ཆབ་ཆར་རྐང་ཚུགས་ཏེ་ཤའི་རིགས་ཐོན་སྐྱེད་ལ་བྲེལ་བའི་ཞང་སན་ཅང་།
2020.04.26 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 36

རྒྱལ་ཡོངས་ཀྱི་ས་གནས་སོ་སོ་རུ་ལས་ཐོན་ཕྱོགས་ཡོངས་ནས་སླར་གསོ་བྱེད་བཞིན་པའི་སྐབས་འདིར།མཚོ་ལྷོ་ཁུལ་གྱིས་ཀྱང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་མཛུབ་སྟོན་བཀོད་སྒྲིག་ལྟར་ལས་ཐོན་སླར་གསོའི་བྱ་བ་ཧུར་ཐག་གིས་སྤེལ་ཅིང་།ཁེ་ལས་ཆེན་པོ་མང་པོ་ཞིག་གིས་ཀྱང་གཅིག་རྗེས་གཉིས་མཐུད་དུ་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་བཞིན་ཡོད།གསར་འགོད་པ་མཚོ་སྔོན་ཞང་སན་ཅང་ཕྱུགས་ལས་གསར་སྤེལ་ཚད་ཡོད་ཀུང་སི་རུ་ཐོན་པ་ན། བཟོ་གྲྭའི་འཁོར་ཁང་ཀུན་དུ་ཟང་ཟིང་ངང་ལས་ལ་བྲེལ་ཞིང་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་བྱེད་བཞིན་འདུག  མཚོ་སྔོན་ཞང་སན་ཅང་ཕྱུགས་ལས་གསར་སྤེལ་ཚད་ཡོད་ཀུང་སི་ནི2006ལོའི་ཟླ་གསུམ་པར་བཙུགས་པ་ཡིན་ལ། ཀུང་སི་དེ་ནི་གུང་ཧོ་རྫོང་ཆབ་ཆ་བཟོ་ལས་གླིང་དུ་གནས་ཡོད་པ་དང་།ས་ཆའི་རྒྱ་ཁྱོན་ལ་ས་མུའུ་ཞེ་གསུམ་ལྷག་ཡོད་ལ། ལས་བཟོ་བ་བསྡོམས་པས་བརྒྱ་དང་དྲུག་ཅུ་ཡོད་པའི་ཁྲོད་ལས་གནས་ལས་ཕུད་པའི་མི་སྣ་ཉི་ཤུ་ལྷག་ལ་ཡང་བསྐྱར་ལས་ཞུགས་བྱེད་དུ་བཅུག་པ་དང་།ཆེད་ཚན་དང་འབྲིང་རིམ་གྱི་དོ་དམ་མི་སྣ་ཞེ་གསུམ་ཡོད་པ་མ་ཟད། ཀུང་སིའི་འགན་ནུས་སྡེ་ཚན་དང་དོ་དམ་ལམ་ལུགས་འཐུས་ཚང་ཡིན་ལ་བཟོ་ཚོགས་དང་ཏང་ཀྲི་པུའུ་བཙུགས་ཡོད་པས་མཚོ་ལྷོ་ཁུལ་གྱི་ཐོན་སྐྱེད་དང་།མཁོ་འདོན། ཕྱིར་འཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཁེ་ལས་ཆེན་པོ་ཞིག་རེད།

ཞང་སན་ཅང་ཀུང་སིའི་གཞུང་ལས་ཁང་གི་ཀྲུའུ་རིན་ཡན་ཧྲིན་བུན་གྱིས་ཀུང་སིའི་གནས་ཚུལ་ངོ་སྤྲོད་བྱེད་བཞིན་པ།

ཀུང་སིའི་ད་ལྟའི་ལས་སྒོ་གཙོ་བོ་ནི་ནོར་ལུག་གསོ་སྤེལ་དང་ཚོ་གསོ། བཤའ་བ་སོགས་བྱས་ཏེ།རིམ་པ་མཐོ་བའི་ལྷད་མེད་ཀྱི་ནོར་ལུག་གི་ཤའི་ཟས་རིགས་སྣ་ཚོགས་གསར་སྤེལ་བྱེད་པ་དང་། ཤ་གསར་བའི་རིགས་ལས་སྣོན་ཞིབ་ཚགས་དང་ཐུམ་ཆུང་བ་བརྒྱབ་ནས་ཟས་རིགས་སྡེབ་ཚོང་དང་སིལ་འཚོང་བྱས་ཏེ་ཕྱི་ཕྱོགས་སུ་ཚོང་དོན་གཉེར་སྐྱོང་བྱེད་བཞིན་ཡོད།

ལས་སྣོན་བྱས་པའི་ཐོན་རྫས་སྣ་ཚོགས།

བཤས་ཁོངས་སུ་བཏང་བའི་སྐམ་ལུག་ཤ

མཚོ་སྔོན་ཞང་སན་ཅང་ཕྱུགས་ལས་གསར་སྤེལ་ཚད་ཡོད་ཀུང་སིས་ད་ལྟ་གསར་སྤེལ་ཐོན་སྐྱེད་བྱས་པའི་ཞང་སན་ཅང་རྟགས་ཅན་གྱི་ཤ་སྐམ་གྱིས་ཚོང་རྫས་སྣ་ཁ་ཉེར་བརྒྱད་ལས་ཡོད་པ་དང་།ལོ་གཅིག་གི་ནང་ཤ་སྐམ་པོ་ཏུན་སྟོང་གཅིག་ཙམ་ཐོན་སྐྱེད་བྱེད་ཐུབ་ཅིང་། ད་ལྟ་ནང་ལོག་གི་ཧྲན་ཏུང་སོགས་ས་ཁུལ་དུ་ཕྱིར་འཚོང་བྱེད་བཞིན་ཡོད།ཀུང་སི་འདི་ནི་མཚོ་ལྷོ་ཁུལ་གྱི་དབྱི་སི་ལན་གྱི་བཤས་ཁོངས་སུ་གཏོང་བའི་ཁེ་ལས་ཆེ་ཤོས་ཤིག་ཡིན་པ་དང་།ཉིན་རེར་ནོར་བཞི་བརྒྱ་དང་ལུག་སྟོང་གཅིག་བཤའ་བཞིན་ཡོད་ལ། ནོར་ལུག་གི་ཤའི་ཐོན་རྫས་ཏུན་སྟོང་གཉིས་ལས་སྣོན་བྱེད་བཞིན་ཡོད་པ་དང་།2019ལོར་ལུག་འབུམ་གཅིག་དང་སྐམ་ཁྲི་བཞི་བཤས་ཏེ་ལས་སྣོན་བྱས་ཡོད། ཤ་བཟོས་ཐོན་རྫས་ལ་ཕྱིར་གཏོང་གི་ཐོབ་ཐང་ཡོད་པས་ཐོན་སྐྱེད་བྱས་པའི་ཚོང་རྫས་ཞང་ཀང་སོགས་ས་ཁུལ་དུ་ཕྱིར་གཏོང་བྱེད་ཀྱིན་ཡོད།ཀུང་སིའི་ལོ་རེར་ཕྱིར་གཏོང་བྱས་པའི་ཤའི་རིན་བསྡོམས་པས་རིམ་རྩིས་བྱས་ན་སྒོར་ས་ཡ་གཉིས་ལྷག་ཟིན་ཡོད་པ་མ་ཟད།གུང་ཧོ་ས་གནས་ཀྱི་ཚོང་རའི་ཤ་རིགས་མཁོ་འདོན་བྱེད་པའི་འགན་ཡང་འཁུར་བཞིན་ཡོད།

ཞང་སན་ཅང་ཀུང་སིའི་ལས་བཟོ་བ་མཱ་ཀྲན་ལུའུ་ཡིས་རང་གི་ལས་ཀ་ངོ་སྤྲོད་བྱེད་བཞིན་པ།

ཞང་སན་ཅང་ཕྱུགས་ལས་གསར་སྤེལ་ཚད་ཡོད་ཀུང་སི་ལ་ཞིང་ཆེན་དང་ཁུལ་བཟོ་ཚོང་སྲིད་འཛིན་དོ་དམ་སྡེ་ཁག་གིས་ཕུལ་བྱུང་སྒེར་གཉེར་ཁེ་ལས་དང་།གན་རྒྱ་ལྕི་པོ་འཇོག་པ། ཡིད་ཆེས་བརྟན་པོ་སྲུང་བ་སོགས་ཀྱི་མཚན་སྙན་ཐེངས་མང་པོ་གནང་བ་དང་།2016ལོར་མཚོ་སྔོན་ཞིང་ཆེན་གྱི་དབུལ་ཐར་མཁྲེགས་གཏོར་གྱི་སྤྱི་ཚོགས་དབུལ་སྐྱོར་གྱི་སྔོན་ཐོན་ལས་ཁུངས་དང་མཚོ་སྔོན་ཞིང་ཆེན་གྱི་དབུལ་སྐྱོར་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཀྱི་མཚན་སྙན་གནང་པ་དང་ཆབས་ཅིག ཞིང་ཆེན་ཚན་རྩལ་ཐིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་རྣམ་པའི་ཁེ་ལས་ཀྱི་མཚན་སྙན་གནང་།ཞིང་ཕྱུགས་ལས་ཐོན་ལས་ཅན་གྱི་ཞིང་ཆེན་རིམ་པའི་སྣེ་འདྲེན་ཁེ་ལས་གཙོ་བོའི་མཚན་སྙན་ཡང་གནང་ཡོད།མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གྲངས་ཉུང་མི་རིགས་ཀྱི་དམིགས་བསལ་མཁོ་རྫས་ཐོན་སྐྱེད་ཀྱི་གནས་གཏན་འཁེལ་བྱས།མཚོ་ལྷོ་ཁུལ་གྱི2017ལོའི་ལོ་འཁོར་གྱི་ཁུལ་ཡོངས་ཀྱི་མཁོ་ཚོང་བཅོས་སྒྱུར་འཕེལ་རྒྱས་ཀྱི་སྔོན་ཐོན་ལས་ཁུངས་དང་།2018ལོའི་རྒྱལ་ཡོངས་ཀྱི་ལྗང་མདོག་ཞིང་ལས་དཔེ་སྟོན་གནས་སུ་གཏན་འཁེལ་བྱས་པ་རེད།

ཞང་སན་ཅང་ཀུང་སིའི་ལས་བཟོ་བ་བྱམས་པ་སྐྱིད་ཀྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

2018ལོར་མཚོ་སྔོན་ཞང་སན་ཅང་ཕྱུགས་ལས་གསར་སྤེལ་ཚད་ཡོད་ཀུང་སི་དེ་མཚོ་ལྷོ་ཁུལ་གྱི་ཐོན་ལས་ཆེན་པོ་བདུན་གྱི་བྱ་བར་སྐུལ་འདེད་བྱེད་པའི་ཁྲོད་ཧུར་ཐག་གིས་ཞུགས་པ་དང་།རྒྱལ་ཁབ་འབྲི་གཡག་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེར་གཏོང་གི་ཚན་རྩལ་གསར་གཏོད་མནའ་འབྲེལ་གྱི་སྣེ་ཁྲིད་ཁེ་ལས་སུ་ཞུགས་ནས།ཀུང་སིས་ཀན་སུའུ་ཞིང་ཆེན་ཕྱུགས་ལས་ཐོན་རྫས་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས་ལ་བརྟེན་ནས་འབྲི་གཡག་དང་བོད་ལུག་གི་ཤའི་ཐོན་རྫས་ལས་སྣོན་ཞིབ་འཇུག་གསར་སྤེལ་ལྟེ་གནས་བཙུགས་པ་དང་།མཐོ་སྒང་དུ་ཡོད་པའི་འབྲི་གཡག་དང་བོད་ལུག་གི་མ་བཅོས་རྒྱུ་ཆའི་ཐོན་ཁུངས་ལ་གཞི་ཚུགས་ནས་ས་བབ་མཐོ་བ་དང་གདོད་མའི་རྣམ་པ་སྲུང་འཛིན་བྱས་ཏེ།བདེ་འཇགས་དང་སྟབས་བདེའི་ཟས་རིགས་སྤུས་ལེགས་ཅན་ཞིབ་བཟོ་བྱས་ནས་ཞོར་ཐོན་དངོས་རྫས་ཀྱི་སྤུས་ཚད་དང་ཟུར་སྣོན་རིན་ཐང་མཐོ་རུ་བཏང་སྟེ་ཁྲོམ་རར་བཙོང་བཞིན་ཡོད།


གསར་འགོད་པ། ཤ་བོ་རིན་མཚོ། དཔའ་བརྟན་རྒྱལ།

རྩོམ་སྒྲིག་འགན་འཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།