རྨོ་འདེབས་ཀྱི་ལས་ལ་བྲེལ་བའི་གསེར་ཐང་འབྲོག་སྡེ།
2020.04.27 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 179

ཟླ་བཞི་བ་ས་སྔོ་གནམ་སྔོ་རེད།མགོ་དགྱེས་ཏེ་ས་ལྟ་ཡུལ་ལྟ་བྱོས་ཞེས་པའི་བཤད་སྲོལ་ལྟར། སྤྱིར་ཡིན་ན་ཟླ་བཞི་བ་ནི་ལྗང་མྱུག་ལ་གསོན་ཤུགས་རྒྱས་པའི་ལྗང་མདོག་གི་དུས་ཚིགས་ཤིག་ཡིན་མོད།འོན་ཀྱང་ས་བབས་མཐོ་བའི་ཐུན་ཏེ་རྩྭ་ཐང་ལ་མཚོན་ན་སྔར་བཞིན་ཁ་བའི་འདབས་མ་གར་དུ་རྩེན་ཞིང་གྲང་རླུང་རྒོད་པོས་རུས་རྐང་གཟེར་བའི་དགུན་དུས་ཤིག་དང་གཉིས་སུ་མ་མཆིས།

ཐུན་ཏེ་རྫོང་མཁར་ལས་སྤྱི་ལེ་བཅུ་ལྷག་གི་སར་ཆགས་པའི་ཐང་མགོ་གྲོང་རྡལ་ནི་ཞིང་ཕྱུགས་གཉེར་བའི་མཐོ་སྒང་གི་གྲོང་རྡལ་ཆུང་ཆུང་ཞིག་ཡིན་ལ།སྔོན་ཆད་གྲོང་རྡལ་ཆུང་བ་དེར་དུས་ཚིགས་ལ་དབྱེ་བ་དང་དུས་ཆེན་ལ་ཁྱད་པར་མེད་པར་ནམ་རྒྱུན་མི་ཚོགས་ཀྱི་འདུ་འཛིའི་ཁེངས་ཏེ་གྲོང་ཁྱེར་ཆེན་པོ་ཞིག་དང་ཀུན་ནས་མཚུངས།ཡིན་ནའང་ད་ལོར་ནད་ཡམས་ཀྱི་དབང་གིས་སྔོན་དང་བསྡུར་ན་གྲོང་རྡལ་ཆུང་བ་དེའི་སྲང་ལམ་ཡོད་ཚད་ལྷིང་འཇགས་གེར་གནས་འདུག

ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་ནི་སྤྱིར་བཏང་གི་ཉིན་མོ་ཞིག་ཡིན་མོད།འོན་ཀྱང་ཐང་མགོ་གྲོང་རྡལ་གྱི་རྒྱ་ཆེའི་མང་ཚོགས་ལ་མཚོན་ན་ཉིན་དེ་ནི་རྒྱལ་ཁབ་ཀྱིས་ལུད་རྫས་རིན་མེད་གནངས་སྦྱིན་བྱེད་པའི་ཉིན་མོ་ཡིན་པས།གྲོང་རྡལ་ཡོངས་སུ་མི་ཚོགས་ཀྱིས་བཀངས་འདུག

ཉིན་དེའི་སྔ་དྲོར། རྒྱལ་ཁབ་ཀྱིས་རིན་མེད་གནངས་སྦྱིན་བྱས་པའི་ལུད་རྫས་འདྲུད་པའི་རླངས་འཁོར་ཆེན་པོ་དག་གཅིག་རྗེས་གཉིས་མཐུད་ངང་གོ་རིམ་བསྒྲིགས་ཏེ་ཐང་མགོ་གྲོང་རྡལ་བརྒྱུད་ནས་གསེར་ཐང་སྡེ་བར་བསྐྱོད་པའི་རྣམ་པ་དེ་ནི་རྩྭ་ཐང་གི་མཛེས་ལྗོངས་གསར་བ་ཞིག་ཏུ་སྣང་ངེས།

གསར་འགོད་པ་ཐང་མགོ་གྲོང་རྡལ་གྱི་འབྲེལ་ཡོད་ལས་བྱེད་མི་སྣའི་འགྲོ་རོགས་འོག་གསེར་ཐང་སྡེ་བར་ཐོན་པ་ན། སྡེ་དམངས་རྣམས་ཀྱིས་སྔ་མོ་ནས་ལུད་རྫས་དྲུད་ཡོང་བ་ཤེས་ནས་ངང་སྒུག་བྱས་འདུག་ལ། རླངས་འཁོར་དེ་དག་སྡེ་བར་ཐོན་མ་ཐག་མང་ཚོགས་རྣམས་ཀྱིས་མ་སྐུལ་དང་བླངས་སྒོས་རླངས་འཁོར་སྟེང་དུ་འགོས་ཏེ་ལུད་རྫས་མར་ལེན་གྱིན་འདུག

རིན་མེད་ལུད་རྫས་སྟེར་བའི་ཡུལ་དངོས།

ཁྱོན་ཡོངས་ནས་རིམས་འགོག་ལ་རྒྱལ་ཁ་ལེན་པའི་ཆེད་དུ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཐང་མགོ་གྲོང་རྡལ་གྱིས་རང་འགུལ་སྒོས་འགན་འཁྲི་ཕྲག་ཏུ་བླངས་ནས། གྲོང་རྡལ་ཏང་ཨུ་དང་སྲིད་གཞུང་གིས་ཐང་མགོ་ཁྲིམས་འཛིན་ཁང་དང་། ཐང་མགོ་གྲོང་རྡལ་དཀྱིལ་སྙིང་འཕྲོད་བསྟེན་ཁང་། རྫོང་འཕེལ་རྒྱས་དང་བཅོས་བསྒྱུར་ཅུའུ་སོགས་སྡེ་ཁག་མང་པོར་མཉམ་དུ་སྐུལ་སློང་དང་མཉམ་འབྲེལ་བྱས་ཏེ་ལས་ཐོན་བསྐྱར་ཚུགས་ཀྱི་བྱ་བ་བདེ་བླག་ངང་སྤེལ་བ་མ་ཟད། ཉིན་འགའི་སྔོན་ནས་བཟུང་དཔྱིད་འདེབས་ཀྱི་ལས་མགོ་རྩོམ་པར་གྲ་སྒྲིག་གང་ལེགས་བྱས།

ཐང་མགོ་གྲོང་རྡལ་དྲག་ཆས་པུའུ་ཡི་པུའུ་ཀྲང་ཆོས་སྐྱོང་སྐྱབས་ཀྱིས་དཔྱིད་འདེབས་གྲ་སྒྲིག་གི་སྐོར་བཤད་བཞིན་པ།

ད་སྐབས་ཡིན་ན་ང་ཚོ་ཐང་མགོ་གྲོང་རྡལ་ལ་མཚོན་ནཕྱོགས་གཉིས་ནས་མི་ལྷོད་པརྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཅིག་ནས་རིམས་ནད་སྔོན་འགོག་གི་བྱ་བ་ལ་ད་རུང་ཚན་རིག་དང་མཐུན་པའི་སྒོ་ནས་དམ་འཛིན་བྱས་པ་དང་། ཕྱོགས་གཅིག་ནས་ཞིང་ཕྱུགས་དཔལ་འབྱོར་འཕེལ་རྒྱས་ཀྱི་བྱ་བར་དམ་འཛིན་བྱས་ཏེ། རིམ་བཞིན་ལས་མགོ་སོ་སོ་ཕྱོགས་ཡོངས་ནས་སྤེལ་ཀྱིན་ཡོད། ཉིན་འདི་དག་ལ་མཚོན་ན། ང་ཚོ་ཐང་མགོ་གྲོང་རྡལ་སྲིད་གཞུང་དང་རྫོང་ཞིང་ཕྱུགས་ཅུའུ་མཉམ་འབྲེལ་བྱས་ཏེ། ཕྱུགས་ལས་ས་ཁུལ་ལ་རིན་མེད་པའི་གཟན་ཆས་སྟེར་བ་དང་། ཞིང་ལས་ས་ཁུལ་ལ་རིན་མེད་ཀྱི་ས་བོན་དང་སྐྱེ་ལྡན་ལུད་རྫས་སྟེང་བཞིན་པའི་སྒང་ཡིན། དེ་རིང་ཡིན་ན་ཡང་ང་ཚོ་ཐང་མགོ་གྲོང་རྡལ་གྱི་ཞིང་ལས་མཉམ་ལས་ཁང་སོ་སོ་དང་སྡེ་བ་བཅུ་བཞི་ལྷག་ལ་སྐྱེ་ལྡན་ལུད་རྫས་ཏུན་སྟོང་གཉིས་བརྒྱད་བརྒྱ་ལྷག་བྱིན་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཏང་དང་རྒྱལ་ཁབ་ཀྱི་བླ་མེད་གཟིགས་སྐྱོང་གི་དྲོད་ཁོལ་སྐྱེལ་བའི་དམངས་ཕན་གྱི་སྲིད་ཇུས་འདི་འདྲ་བཟང་བོ་དག་དངོས་འབེབས་བྱེད་དང་བྱེད་བཞིན་པའི་སྒང་རེད། འདི་ཡིན་ན་མི་དམངས་མང་ཚོགས་ཡོངས་ཀྱིས་ཧ་ཅང་དགའ་བསུ་བྱེད་བཞིན་པའི་བྱ་བ་ཞིག་ཀྱང་རེད།

དཔྱིད་ཀའི་རྨོ་འདེབས་སྐབས་ཀྱི་དགོས་གཏུག་ཆེ་བའི་གནད་དོན་ཐག་གཅོད་དང་ཞིང་ལས་རྒྱུ་ཆའི་ཐོན་རྫས་མཁོ་སྤྲོད་འགན་ལེན་བྱ་ཆེད། ཐུན་ཏེ་རྫོང་གི་ཞིང་ཕྱུགས་ཅུའུ་དང་ཐང་མགོ་གྲོང་རྡལ་སྲིད་གཞུང་གིས་ཞིང་ལས་རྒྱུ་ཆའི་དོ་དམ་སྡེ་ཁག་དང་ཧུར་ཐག་གིས་འབྲེལ་གཏུག་བྱས་པ་དང་། ཞིང་ལས་རྒྱུ་ཆ་མཁོ་འདོན་བྱས་ཏེ་དུས་ཐོག་ཏུ་ཞིང་བའི་ལག་ཏུ་འབྱོར་བར་ཁག་ཐེག་བྱས་ཤིང་། ལུད་རྫས་སྒོ་ཁར་བསྐྱལ་བའི་བྱེད་ཐབས་སྤྱད་དེ་མང་ཚོགས་ཀྱི་རིམས་འགོག་དང་དཔྱིད་འདེབས་བྱ་བ་གཉིས་ཀར་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས་པ་མ་ཟད། རྒྱ་ཆེའི་ཞིང་པ་རྣམས་ཀྱི་དཔྱིད་འདེབས་ཐོན་སྐྱེད་ཀྱི་དགོས་མཁོ་ཡང་འགན་སྲུང་བྱས།

གསེར་ཐང་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀླུ་འབུམ་ཐར་གྱིས་ལས་ཐོན་བསྐྱར་གསོ་བྱས་པའི་སྐོར་ནས་བཤད་བཞིན་པ།

གནམ་གཤིས་འགྱུར་ལྡོག་གི་དབང་གིས་ཟླ་བཞི་བ་ཚེས་མགོ་ནས་བཟུང་།མཐོ་སྒང་གི་ནམ་ཟླའང་རིམ་བཞིན་ཇེ་དྲོར་འགྲོ་སྲིད་པས། དུས་སྐབས་དེ་ནི་ཞིང་པ་མང་ཚོགས་རྣམས་ཆེས་ཁོམ་ལོངས་བྲལ་བའི་དུས་ཚིགས་ཤིག་ཡིན་ལ།གསེར་ཐང་སྡེ་བའི་འབྲོག་པ་མང་ཚོགས་རྣམས་ཀྱིས་ཀྱང་མུ་མཐའ་བྲལ་བའི་ཞིང་སའི་སྟེང་དུ་རྨོ་འདེབས་ཀྱི་ལས་ལ་བྲེལ་བཞིན་འདུག

ཞིང་པ་མང་ཚོགས་རྣམས་ཀྱིས་བློ་གཏད་ཆོག་པའི་ལུད་རྫས་དང་ཞིང་སྨན་བཅས་བཀོལ་སྤྱོད་གང་ལེགས་བྱ་ཐུབ་ཆེད། ཐུན་ཏེ་རྫོང་གིས་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ལྟ་སྐུལ་དོ་དམ་སྟེགས་བུ་ལ་བརྟེན་ནས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་ལས་འགན་དོན་འཁྱོལ་གང་ལེགས་བྱེད་པའི་དུས་མཚུངས་སུ་དཔྱིད་འདེབས་ཐོན་སྐྱེད་བྱེད་པའི་བྱ་བ་ཤུགས་ཆེན་པོས་ལེགས་པོར་སྒྲུབ་བཞིན་འདུག གསེར་ཐང་སྡེ་བའི་རུ་ཁག་བཞི་བའི་མཉམ་ལས་ཁང་གི་ཡུལ་དངོས་སུ་ལས་ཀ་བ་རྣམས་རྨོ་འདེབས་ཀྱི་ལས་ལ་བྲེལ་བཞིན་ཡོད།

རྨོ་འདེབས་ཀྱི་ལས་ལ་བྲེལ་བཞིན་པ།

 མཉམ་ལས་ཁང་གི་ལས་འཛིན་འགོ་གཙོ་དོན་འགྲུབ་རྒྱལ་གྱིས་དཔྱིད་འདེབས་ཀྱི་སྐོར་ནས་བཤད་བཞིན་པ།

གོང་རིམ་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་བརྟེན་ནས། ད་ལྟ་ཞིང་ཕྱུགས་ལས་ས་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་སྔར་ལས་ལྡབ་འགྱུར་གྱིས་ཇེ་བཟང་དུ་སོང་ཡོད་ལ། ཞིང་ལས་རྨོ་འདེབས་བྱེད་པར་ཡང་འཕྲུལ་ཆས་ཆེན་པོ་ལ་བསྟེན་བཞིན་ཡོད་པས་ལས་ཆོད་ཆེ་བར་མ་ཟད། མང་ཚོགས་ལ་ཡང་སྟབས་བདེ་ཆེན་པོ་བསྐྲུན་ཡོད། རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལོ་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་པས། རོང་འབྲོག་མང་ཚོགས་རྣམས་ཀྱི་གདོང་ལ་ཡང་དགའ་བའི་འཛུམ་དང་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། རང་ཉིད་ཀྱི་མ་འོངས་བའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་རེ་བས་གཏམས་ཡོད།

གསར་འགོད་པ། ཤ་བོ་རིན་མཚོ། དཔའ་བརྟན་རྒྱལ།

རྩོམ་སྒྲིག་འགན་འཁུར་བ། ཨ་བརྟན་རྒྱལ།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།