སྲོལ་རྒྱུན་ལག་རྩལ་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད།
2020.04.29 ཁུངས། གངས་ལྗོངས་འཕྲིན་གསར། ཀློག་གྲངས། 24

 ཤུག་རི་སྡེ་བ་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཞུང་ཧྭ་རྫོང་ཀ་རིང་ཞང་གི་ནུབ་བྱང་རྒྱུད་ཀྱི་ཤ་བོ་རི་བོའི་སྐེད་དུ་ཡོད། སྡེ་བ་དེར་ཁྱིམ་ཚང56ཡོད།  ཞིང་ལས་གཙོ་བོ་ཡིན་པའི་ཞོར་དུ་ཕྱུགས་རིགས་ཀྱང་ཉུང་ཙམ་ཞིག་འཚོ་སྐྱོང་བྱེད་བཞིན་ཡོད་ལ། ཀ་རིང་ཞང་ཁོངས་གཏོགས་ཀྱི་ས་བབ་ཆེས་མཐོ་བའི་སྲིད་འཛིན་སྡེ་བ་ཞིག་ཡིན། ས་བབ་ཀྱི་མཐོ་དམའ་དང་དྲོད་གྲང་། ཆར་ཆུ་འབབ་ཚད་སོགས་ནི་འབྲུ་དཀར་ནག་ཁྲ་གསུམ་ནང་གི་ཁྲ་བོ་ནས་འདེབས་པར་ཤིན་ཏུ་འཕྲོད། དེར་བརྟེན། རྒྱུ་ཆ་ནས་ཀྱིས་ཆང་བཙགས་པའི་ལག་རྩལ་ཞིག་སྔ་མོ་ནས་དར་ཡོད། རྒྱལ་ཁབ་ཀྱིས་ཞིང་སྡེ་དར་སྤེལ་གྱི་འཐབ་ཇུས་ལག་བསྟར་བྱས་བ་ནས་བཟུང་།   ཐག་རིང་རི་ཁུལ་དུ་གནས་པའི་ཤུག་རི་སྡེ་བའི་སྡེ་མི་ལྔ་ཡིས་ཞིང་སྡེ་དར་སྤེལ་གཙོ་ཡིན་པའི་དམངས་ཕན་སྲིད་ཇུས་གང་མང་ཞིག་ལ་བརྟེན་ནས་རང་ས་ཆའི་མེས་པོའི་གཅེས་ནོར་ནས་ཆང་བཙགས་པའི་ལག་རྩལ་འདི་རྒྱུན་འཛིན་དར་སྤེལ་བྱས་ཏེ། ཡུལ་བབ་དང་འཚམ་པའི་ཞིང་སྡེ་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བསྐྲུན་ནས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་ཆེན་དུ་ཞུགས། ཉེ་ལམ། གསར་འགོད་པ་ཤུག་རི་སྡེ་བར་བསྐྱོད་དེ་ཤུག་རིའི་ནས་ཆང་བཙགས་པའི་ལག་རྩལ་འདི་རྒྱུན་འཛིན་དར་སྤེལ་དང་སྡེ་བའི་དབུལ་ཐར་ཕྱུག་འགྱུར་ཐད་ནས་བྱེད་ནུས་གང་འདྲ་ཐོན་བཞིན་པའི་སྐོར་ལ་རྒྱུས་ལོན་བྱས།

ཤུག་རིའི་ནས་ཆང་འདི་ལ་ཐུན་མིན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་རང་ས་ཆ་ནས་ཐོན་པའི་ནས་ནག་རྒྱུ་ཆ་བྱས་པ་ཡིན་ལ། དེའི་ཐོག་ཏུ་ཆང་བཙགས་སྐབས་ཀྱི་ལས་རིམ་སོ་སོ་ལེགས་པོར་བསྒྲུབས་ནས་ཐོན་པ་ཞིག་རེད། ཆང་བཙགས་པ་ལ་རང་ཡུལ་ནས་ཐོན་པའི་ནས་ནག་རྨང་གཞི་བྱས་ཐོག ད་དུང་བཙག་བྱའི་ནས་ནག་གཙང་སྦྲ་བྱེད་པ་དང་བཙོ་བ། ཆང་རྩི་ཕབ་པ། བསྙལ་བ། དེ་ནས་བཙོས་ཏེ་བཙགས་པ་སོགས་ཀྱི་ལས་རིམ་འགའ་ཡོད་ཅིང་། ལས་རིམ་དེ་དག་ནན་ཏན་དང་ཞིབ་ཚགས་ངང་སྒྲུབ་དགོས།   ལྷག་པར་དུ་ཆང་བཙགས་པའི་སྐབས། ཐབ་ཁུང་གི་མེ་ཤེད་ལ་ཚོད་འཛིན་ལེགས་པོ་བྱེད་པ་ནི་ཆེས་གལ་ཆེ།

ངག་རྒྱུན་ལྟར་ན། ལོ་ངོ700ཙམ་གྱི་སྔོན་ནས་བཟུང་། སྡེ་བའི་ཁྱིམ་ཚང་ཚང་མར་ནས་ཆང་བཙགས་པའི་སྲོལ་འདི་དར་ཡོད་ལ། བཙག་བྱའི་རྒྱུ་ཆ་རང་ཡུལ་ནས་ཐོན་པའི་ནས་ནག་ཡིན་པ་རེད། ཡིན་ནའང་། གཅིག་གྱུར་གྱི་ཐོན་ལས་ལྟ་བུ་ཞིག་ཆགས་མེད་སྟབས། བཙགས་པའི་ནས་ཆང་མང་ཆེ་བ་ནི་ལོ་སར་དང་སྟོན་མོ། དུས་ཆེན་སོགས་ཀྱི་སྐབས་སུ་རང་གིས་འཐུང་བ་དང་མགྲོན་པོར་སྣེ་ལེན་བྱེད་པ། ལེགས་སྐྱེས་སུ་ཁྱེར་བ་སོགས་སུ་སྤྱོད་པ་ཙམ་ཡིན། ད་དུང་ཁྱིམ་ཚང་རེ་རེའི་འབྱོར་བ་དང་འཚག་བྱེད་ཀྱི་ཡོ་བྱད་སོགས་ལ་ཁྱད་པར་ཡོད་པའི་དབང་གིས་ཆང་མང་དུ་བཙགས་པའམ་རྒྱ་ཆེར་བཙགས་པ་ལ་ཚད་བཀག་ཐེབས་ཀྱི་ཡོད་ཅེས་ཤུག་རིའི་ནས་ཆང་ཚད་ཡོད་ཀུང་སིའི་སྤྱི་གཉེར་རྟ་མགྲིན་ཚེ་རིང་གིས་དེ་ལྟར་བཤད་བྱུང་།

རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་བཏོན་པར་བརྟེན། ཤུག་རི་སྡེ་བའི་ སྡེ་མི་སངས་རྒྱས་རྒྱ་མཚོ་དང་རྟ་མགྲིན་ཚེ་རིང་སོགས་ཀྱིས་རང་ས་ཆའི་མེས་པོའི་ཁྱད་ནོར་ནས་ཆང་བཙགས་པའི་སྲོལ་འདི་དར་སྤེལ་གཏོང་བའི་ལམ་དུ་ཞུགས། རྟ་མགྲིན་ཚེ་རིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། 2014ལོར། ཞུང་ཧྭ་རྫོང་ཤུག་རིའི་ནས་ཆང་ཚད་ཡོད་ཀུང་སི་བཙུགས་པ་དང་། ཐོག་མར་འཛུགས་སྐབས། ཀ་རིང་ཞང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་གྱི་ཞིང་ཆེན་དྲིལ་སྒྲོག་པུའུ་དང་མཚོ་ཤར་གྲོང་ཁྱེར་ནོར་སྲིད་ཅུའུ་ཡིས་མ་དངུལ་གྱིས་རོགས་སྐྱོར་གནང་བ་དང་། ཞིང་སྡེའི་ཡིད་རྟོན་དངུལ་ཁང་གིས་དངུལ་བུན་བཏང་ཞིང་། སྡེ་བའི་ཁྱིམ་ཚང་རེ་རེས་སྒོར་ཆིག་སྟོང་རེ་བཏོན།  སངས་རྒྱས་རྒྱ་མཚོ་གཙོར་བྱས་པའི་ཁྱིམ་ཚང་ལྔ་ཡིས་ཁྱོན་བསྡོམས་སྒོར་འབུམ་གསུམ་བཏོན་པ་རེད།

ཤུག་རིའི་ནས་ཆང་ཚད་ཡོད་ཀུང་སི་བཙུགས་པ་ནས་བཟུང་།  ཁྱིམ་ཚང་རེ་རེས་ནས་ཆང་བཙགས་པ་དེ་ཕྱོགས་གཅིག་ཏུ་བསྡུས་ནས་རང་སྡེ་བའི་ནས་ཆང་བཙགས་པའི་སྲོལ་རྒྱུན་གྱི་ལག་རྩལ་གཞིར་བཞག་བྱས་ཐོག  དེང་རབས་ཀྱི་ཚན་རྩལ་འཕྲུལ་ཆས་སྤྱད་དེ་རྒྱུ་ཆ་ནས་ཀྱི་གདམ་གསེས་དང་ཆང་རྩི་ཕབ་བསྲེས་ཐག་གཅོད། ཁྱིམ་ཚང་རེ་རེ་ནས་གཅིག་བསྡུས་བྱས་པའི་ནང་ཆང་ཡང་བསྐྱར་བཙགས་པ་དང་སྙིགས་མ་དྭངས་འབྱེད་བྱེད་པ། ཆང་བཅུད་ཀྱི་ཚད་འཇལ་ཏེ་ཆང་གི་བཟང་ངན་འབྱེད་པ། ཆང་བཟང་པོའི་རིགས་དགར་ནས་རིན་གོང་གཏན་འཁེལ་བྱེད་པ། ཐུམ་རྒྱག་པ་དང་ཕྱིར་འཚོང་བ་སོགས་ཀུང་སི་ནས་གཅིག་གྱུར་ངང་བཀོད་སྒྲིག་བྱེད་བཞིན་ཡོད་ལ། ཆང་རྩི་དང་རྒྱུ་ཆ་ནས་ཀྱི་ཉོ་སྒྲུབ་སོགས་ཀྱང་ཀུང་སི་ནས་འགན་ཁུར་བཞིན་ཡོད། ད་དུང་ཀ་རིང་ཞང་སྲིད་གཞུང་དང་ཀུང་སི་གཉིས་ཀྱིས་ཆང་འཚག་བྱེད་ཀྱི་སླ་ང་དང་ཆང་རྫ་སོགས་ཉོས་ཏེ་ཁྱིམ་ཚང་རེ་ལ་སྤྲད་པ་དང་། ནས་ཆང་གི་དྲིལ་སྒྲོག་དང་ཕྱིར་འཚོང་ལའང་སྲིད་གཞུང་གིས་མཐུན་རྐྱེན་གང་ལེགས་བསྐྲུན་བཞིན་ཡོད་པས།  ཁྱིམ་ཚང་སོ་སོས་ཆང་བཙགས་པར་སྟབས་བདེ་བཟོས་ཡོད།

དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་དགོས་ན། ངེས་པར་དུ་གནད་འཁེལ་དབུལ་སྐྱོར་དང་གནད་འཁེལ་དབུལ་ཐར། ཡུལ་བབ་དང་བསྟུན་པ། ས་ཁོངས་དང་ཐོན་ལས། ཐོན་ཁུངས་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ངང་བསམ་གཞིགས་བྱེད་དགོས། དེ་ལྟར་མ་བྱས་ན་དབུལ་ཐར་ཕྱུག་འགྱུར་མངོན་འགྱུར་བྱུང་ཡང་དེ་ནི་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་སྐམ་སྲིད།  སངས་རྒྱས་རྒྱ་མཚོ་གཙོར་བྱས་པའི་སྡེ་མི་ལྔ་ཡིས་བཙུགས་པའི་ཤུག་རིའི་ནས་ཆང་ཚད་ཡོད་ཀུང་སི་འདིས་རང་ས་ཆའི་ཡུལ་བབ་ཀྱི་དགེ་མཚན་དང་ཁྱད་འཕགས་ཀྱི་ཐོན་ཁུངས་དང་ཐོན་ལས་དག་རྨང་གཞི་བྱས་ཡོད་པས། དབུལ་ཐར་ཕྱུག་འགྱུར་མངོན་འགྱུར་བྱེད་པར་ཡིད་ཆེས་ཆེན་པོས་ཁེངས་ཡོད། ཀུང་སི་ཡིས་ལོ་གཅིག་ལ་ཁྱིམ་ཚང་རེ་རེ་ནས་ནས་ཆང་རྒྱ་མ670རེ་བསྡུ་ལེན་བྱེད་བཞིན་ཡོད་ལ། རྒྱ་མ་རེ་ལ་སྒོར15རེ་དང་། ཆང་ཤིན་ཏུ་བཟང་ན། ཆང་བཅུད་ཀྱི་ཚད་ལ་གཞིགས་ཏེ་ཏུའུ་རེ་ལ་སྒོར་ཟུར་ལྔ་རེ་བྱིན་པས།  ཁྱིམ་ཚང་རེ་ལ་ལོ་གཅིག་གི་ཡོང་འབབ་སྒོར་ཆིག་ཁྲི་ལྷག་ཡོད་པ་མ་ཟད་ཀུང་སི་ནས་སྡེ་བ་གཞུང་དང་དབུལ་ཕོངས་ཁྱིམ་ཚང་། སྡེ་བའི་སློབ་ཆེན་སློབ་མ་སོགས་ལ་སྒོར་མོ་དང་རྒྱུ་ཆ་ནས་ཀྱི་ཉོ་སྒྲུབ་སོགས་ཀྱི་ཐད་ནས་རོགས་སྐྱོར་གང་ལེགས་བྱེད་ཀྱིན་ཡོད།

རྟ་མགྲིན་ཚེ་རིང་གིས་བཤད་རྒྱུར། ཡུལ་འདི་རུ་ནས་ཀྱི་སྐྱེ་མཚར་ཤིན་ཏུ་ལེགས་ལ། ཡུལ་མི་ཚོར་ནས་འདེབས་ལུགས་ཀྱི་བྱང་ཆ་ཆེན་པོ་ཡོད་པས།  ཐོན་འབབ་ཧ་ཅང་བཟང་། ནས་ཆང་བཙགས་ཚུལ་ལའང་བྱང་ཆ་ཆེན་པོ་ཡོད་པས།   ནམ་རྒྱུན་ལས་ཀའི་ཞོར་ནས་སྒྲུབ་བཞིན་ཡོད། དཔེར་ན། དཔྱིད་ཀྱི་རྨོ་འདེབས་ཚར་རྗེས་ནས་ཆང་གི་སྦང་མ་བསྙལ་བ་དང་། དབྱར་དུས་དང་སྟོན་ལས་ཀྱི་བར་དུ་ཞོར་ལས་ལ་འགྲོ་བ།   སྟོན་ལས་ཚར་རྗེས་ནས་ཆང་བཙགས་པ་རེད།  འདི་ལྟར་བྱས་ན། ལས་ཀ་སོ་སོའི་བཀོད་སྒྲིག་ལ་འགལ་འཛོལ་མེད་པས། ཡོང་འབབ་ལྷག་མ་འཚོལ་བར་ཡང་སྟབས་ཧ་ཅང་བདེ་ཟེར།

ད་དུང་། ཀུང་སིས་ལོ་རེའི་ཡོང་འབབ་ལ་གཞིགས་ཏེ་སྡེ་བར་ཁེ་སྤོགས་ཀྱང་བགོ་བཞིན་ཡོད་པས།  ཤུག་རིའི་ནས་ཆང་ཚད་ཡོད་ཀུང་སི་ནི་དབུལ་ཐར་ཕྱུག་འགྱུར་གྱི་འདེགས་སྐྱོར་ལེགས་པོ་ཞིག་ཏུ་གྱུར་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།