མེན་ཧོ་རྫོང་གིས་ལས་གཞི་མང་པོ་ཞིག་བསྐྱར་དུ་མགོ་བརྩམས།
2020.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

 མཚོ་ཤར་གྲོང་ཁྱེར་མེན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་མན་ཕེན་ཆུ་མཛོད་ཀྱི་ལས་གཞི་འཛུགས་སྐྲུན་བྱེད་ཡུལ་དུ་བཟོ་སྐྲུན་འཕྲུལ་འཁོར་གྱི་ལྡིར་སྒྲའི་ཁྲོད་ལས་བཟོ་བ་རྣམས་ཟང་ཟིང་ལངས་ལོངས་སྒོས་ཨར་ལས་ལ་བྲེལ་བཞིན་འདུག

ཆུ་རགས་ཆེན་པོའི་འོག་ཏུ་ལངས་ནས་ཡར་བལྟས་ཚེ་མཐོ་ཚད་ལ་སྨི་31ཡོད་པའི་ཆུ་རགས་དེ་གྲོག་རོང་ཆེན་པོ་དེའི་དཀྱིལ་དུ་ཀྲོང་ངེར་ལངས་ཡོད།  རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་བཟོ་བ་རྣམས་ཟླ་གསུམ་པའི་ཚེས་བཅུའི་ཉིན་ནས་བཟུང་ལས་མགོ་བསྐྱར་ཚུགས་བྱེད་པའི་བྱ་བར་ཞུགས། ཆུ་མཛོད་འཛུགས་སྐྲུན་བྱེད་པའི་ཡུལ་དངོས་སུ་ལས་གཞི་པུའུ་དེའི་མགོ་གཙོ་གཞོན་པ་ལུང་ཧུང་ཡུན་གྱིས་ཆུ་མཛོད་འཛུགས་སྐྲུན་བྱེད་པའི་བྱ་བའི་སྐོར་ནས་མཛུབ་སྟོན་བྱེད་ཀྱིན་འདུག

ཆུ་མཛོད་དེ་འཛུགས་སྐྲུན་བྱེད་པར་ཁྱོན་སྡོམ་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་ས་ཡ་དྲུག་འབུམ་བདུན་བཏང་ཞིང་ མིག་སྔར་ཆུ་རགས་ཧྲིལ་པོར་སྨི་31.2ལྷག་བརྩིགས་གྲུབ་བྱུང་ཡོད་པ་དང་།  2021ལོར་ཆུ་མཛོད་དེ་ལེགས་འགྲུབ་འབྱུང་རྒྱུའི་འཆར་གཞི་ཡོད་། ལས་གཞི་དེ་ལེགས་འགྲུབ་བྱུང་རྗེས་སུ་མན་ཕེན་གྲོང་རྡལ་དང་ཆན་ཧི་ཞང་།  དེ་བཞིན་ཀན་ཀོའུ་ཞང་ལི་ཅ་སྡེ་བ་སོགས་སྡེ་བ་28ཀྱི་མི་གྲངས་ཁྲི་3.5དང་ཕྱུགས་རིགས་ཁྲི་4.7ལྷག་གི་འཐུང་ཆུའི་གནད་དོན་ཐག་གཅོད་བྱེད་ཐུབ་པར་མ་ཟད།  མན་ཕེན་གྲོང་རྡལ་དང་ཆན་ཧི་ཞང་གི་ས་ཞིང་སྤྱི་ཆིང་257.47ལ་ཆུ་གཏོང་དཀོན་པའི་གནད་དོན་ཡང་ཐག་གཅོད་བྱེད་ཐུབ་པ་དང་། དེ་མིན་སྤྱི་ཆིང་85ཡོད་པའི་ཆུ་འདྲེན་ཞིང་སའི་རྒྱ་ཁྱོན་ཆེ་རུ་བཏང་ནས་སྤྱི་ཆིང་342.47ལྷག་ལ་ཞིང་ཆུ་འདྲེན་པའི་གནད་དོན་ཐག་གཅོད་བྱ་ཐུབ་རྒྱུ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། མེན་ཧོ་རྫོང་ལང་ཧུང་གཞུང་ལམ་གྱི་རིང་ཚད་ཧྲིལ་པོར་སྤྱི་ལེ་25.9ཡོད་པ་དང་ཚོད་དཔག་བྱས་ན་ཁྱོན་སྡོམ་མ་དངུལ་སྒོར་མོ་དུང་ཕྱུར་བཞི་དང་བྱེ་བ་གཉིས་ས་ཡ་བརྒྱད་བཏང་ནས་2021ལོར་ལས་ཀའི་མཇུག་བསྒྲིལ་རྩིས་ཡོད་པ་རེད། ལང་ཧུང་གཞུང་ལམ་ནི་མེན་ཧོ་རྫོང་གི་གླང་ཐང་ནས་ཧུང་ཧྭ་བར་གྱི་རིམ་པ་བཞི་པའི་གཞུང་ལམ་བཟོ་སྐྲུན་གྱི་ལས་གཞི་ཞིག་ཡིན་པ་དང་། སྔོན་ཆད་ཀྱི་རིམ་པ་བཞི་པའི་གཞུང་ལམ་དེ་2005ལོའི་ཟླ་9པར་བཟོ་སྐྲུན་ལེགས་གྲུབ་བྱུང་ནས་རླངས་འཁོར་ཤར་གཏོང་བྱས། གཞུང་ལམ་དེའི་ལམ་རྒྱུད་དུ་སྡེ་བ་ཅུང་མང་བས་གཞུང་ལམ་སྲུང་སྐྱོང་བྱེད་པའི་བརྒྱུད་རིམ་ཁྲོད་བདག་སྐྱོང་བྱེད་ཤུགས་མི་འདང་ནའང་ལོ་མང་པོའི་རིང་ཉམས་གསོ་མ་བྱས་པས་ལམ་བརྡིབས་པ་དང་གས་པ་སོགས་ཀྱི་གནས་ཚུལ་ཅུང་ཚབས་ཆེ་བས་མི་རྣམས་ཕར་འགྲོ་ཚུར་འོང་བྱེད་པར་བར་ཆད་ཆེན་པོ་བཟོས་ཡོད།

ཉེ་ལམ་མེན་ཧོ་རྫོང་གི་གླང་ཐང་ནས་ཧུང་ཧྭ་བར་གྱི་གཞུང་ལམ་འཛུགས་སྐྲུན་དེ་ཕྱོགས་ཡོངས་ནས་ལས་མགོ་བརྩམས་ཟིན་པ་དང་། གསར་འགོད་པས་ལམ་རྒྱུད་དེའི་ས་ཚིགས་སོ་སོ་ན་གཞུང་ལམ་འཛུགས་སྐྲུན་བྱེད་བཞིན་པའི་རྣམ་པ་མཐོང་།

མིན་ཧོ་རྫོང་མན་ཕིང་གྲོང་རྡལ་ཏ་ཀྲོང་སྡེ་བའི་ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་བྱ་ཡུལ་དུ་འཕྲུལ་འཁོར་མང་པོ་ཞིག་གིས་ལྡིར་སྒྲ་དང་བཅས་ཏེ་ས་སློག་པ་དང་ས་དོང་སྙོམས་པ་སོགས་ཀྱི་ལས་ལ་བྲེལ་བཞིན་འདུག   ལས་གཞི་དེར་ཁྱོན་སྡོམ་མ་དངུལ་སྒོར་མོ་དུང་ཕྱུར་གཉིས་དང་ས་ཡ་དགུ་བཏང་ནས་ཚད་གཞི་མཐོ་བའི་ཞིང་སའི་རྒྱ་ཁྱོན་སྤྱི་ཆིང་སྟོང་བདུན་དང་བཞི་བརྒྱ་ཉེར་བཞི་དང་གྲངས་ཆུང་རེ་བཞི་བསྐྲུན་རྩིས་ཡོད་པ་དང་། དེ་དག་མན་ཕིང་སོགས་ཞང་དང་གྲོང་རྡལ་4ལ་ཁྱབ་ཡོད། འཛུགས་སྐྲུན་གྱི་ནང་དོན་གཙོ་བོར་ལས་གཞིའི་ས་ཁུལ་དེའི་ཞིང་ནང་དུ་ལམ་ལས་པ་དང་ཞིང་ཆུ་འདྲེན་པ། ཆུ་འབུད་བཟོ་སྐྲུན།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཚུད་ཡོད་པ་དང་འཆར་གཞི་ལྟར་ན་2020ལོའི་ལོ་མཇུག་ཏུ་ལེགས་འགྲུབ་བྱ་རྒྱུ་རེད།

ཟླ་3ཚེས་26ཉིན་ནས་བཟུང་མེན་ཧོ་རྫོང་གིས་ཁྱོན་སྡོམ་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་བཏང་ནས། སློབ་མ་ཉིས་སྟོང་ལྷག་བསྡུ་རྒྱུའི་འཆར་གཞི་ཡོད་པའི་མཁར་ནུབ་མཐོ་རིམ་སློབ་འབྲིང་གི་འཛུགས་སྐྲུན་ལས་གཞི་དེ་ཡང་ད་ལྟ་གཞི་ནས་མགོ་བརྩམས་ཡོད།  མེན་ཧོ་རྫོང་སློབ་གསོ་ཅུསའུ་ཡི་ཅུའུ་ཀྲང་ལི་ཆོན་དབྱི་ཡིས་ངོ་སྤྲོད་བྱས་པ་ལྟར་ན།  ལས་གཞི་དེའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་5ཡོད་ལ་ལུས་རྩལ་ར་བའི་རྒྱ་ཁྱོན་གྱིས་སྨི་གྲུ་བཞི་མ་ཁྲི་2.02ཟིན། ལས་གཞི་དེ་ལེགས་འགྲུབ་བྱུང་རྗེས་སུ་མེན་ཧོ་རྫོང་མཐོ་རིམ་སློབ་འབྲིང་གི་གཞི་ཁྱོན་ཆེ་རུ་གཏོང་ཐུབ་པས་སློབ་སྒྲུབ་ཆ་རྐྱེན་ཕྱོགས་ཡོངས་ནས་ཇེ་ལེགས་སུ་འགྲོ་བར་ནུས་པ་ཆེན་པོ་ཐོན་ཐུབ།

ད་ལོ་མེན་ཧོ་རྫོང་གིས་ལས་གཞི་སྣ་ཚོགས་246གྲབས་གསོག་བྱས་པར་ཁྱོན་སྡོམ་མ་དངུལ་སྒོར་མོ་དུང་ཕྱུར་271བཏང་བ་དང་། ལས་གཞི་དེ་དག་གི་ནང་དུ་འགྲིམ་འགྲུལ་དང་ཆུ་བེད། སློབ་གསོ། རྒྱུ་ཆ་གསར་པ།  རིག་གནས་དང་ལུས་རྩལ་ཡུལ་སྐོར། མཛེས་པའི་གྲོང་རྡལ། ས་ཁང་བདག་ཁོངས། གཞིས་ཁུལ་རྙིང་པ་བསྒྱུར་བཀོད་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད།

ད་ལྟ་ནི་ལས་གཞི་འཛུགས་སྐྲུན་བྱེད་པའི་དུས་སྐབས་ཡག་ཤོས་ཤིག་ཡིན་པ་དང་མེན་ཧོ་རྫོང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་གཞི་འཛུགས་སྐྲུན་བྱེད་པའི་བྱ་བའི་ཕྱོགས་གཉིས་དམ་འཛིན་དང་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ལས་གཞི་གཙོ་བོ་30ལྷག་ཙམ་ལས་མགོ་བསྐྱར་དུ་ཚུགས་ནས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་བྱ་བར་འབད་བརྩོན་བྱེད་བཞིན་འདུག

                                                                     ལོ་ཙཱ་བ། གཡང་འབུམ་རྒྱལ།