མགོ་ལོག་གི་འོད་ཤུགས་དབུལ་སྐྱོར་གྱིས་མཐོ་སྒང་ཕྱུག་འགྱུར་གྱི་ལམ་ཆེན་བཏོད་པ།
2020.05.06 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 10

མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་སུ་གནས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་ཚད་ལ་ཆ་སྙོམས་ཀྱིས་མཚོ་ངོས་ལས་མུས་བཞི་སྟོང་སུམ་བརྒྱ་སུམ་ཅུ་ཡོད་པ་དང་། རླུང་ཁམས་ཆེན་མོར་དབྱང་དབུགས་འདུས་ཚད་མཚོ་ངོས་ཀྱི་བརྒྱ་ཆའི་ང་བཞི་ཙམ་ཡིན་པ་དང་། ལོ་གཅིག་ལ་དྲོད་གྲང་གི་ཁྱད་པར་ལས་དུས་བཞིའི་ཁྱད་པར་དེ་འདྲ་གསལ་པོ་མེད། སྔོན་ཆད་མགོ་ལོག་ནི“མཚོ་སྔོན་ཞིང་ཆེན་གྱི་གློག་མེད་པའི་ས་ཁུལ”གྱི་ལོ་རྒྱུས་ཆེས་རིང་བའི་གནས་ཡིན།

2011ལོར། རྒྱལ་ཁབ་གློག་དྲ་ཀུང་སིས་གནས་ཡུལ་གཏན་འཁེལ་གྱིས་རྨ་སྟོད་རྫོང་ལ་རོགས་སྐྱོར་བྱས་པའི་ཚུན་དུ། མགོ་ལོག་ས་ཁུལ་གྱི་གློག་དྲའི་དངུལ་གཏོང་འཛུགས་སྐྲུན་ལ་སྟོབས་ཤུགས་ཕུལ་ཚད་མུ་མཐུད་དུ་ཇེ་ཆེར་བཏང་ཞིང་། ཁྱད་པར་དུ2016ལོར་མགོ་ལོག་མཉམ་འབྲེལ་དྲ་བའི་བཟོ་འགོད་བདེ་བླག་ངང་འཁོར་སྐྱོད་བྱས་པ་དང་བསྟུན་ནས། མགོ་ལོག་ས་ཁུལ་དུ་གློག་དྲ་ཆེན་མོ་ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཞིང་། མགོ་ལོག་ཏུ་བདེ་སྐྱིད་འཚོ་བར་བསྐྱོད་པའི “ཉི་འོད་ལམ་ཆེན”ཞིག་རིམ་བཞིན་མིག་ལམ་དུ་མངོན།

རྨ་སྟོད་རྫོང་ནི་ཆ་སྙོམས་ཀྱིས་མཚོ་ངོས་མཐོ་ཚད་མུས་བཞི་སྟོང་ལྔ་བརྒྱ་ལས་བརྒལ་ཡོད་ཅིང་། ལོ་གཅིག་གི་ཆ་སྙོམས་དྲོད་ཚད་གོར་ཐིག་མན་གྱི་ཏུའུ་བཞི་ཡིན་ལ། གྲང་ངར་ཆེ་ཞིང་དབྱང་དབུགས་དཀོན་པ་དང་། ཐོན་ཁུངས་ཉུང་བ། མི་རྣམས་ཀྱིས་མི་རབས་ནས་མི་རབས་བར་ཕྱུགས་འཚོས་ཏེ་འཚོ་བ་རོལ་ཞིང་། དཔལ་འབྱོར་ཡོང་ཁུངས་སྣ་གཅིག་ཡིན།

རྒྱལ་ཁབ་གློག་དྲ་ཀུང་སིས་རྨ་སྟོད་རྫོང་གིས་སྔ་མོ་ནས་དབུལ་ཕོངས་ཀྱི་ཞྭ་མོ་འཕུད་པར་རོགས་རམ་བྱ་ཆེད། 2016ལོར་མ་དངུལ་སྒོར་བྱེ་བ་དགུ་དང་ས་ཡ་གཉིས་འབུམ་བརྒྱད་ཁྲི་གཉིས་བཏང་སྟེ་ན་གོར་མོ་གྲོང་ཁྱེར་ཤར་ཕྱོགས་ཀྱི་ཧ་ལམ་སྟོང་མུས་བཅུ་བཞི་མཚམས་ཀྱི་འོད་ཤུགས་ཐོན་ལས་གླིང་ཁུལ་དུ་གནས་སྤར་ཏེ་ཀྲའོ་ཝ་བཅུ་ཡི་དབུལ་སྐྱོར་གློག་འདོན་ས་ཚིགས་འཛུགས་སྐྲུན་བྱས་པ་དེ་ནི། རྒྱལ་ཡོངས་ཀྱི་གློག་འདོན་ཡོང་སྒོ་ཚང་མ་དབུལ་ཐར་གྱི་ཕྱོགས་སུ་བཀོལ་བའི་འོད་ཤུགས་གློག་འདོན་ས་ཚིགས་ཆེས་ཐོག་མ་རུ་གྱུར།

‘རྒྱལ་དྲའི་ཉི་འོད་དབུལ་སྐྱོར་འགུལ་སྐྱོད’ཀྱི་མཚོན་རྟགས་རང་བཞིན་གྱི་བཟོ་འགོད་ཅིག་ཡིན་པའི་ཆ་ནས། 2018ལོའི་ལོ་མཇུག་ཏུ་སླེབས་དུས། རྨ་སྟོད་ཀྱི་ཀྲའོ་ཝ་བཅུ་ཡི་འོད་ཤུགས་དབུལ་སྐྱོར་གློག་འདོན་ས་ཚིགས་ཀྱིས་རིམ་བརྩིས་བྱས་ན་གློག་བཏོན་ཚད་སྟོང་ཝ་བྱེ་བ་ལྔ་དང་ས་ཡ་གསུམ་འབུམ་གཉིས་ཁྲི་དྲུག་དང་སྟོང་བརྒྱད་ལྷག་ཡིན་པའི་སྐབས་སུ། གློག་བཏོན་ཁེ་སྤོགས་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་བཞི་ཁྲི་བརྒྱད་ལྷག་ཡིན་ཞིང་། རྫོང་ཡོངས་ཀྱི་ཡིག་ཚགས་དང་བྱང་བུ་ལས་པའི་དབུལ་ཕོངས་ཁྱིམ་ཚང་སྟོང་གཅིག་བདུན་བརྒྱ་ཉེར་གཅིག་གིས་ཁེ་ཕན་རེག་པ་དང་། ཁྱིམ་ཚང་རེ་རེའི་ལོ་གཅིག་གི་ཡོང་སྒོ་སྒོར་སྟོང་གསུམ་དང་སུམ་བརྒྱ་རེད།  འོད་ཤུགས་གློག་འདོན་ས་ཚིགས་གླེང་བ་ན། རྨ་སྟོད་རྫོང་གི་རྫོང་དཔོན་གཞོན་པ་སུན་ཆིང་ཧྲེང་ལ་སྐད་ཆ་བཤད་མི་ཚར་བ་ཞིག་ཡོད།

“གློག་འདོན་ས་ཚིགས་དེའི་ལོ་གཅིག་གི་གློག་བཏོན་པའི་ཡོང་སྒོ་སྔོན་རྩིས་བྱས་ན་སྒོར་ས་ཡ་ལྔ་དང་འབུ་བཞི་ཡིན་པ་དང་། རྫོང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་དྲུག་བརྒྱ་ཉེར་གཅིག་དང་དབུལ་ཕོངས་མི་གྲངས་སྟོང་གཅིག་བདུན་བརྒྱ་དོན་བཞི་ཡིས་ཕན་ཁེ་རེག་ཐུབ་ཡོད། སྡེ་བ་རེ་རེར་མ་དངུལ་སྒོར་འབུམ་གསུམ་ལས་མི་དམའ་བའི་སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་སྒོ་ཡོད”ཅེས་སུན་ཆིང་ཧྲེང་གིས་དེ་ལྟར་བཤད། སྔོན་ཆད་ཀྱི་དབུལ་ཐར་དཀའ་གནད་ཡོངས་རྫོགས་འོད་ཤུགས་དབུལ་སྐྱོར་ལས་གཞི་ནང་འདྲེན་བྱས་པ་ལ་བརྟེན་ནས་ལས་སླ་མོའི་ངང་ཐག་བཅད་པས། སྡེ་བའི་ཐུན་མོང་དཔལ་འབྱོར་ལ་ཡོང་སྒོ་བསྐྱལ་ཡོང་བར་མ་ཟད། དབུལ་ཁྱིམ་གྱི་འཚོ་བར་ཡང་འགན་སྲུང་ཡོད་པར་གྱུར།

ད་ལོ་ལོ་ཉེར་གཉིས་ཡིན་པའི་བོད་རིགས་བུ་མོ་སྒྲོལ་དཀར་ལྷ་མོ་དང་མོའི་ཨ་ཅེ་བསོད་ནམས་སྒྲོལ་མ་གཉིས་ནི་སློབ་ཆེན་འགྲིམ་བཞིན་པའི་སློབ་མ་རེད། 2017ལོའི་ཚུན་དུ། མོ་ཚང་གིས་ཁྱོན་བསྡོམས “ཉི་འོད་དབུལ་སྐྱོར་འོད་ཤུགས་གློག་འདོན་ས་ཚིགས”ཀྱི་ཁེ་སྤོགས་བགོས་པ་དང་ཁ་གསབ་མ་དངུལ་སྣ་ཚོགས་བསྡོམས་པས་སྒོར་ཁྲི་གཉིས་དང་སྟོང་དགུ་བླངས་ཟིན་པ་དེས། ཁྱིམ་ཚང་གི་འཚོ་བའི་འགན་ཁུར་ཆེན་པོ་ཇེ་ཡང་དུ་བཏང་། “ཉི་འོད་དབུལ་སྐྱོར་འོད་ཤུགས་གློག་འདོན་ས་ཚིགས་ཀྱི་ཁེ་སྤོགས་བགོས་པ་དང་ཁ་གསབ་དག་ནི་ང་ཚོའི་ཁྱིམ་ཚང་ལ་མཚོན་ན་དཀའ་བའི་དུས་ཀྱི་རོགས་སྐྱོར་ཡིན་ཞིང་། ཁྱད་པར་དུ་སྲིད་གཞུང་གིས་ང་ཚོ་དབུལ་ཕོངས་ཁྱིམ་ཚང་འདི་དག་ལ་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ”ཞེས་སྒྲོལ་དཀར་ལྷ་མོས་མཐེ་བོང་སྒྲེང་བཞིན་དེ་ལྟར་བཤད།

“ང་ཚོ་འདི་ནས་ལོ་གཅིག་ལ་བསྡད་ཅིང། ང་དང་ཆུང་མ་གཉིས་ཉེ་འཁོར་དུ་ལས་ཀར་ཞུགས་ཡོད། བྱིས་པ་གཉིས་རྫོང་ཐོག་ཏུ་སློབ་གྲྭར་འགྲོ་བཞིན་ཡོད། ང་ཚོ་རྩ་བ་ནས་རྫོང་མཁར་གྱི་འཚོ་བར་ལོབས་ཟིན། ཁྱད་པར་དུ་སྲིད་གཞུང་གིས་ང་ཚོར་བདེ་སྐྱིད་ཀྱི་འཚོ་བ་བསྐྱལ་ཡོང་བར་བཀའ་དྲིན་ཆེ་ཞུ”ཞེས་ཤེས་བྱ་ཡིས་དེ་ལྟར་བཤད།

ཤེས་བྱ་ཚང་ནི་རྨ་ཆེན་རྫོང་གི་དབུལ་ཁྱིམ་ཞིག་ཡིན་ཞིང་། 2018ལོའི་ཟླ་བཅུ་པར། ཁོ་ཚང་ནི་དྭངས་ལག་ཞང་ཁྲ་ཚོགས་འགབ་མ་སྡེ་བ་ནས་ད་ལྟ་སྡོད་སའི་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་འཇིགས་མེད་གཞིས་ཁྱིམ་དབུལ་སྐྱོར་བདེ་འགོད་ས་གནས་སུ་སྤར་ཡོང་བ་རེད། ཤེས་བྱ་ཚང་ལ་སོང་ན། བརྙན་འཕྲིན་འཕྲུལ་ཆས་དང་འཁྱག་སྒམ། གློག་ཐབ་སོགས་ཁྱིམ་སྤྱོད་གློག་ཆས་ཆ་ཚང་ཡོད། ཤེས་བྱའི་ཆུང་མ་ལྷ་སྐྱིད་ཀྱིས་བཤད་རྒྱུར། “སྔོན་ཆད་འབྲོག་ནས་སྡོད་དུས་འཚོ་བ་ཤིན་ཏུ་སྟབས་མི་བདེ་ཞིང་། མེ་འབུད་ཟས་བསྐོལ་ཡོད་ཚད་ནོར་ལུག་གི་ལྕི་བ་དང་རིལ་མར་བརྟེན་དགོས། ད་ལྟ་ངེད་ཚང་གིས་གློག་ཆས་སྣ་ཚོགས་བཀོལ་སྤྱོད་བྱས་ཟིན། མཛུབ་གུ་འགུལ་བ་ཙམ་གྱིས་གནད་དོན་མང་པོ་ཐག་གཅོད་ཐུབ། འདི་འདྲའི་འཚོ་བ་སྔོན་ཆད་རྨི་ལམ་ལའང་རྨིས་མ་མྱོང་། ང་ཚོའི་སེམས་ནས་ཤིན་ཏུ་བདེ་སྐྱིད་ལྡན་པར་འདོད”ཟེར།

དེང་སྐབས། མགོ་ལོག་ཁུལ་གྱིས་ཁྱོན་ཡོངས་ནས་ཞིང་སྡེའི་གློག་ཤུགས་ཅན་མཐོར་འདེགས་གཏོང་བའི་བཟོ་འགོད་ལག་ཏུ་བསྟར་མགོ་བརྩམས་ཟིན། འབྲོག་ཁུལ་གྱི་གློག་དྲ་བཅོས་བསྒྱུར་རིམ་སྤར་བྱས་པ་དང་། འབྲོག་ཁུལ་གྱི་གློག་འདོན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་བ། གློག་ནུས་ཀྱིས་ལག་རྩལ་གྱི་ཚབ་བྱེད་པ་ཁྱབ་སྤེལ་གཏོང་བ། རྣམ་པ་གསར་པའི་གློག་བཀོལ་ཐོན་རྫས་འོས་སྦྱོར་བྱེད་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ནས། མ་འོངས་པའི་མགོ་ལོག་ཁུལ་གྱི“འབྲོག་ཁུལ་དུ་གློག་བཀོལ་འགན་སྲུང་གི་ནུས་པ་དང་། དབུལ་སྐྱོར་ཐོན་ལས་མཐོར་འདེགས། འབྲོག་ཁུལ་འཚོ་བའི་གློག་ཤུགས་ཅན་གྱི་ཆུ་ཚད”བཅས་རྩ་བ་ནས་འཕེལ་རྒྱས་འབྱུང་ངེས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།