེ་བའི་དུས་སྐབས་འདིར་ཕྱིར་རང་ཡུལ་ལ་ལོག་རྒྱུ་གལ་ཆེ།”

ཚེས་ཉེར་བརྒྱད་ཉིན། གཅན་ཚ་རྫོང་རྨ་ཆུའི་ཟམ་ཁ་སྟེ་རྫོང་གི་ཤར་ཕྱོགས་ཀྱི་སྒོ་ཆེན་དང་། ཕར་འགྲོ་ཚུར་འོང་གི་གཞུང་ལམ་གཙོ་བོ་དེ་རུ་ཡོད་པའི་རིམས་ནད་འགོག་བཅོས་ཞིབ་བཤེར་ས་ཚིགས་སུ། ལུས་ལ་སྨན་པའི་ལྭ་བ་གྱོན་པ་དང་དཔུང་རྟགས་དམར་པོ་བཏགས་ཡོད་པའི་དང་བླངས་པ། དེ་མིན་ལས་བྱེད་མི་སྣ་དང་སྤྱི་བདེ་མི་སྣ་བཅས་ཀྱིས་གྲུབ་པའི་བྱ་བའི་ཚན་ཆུང་གིས་ཕར་འགྲོ་ཚུར་འོང་གི་མིར་རིམས་ནད་འགོག་བཅོས་ཤེས་བྱ་དྲིལ་སྒྲོག་བྱེད་ཞོར། ཕྱིར་ཡོང་མགྲོན་པོ་ཚོའི་གནས་ཚུལ་ཐོ་འགོད་དང་། ལུས་པོའི་ཚ་གྲང་ལ་ཞིབ་བཤེར་བྱེད་ཀྱིན་ཡོད།

དཀའ་ཁག་གི་མདུན་དུ་མགོ་བོ་མི་སྒུར་ཞེས་པ་ནང་བཞིན། གྲོང་རྡལ་གྱི་མགོ་ཁྲིད་མི་སྣ་དང་། ལས་བྱེད་མི་སྣ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་མི་སྣ། གཞིས་ཁུལ་གྱི་འགན་ཁུར་མི་སྣ་བཅས་ཀྱིས་ཚོགས་འདུ་བསྡུས་ནས། གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཐེངས་འདིའི་རིམས་ནད་ཀྱི་མི་མངོན་པའི་ཤུགས་རྐྱེན་ལས་ཐར་དགོས་པའི་དགེ་མཚན་དང་རིམས་ནད་འགོག་བཅོས་དྲིལ་སྒྲོག་སོགས་མི་རེར་ཁ་རུ་ཁ་ཐུག་ཏུ་བཀོད་སྒྲིག་བྱས།

རིམས་ནད་འགོག་བཅོས་གོ་རིམ་ལྡན་པ་དང་ཕན་ནུས་ལྡན་པའི་སྒོ་ནས་ལག་བསྟར་བྱེད་ཆེད། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོང་རྡལ་གྱི་ཏང་ཡོན་ལས་བྱེད་པ་དང་། འཕྲོད་བསྟེན་ཁང་། མངགས་གཏོང་ཁང་། སྡེ་ཁུལ། སྡེ་སྡོད་ལས་མི། དང་བླངས་པ། སྤྱི་ཕན་རང་བཞིན་གྱི་ལས་རྐང་དུ་ཡོད་པའི་ལས་མི་བཅས་བསྡོམས་པས་མི་ཉིས་བརྒྱ་དང་བརྒྱད་ཅུ་ཡིས་བྱ་བའི་ཚན་ཆུང་ཉེར་གཅིག་བཙུགས་ནས། སྲིད་འཛིན་སྡེ་བ་བཅུ་བཞི་དང་སྡོད་ཁུལ་དུ་སོང་ནས་ཁྱིམ་ཚང་རེ་རེ་དང་མི་རེ་རེར་བརྟག་དཔྱད་བྱས་ཏེ། མི་གཅིག་ཀྱང་མི་ལུས་པའི་སྒོ་ནས་རིམས་ནད་འགོག་བཅོས་བྱ་བ་ཡོངས་ཁྱབ་དུ་སྤེལ།

“ཕྱི་མི་ནང་དུ་མི་བསུ། ནང་མི་ཕྱི་རུ་མ་འགྲོ།”

རྫོང་ཐོག་ནས་ལམ་ཐག་སྤྱི་ལེ་བཅོ་ལྔ་མཚམས་ཀྱི་ཉ་མོ་སྡེ་བའི་རིམས་ནད་འགོག་བཅོས་ཞིབ་བཤེར་ས་ཚིགས་སུ། སྡེ་བའི་ཏང་ཡོན་དཔའ་རྒྱས་ཀྱིས་གྲོང་རྡལ་ནས་ཡོང་བའི་སྡེ་སྡོད་ལས་བྱེད་པ་ཤ་བོ་མགོན་པོ་གཙོ་བྱས་པའི་ལས་བྱེད་མི་སྣ་དང་། སྡེ་བའི་ཨུ་ཡོན་རྣམ་གཉིས་ནས་ཉིན་མཚན་མེད་པར་སྡེ་དམངས་ཀྱི་བདེ་ཐང་ཆེད་དུ། གནས་སྐབས་ཀྱི་རིམས་ནད་འགོག་བཅོས་ཞིབ་བཤེར་ས་ཚིགས་སུ་དུས་ཚོད་ཉེར་བཞིའི་རིང་། སྡེ་མིའི་བདེ་ཐང་གི་གནས་ཚུལ་ཐོ་འགོད་དང་།འདུ་འཛོམས། ཕན་ཚུན་འགྲོ་འོང་མི་བྱེད་པ་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་སྒྲོག་བཤད་བྱེད་བཞིན་པ་མཐོང་ནས། མ་སྐུལ་དང་བླངས་སྒོས་ཐེངས་འདིའི་རིམས་ནད་འགོག་བཅོས་བྱ་བའི་ནང་ཞུགས།

དཔའ་རྒྱས་ཀྱི་གདོང་ལ་སྤོབས་པས་ཁེངས་ནས“གནས་ཚུལ་འདི་འདྲའི་འོག་ཏུ། ང་ཚོ་ཏང་ཡོན་མི་སྣས་དཀའ་ཁག་གི་མདུན་དུ་རང་ཉིད་ཀྱིས་བསྒྲུབ་དགོས་པའི་བྱ་བ་བསྒྲུབ་རྒྱུ་ནི་འོས་འགན་ཡིན”ཟེར།

ཏང་ཡོན་དང་ལས་བྱེད་པའི་སྣེ་ཁྲིད་འོག གྲོང་རྡལ་ཡོངས་སུ་ཏང་ཡོན150ལྷག་སྔ་གཞུག་ཏུ་རིམས་ནད་འགོག་བཅོས་བྱ་བའི་ནང་ཞུགས་ཏེ་ནུས་པ་བླ་ལྷག་ཐོན་ཡོད་པ་རེད།

རིམས་ནད་འགོག་བཅོས་བྱ་བ་ལས་ཁུངས་དང་སློབ་གྲྭ།གཞིས་ཁུལ། དགོན་སྡེ། སྡེ་བ་རིམ་པར་ཁྱབ་གདལ་དུ་གཏོང་རྒྱུ་ནི་མར་ཁུ་ཐང་གྲོང་རྡལ་གྱི་བྱ་བ་གཙོ་བོ་ཞིག་རེད། མགུར་དགོན་པའི་དོ་དམ་ལས་བྱེད་མི་སྣ་འཇིགས་མེད་ཤེས་རབ་དགོན་པར་ཞག་སྡོད་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཉིན་རེའི་དུག་སེལ་བྱ་བ་དང་། གྲྭ་བཙུན་རྣམས་ལ་ཁ་ཐུམ་རྒྱག་ཚུལ་དང་། ཁང་པའི་ནང་དུ་རླུང་རྒྱུ་བ། ལག་པ་བཀྲུ་སྟངས་སྐོར་གྱི་འབྲེལ་ཡོད་ཤེས་བྱ་སློབ་ཁྲིད་བྱེད་པར་འགོར་འགྱངས་གཏན་ནས་བྱས་མ་མྱོང་།

“ལོ་འདི་འགའི་རིང་ལ། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལོངས་སྤྱོད་བྱེད་བཞིན་ཡོད། འདི་འདྲའི་གནས་ཚུལ་འོག་ཕན་ཚུན་ལ་རོགས་རམ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ།”མ་མཐའི་འཚོ་བའི་འགན་སྲུང་མ་དངུལ་ལོངས་སུ་སྤྱོད་བཞིན་པའི་འཇིགས་མེད་རྒྱ་མཚོ་རིམས་ནད་འགོག་བཅོས་བྱ་བའི་ནང་ཞུགས་ནས་ཉིན་འདི་འགར་དུག་སེལ་ལས་ཀར་བྲེལ་བཞིན་ཡོད།

མར་ཁུ་ཐང་གྲོང་རྡལ་གྱི་འབྲེལ་ཡོད་མགོ་ཁྲིད་པས་མཚམས་སྦྱོར་བྱས་པ་ལྟར་ན། ད་སྔའི་བར་དུ་དོགས་ཡོད་ནད་པའི་རིགས་བྱུང་མེད། འོན་ཀྱང་ང་ཚོས་རིམས་ནད་འགོག་བཅོས་བྱ་བ་གཏན་ནས་ལྷོད་མི་རུང་། ཁྱིམ་ཚང་དང་མི་སྒེར་ལ་འབྲེལ་ཡོད་ཤེས་བྱ་དྲིལ་སྒྲོག་བྱེད་པའི་དུས་མཚུངས་སུ། མང་ཚོགས་ཀྱང་ཐེངས་འདིའི་རིམས་ནད་འགོག་བཅོས་བྱ་བའི་ཁྲོད་ཞུགས་ནས་རྒྱལ་ཁ་ཐོབ་པར་འབད་པ་བྱེད་དགོས་སྟབས། རྒྱུན་པར་མང་ཚོགས་ལ་དཀྲོག་གཏམ་ལ་མི་ཉན་པ་དང་། དཀྲོག་གཏམ་བརྒྱུད་སྒྲོག་མི་བྱེད་པར་སློབ་གསོ་བཏང་བར་མ་ཟད། ད་དུངQQཚོགས་པ་དང་སྐད་འཕྲིན་གྱི་འཕྲིན་སྟེགས་བརྒྱུད་ནས། ཤ་ཚའི་དྲན་སྐུལ་དང་རིམས་ནད་འགོག་བཅོས་ཐད་ཀྱི་ཤེས་བྱ་གསར་པ། སྲིད་ཇུས་སྐོར་གྱི་བརྡ་ཁྱབ་སོགས་ཡིག་ཆ2000ཙམ་གཞི་རིམ་མང་ཚོགས་ཁྲོད་བཀྲམ་ནས་རིམས་ནད་འགོག་བཅོས་ཁྲོད་རྒྱལ་ཁ་ལེན་པར་འབད་འཐབ་བྱེད་ཀྱིན་ཡོད།

                                                                                                             རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།