ཟབ་སྦྱོང་ལ་བརྟེན་ནས་དབུལ་ཐར་བྱེད།
2020.05.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

གོ་རེ་ལས་བཞིན་པ།

ནན་ཏན་གྱིས་བསྐྱར་སྦྱོང་བྱེད་བཞིན་པ།

འཚེམ་བཟོ་སྦྱོང་བཞིན་པ། 

བརྐོས་རིས་འབྲི་བཞིན་པ།

གྱོན་ཆས་བཟོ་བཞིན་པ།

རླངས་འཁོར་ཞིག་གསོའི་ཟབ་སྦྱོང་སྤེལ་བཞིན་པ།

ཟླ་བཞི་བའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོར། གསར་འགོད་པ་ཆུ་དམར་ལེབ་རྫོང་རོང་འབྲོག་པའི་ལས་སྐྲུན་མཛུབ་སྟོན་ཞབས་ཞུ་ལྟེ་གནས་ཀྱི་རླངས་འཁོར་ཞིག་གསོའི་ཟབ་སྦྱོང་རྟེན་གཞི་རུ་ཐོན་དུས། འོ་ཡོལ་ཚེ་རིང་གིས་སློབ་མ་འགའ་ཁྲིད་དེ་ཆག་སྐྱོན་བྱུང་བའི་རླངས་འཁོར་ཞིག་ལ་ཞིབ་ཚགས་ཀྱིས་ཞིབ་བཤེར་བྱེད་བཞིན་འདུག འོ་ཡོལ་ཚེ་རིང་ནི་སྔོན་ཆད་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གཡུ་དགེ་ཞང་དར་དམར་སྡེ་བའི་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་རེད། ལོ་གསུམ་ལྷག་གི་རིང་ལ་ཟབ་སྦྱོང་སློབ་སྦྱོང་བྱས་པ་བརྒྱུད། འོ་ཡོལ་ཚེ་རིང་བདེ་བླག་གིས་སློབ་མཐར་ཕྱིན་པར་མ་ཟད། ད་དུང་རླངས་འཁོར་ཞིག་གསོའི་ཟབ་སྦྱོང་རྟེན་གཞིའི་དགེ་རྒན་ཞིག་ཏུ་གྱུར་ལ། ལོ་ཧྲིལ་བོའི་ཡོང་སྒོ་སྒོར་མོ་ཁྲི་དྲུག་ལྷག་ལ་སླེབས་ཡོད། འོ་ཡོལ་ཚེ་རིང་གིས་སྔོན་ཆད་ངས་ཕྱུགས་འཚོ་རྒྱུ་མ་གཏོགས་ཅི་ཡང་མི་ཤེས། ད་ལྟ་ལག་རྩལ་ལོ་རེ་ནས་ལོ་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་དང་། ཡོང་སྒོ་ཡང་བརྟན་འཇགས་ཡིན་པས། ངའི་རེ་བ་ཡིན་ན་རང་ཉིད་ཀྱིས་ཤེས་པའི་ལག་རྩལ་ཡོད་ཚད་འབྲོག་པའི་བུ་ཕྲུག་མང་པོ་ཞིག་ལ་སློབ་སྦྱོང་བྱེད་དུ་བཅུག་ནས་ཁོ་ཚོའི་འཚོ་བ་ཉིན་རེ་ནས་ཉིན་རེར་ཇེ་བཟང་དུ་གཏོང་རྒྱུའི་རེ་བ་བཅངས་བཞིན་ཡོད་ཅེས་བཤད། ཆུ་དམར་ལེབ་རྫོང་རོང་འབྲོག་པའི་ལས་སྐྲུན་མཛུབ་སྟོན་ཞབས་ཞུ་ལྟེ་གནས་སུ་ཐང་ཀ་འབྲི་བ་དང་། སྐྲ་དང་སེན་མོ་མཛེས་བཟོ་བྱེད་པ། རྩི་བྱུགས་པ། རླངས་འཁོར་ཞིག་གསོ་བྱེད་པ། མི་རིགས་གྱོན་ཆས་བཟོ་བ། མི་རིགས་ལག་ཤེས་ཐོན་རྫས་བཟོ་བ། མི་རིགས་གཡོས་སྦྱོར་ལག་རྩལ་ཟབ་སྦྱོང་བྱེད་པ། ཆུ་གློག་དྲོད་རླངས་སོགས་ཟབ་སྦྱོང་རྟེན་གཞི་བཅོ་ལྔ་ཡོད་པ་དང་། དེ་ནི་མིག་སྔར་ཞིང་ཆེན་ཡོངས་སུ་གཞི་ཁྱོན་ཆེས་ཆེ་བ་དང་། སྒྲིག་ཆས་ཆ་ཚང་བའི་གནད་འཁེལ་དབུལ་སྐྱོར་ཐོན་ལས་ཀྱི་རིགས་བསྒྱུར་རྩལ་ནུས་གསོ་སྦྱོང་རྟེན་གཞི་ཞིག་ཡིན། ལྟེ་གནས་དེས“ནང་ལ་ཡོང་ཐུབ་པ་དང་། སྡོད་ཚུགས་པ། ཕྱུག་འགྱུར་བྱེད་ཐུབ་པའི”ལས་ཞུགས་དབུལ་སྐྱོར་གྱི་རྩ་དོན་ལྟར། འབྲོག་པས་ཐོན་སྐྱེད་འཚོ་བའི་རྣམ་པ་བསྒྱུར་བར་ཧུར་ཐག་གིས་སྣེ་ཁྲིད་བྱས་ཏེ། ཁྱད་ཆོས་ལྡན་པའི་སྒོ་ནས་རྩལ་ནུས་ཟབ་སྦྱོང་བྱ་བ་སྤེལ་བར་མ་ཟད། ལས་སྐྲུན་གྱིས་ལས་ཞུགས་ལ་སྐུལ་འདེད་བྱེད་པ་དང་། དུས་གཏན་འཁེལ་གྱིས་དབུལ་ཕོངས་ངལ་རྩོལ་པ་ཕྱིར་བསྐྱལ་བ་དང་། རྫོང་མཁར་དུ་གནས་སྤར་བའི་དབུལ་སྐྱོར་གནས་སྤོ་ཁྱིམ་ཚང་ལ་ལག་རྩལ་སྣ་གཅིག་ཤེས་པར་བྱསཏེ། ཆུ་དམར་ལེབ་ཀྱི་ཁྱད་ཆོས་ལྡན་པའི་ཟབ་སྦྱོང་གིས་ལས་ཞུགས་ལ་སྐུལ་འདེད་དང་། ལས་ཞུགས་ཀྱིས་དབུལ་བོར་ཡར་སྐུལ་བྱེད་པའི་གནད་འཁེལ་དབུལ་སྐྱོར་གྱི་ལམ་བུ་ཞིག་ཏུ་བགྲོད།

མིག་སྔའི་བར་དུ། ཆུ་དམར་ལེབ་རྫོང་རོང་འབྲོག་པའི་ལས་སྐྲུན་མཛུབ་སྟོན་ཞབས་ཞུ་ལྟེ་གནས་ཀྱིས་མི་སྟོང་གཅིག་དང་བདུན་བརྒྱ་གྱ་གསུམ་ལ་ཟབ་སྦྱོང་བྱས་པ་དང་། འོ་ཡོལ་ཚེ་རིང་དང་འདྲ་བའི་རོང་འབྲོག་པའི་བུ་བུ་མོ་མང་པོ་ཞིག་ལ་སློབ་ཡོན་དང་། ཟ་རྒྱུ། སྡོད་ས་སོགས་རིན་མི་དགོས་པའི་དམིགས་བསལ་སྲིད་ཇུས་ཀྱི་རོགས་སྐྱོར་འོག་ཏུ། རྩལ་ནུས་ཟབ་སྦྱོང་གི་རྗེས་སུ་ཐོན་ལས་སྤོ་བསྒྱུར་དང་། ལས་ཞུགས་ཕྱུག་འགྱུར་མངོན་འགྱུར་བྱེད་ཐུབ་པ་བྱུང་།

                                                                                                                     ལོ་ཙཱ། ཚེ་རིང་སྒྲོལ་མ།