གྲོ་ཀྲ་ཐང་གིས་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་བཏང་ནས་སྡེ་བ་ཐུན་མོང་དང་མང་ཚོགས་གཉིས་ཀྱི་ཡོང་སྒོ་འཕར་བར་བྱས་པ།
2020.05.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 23

“ཁྱེད་ཀྱིས་གཡས་ཕྱོགས་ཀྱི་ས་སྟོང་དང་ནགས་ཚལ་གན་ལ་ལྟོས་དང་། ད་ལོ་ངས་གན་ནས་རི་དྭགས་ཁང་ཆུང་ཆུང་ཞིག་ལས་རྩིས་ཡོད། ”

ཟླ3པའི་ཚེས25ཉིན། གསར་འགོད་པས་གྲོ་ཀྲ་ཐང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཡན་ཀྲང་ཏུང་གི་མཛུབ་མོ་ཀེར་ཕྱོགས་སུ་བལྟས་པ་ན། དཔྱིད་རླུང་ཁྲོད་ཤིག་ཤིག་ཏུ་གཡོ་བའི་ཤིང་སྡོང་གི་ཡལ་གར་མྱུ་གུ་འབུས་ཏེ། དཔྱིད་ཀ་སླེབས་པའི་རེ་བ་གསར་པ་ཞིག་གི་འབོད་བརྡ་གཏོང་བཞིན་པ་མཐོང་བྱུང་།

ཧུའུ་ཀྲུའུ་རྫོང་མཁར་ནས་རླངས་འཁོར་ལ་བསྡད་དེ་ཝེ་ཡན་གྲོང་རྡལ་གྲོ་ཀྲ་ཐང་སྡེ་བར་བསྐྱོད་ཚེ།མི་འགྱངས་པར་སྡེ་བ་དེར་ཐོན་ཐུབ་ཅིང་། སྡེ་བའི་ནང་གི་དཀར་བོང་བོང་གི་ཕྱི་གྱང་དང་སྔོ་བསངས་བསངས་ཀྱི་ཁང་ཀླད། དམར་ལམ་ལམ་གྱི་ཁྱམས་ར་བཅས་སྡོད་དམངས་ཀྱི་གཞིས་ཁང་དག་ནི་ཕན་ཚུན་བསྣོལ་མར་ཆགས་ཏེ་ཡིད་དུ་འོང་ཞིང་། གྱང་ངོས་སུ་ནག་ནོག་མེད་ལ་བགྲོད་ལམ་གཙང་ཞིང་དག་པ་དང་། སྡོད་ཁང་གི་སྔ་གཞུག་ཁོད་སྙོམས་པོར་གནས།

ལོ་ངོ་འགའ་ལ་འཕེལ་རྒྱས་བྱུང་བ་བརྒྱུད་ནས། ད་ལྟ་གྲོ་ཀྲ་ཐང་ནི་མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་སྙན་གྲགས་ཆེ་བའི་ཞིང་སྡེ་ཡུལ་སྐོར་གྱི་སྡེ་བ་ཞིག་ཏུ་གྱུར་ཡོད།

སྔོན་ཆད། གྲོ་ཀྲ་ཐང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོ་ནི་ཐུན་མོང་གི་ས་ཞིང་ཉུང་ངུ་ཕྱིར་གླས་པའི་ཡོང་སྒོ་ཉུང་ཙམ་ལས་གཞན། ཡོང་སྒོ་མང་ཆེ་བ་བྱེ་མ་སྔོག་འདོན་ལས་ཐོན་པ་རེད། ཕྱིས་སུ་སྐྱེ་ཁམས་ཀྱི་དབང་གིས་ཡུལ་དེའི་སྲིད་གཞུང་གིས་བྱེ་མ་སྔོག་འདོན་བྱེད་མཚམས་འཇོག་ཏུ་བཅུག

བྱེ་མ་སྔོག་འདོན་བྱེད་མཚམས་བཞག་རུང་། དཔལ་འབྱོར་འཕེལ་རྒྱས་བཏང་ནས་སྡེ་བ་ཐུན་མོང་དང་སྡེ་མིའི་ཡོང་སྒོ་ངེས་པར་དུ་ཇེ་མང་དུ་གཏོང་དགོས་པས། ཅི་ཞིག་བྱ།

གྲོ་ཀྲ་ཐང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱིས2018ལོའི་ཟླ4པ་ནས་བཟུང་། བྱེ་མ་སྔོག་འདོན་བྱེད་ཡུལ་གྱི་གྲམ་ཐང་མུའུ110དང་ཐུན་མོང་གི་ས་ཞིང་མུའུ49པོ་ཧྲག་སྡེབ་བྱས་པ་དང་། མཐའ་འཁོར་གྱི་ཆན་ཡུའེ་དང་ན་ཅ་སོགས་སྡེ་བ་བཞི་ལ་སྣེ་ཁྲིད་ནས་ཞིང་སྡེའི་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་སྟེ། ཞིང་ལས་ཐོན་ལས་ཀྱི་སྦྲེལ་ཐག་དང་རིན་ཐང་སྦྲེལ་ཐག་ཧུར་བརྩོན་གྱིས་རྒྱ་སྐྱེད་པ་དང་། དམངས་སྲོལ་རིག་གནས་ཀྱི་ཐོན་ལས་རིན་ཐང་སྔོག་འདོན་བྱེད་པ། འགྲིམ་འགྲུལ་སྟབས་བདེའི་ལེགས་ཆ་བེད་སྤྱོད་པ། རྩོལ་པོའི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་སྐྱེད་པ་བཅས་བྱས་ནས། སྡེ་བ་ཐུན་མོང་དང་མང་ཚོགས་གཉིས་ཀྱི་ཡོང་སྒོ་འཕར་བ་མངོན་འགྱུར་བྱས།

“ཁྱོད་ཀྱིས་སེམས་ལའང་འཆར་མི་སྲིད། ང་ཚོའི་རྐང་འོག་གི་ས་འདི་ནི་སྔོན་ཆད་བྱེ་མ་བརྐོ་ས་ཡིན་ལ། ད་ལྟ་གདོད་མའི་སྐྱེ་ཁམས་ཀྱི་ཡུལ་སྐོར་ལྗོངས་ཁུལ་དུ་གྱུར་ཡོད། 2019ལོའི་ལོ་མཇུག་ཏུ་སླེབས་དུས། སྒོ་གླའི་ཡོང་སྒོ་སྒོར་ཁྲི830མངོན་འགྱུར་བྱས། དེའི་ཁར་སྡེ་མི་རྣམས་ཀྱིས་ཚོང་གཉེར་བྱེད་བཞིན་པའི་ཞིང་པའི་སྤྲོ་སྐྱིད་ཁང་དང་ལྗོངས་ཁུལ་གྱི་ལས་གཉེར་པ། བཤམས་ཚོང་སོགས་ཀྱིས་འཕེལ་རྒྱས་སྐུལ་ཁྲིད་བྱས་ཏེ། སྤྱིའི་ཡོང་སྒོ་སྒོར་ཁྲི1300མངོན་འགྱུར་བྱས།”ཞེས་གྲོ་ཀྲ་ཐང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་ཡན་ཀྲང་ཏུང་གིས་རང་རློམ་དང་བཅས་གསར་འགོད་པར་དེ་ལྟར་བཤད།

2019ལོར། གྲོ་ཀྲ་ཐང་སྡེ་བས་སྡེ་མི་རྣམས་ལ་ཁེ་སྤོགས་སྒོར་ཁྲི100བགོས་པ་དང་། དེའི་ཁར་སྡེ་མི་རྣམས་ཀྱི་ཆུ་གླ་དང་གཙང་སྦྲའི་གླ། རྒན་གསོ་འགན་སྲུང་གི་འགྲོ་སྒོ་ཚང་མ་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཡོང་སྒོའི་ཁྲོད་ནས་གཅིག་གྱུར་གྱིས་སྤྲད།

གསར་འགོད་པས་ལྗོངས་ཁུལ་དུ་ཡུལ་སྐོར་པ་འགས་དྲ་ཐོག་ཏུ་གྲགས་ཆེ་བའི་ཟམ་པ་སོགས་རྩེད་འཇོ་སྒྲིག་བཀོད་ཡོད་སར་རྩེད་འཇོར་རོལ་བ་མཐོང་བྱུང་། ལྗོངས་ཁུལ་གྱི་བཤམས་ཚོང་ཁང་མང་ཆེ་བར་ད་རུང་ཚོང་གཉེར་བྱེད་ཀྱིན་མེད་ནའང་། བཤམས་ཚོང་སྦྱིན་བདག་གི་གླེང་མོལ་ཁྲོད་ནས་ན་ནིང་ཚོང་གཉེར་བྱེད་སྐབས་ཀྱི་གནས་ཚུལ་ཧ་ཅང་བཟང་བ་ཤེས་ཐུབ།

ལྗོངས་ཁུལ་དུ་ཞོར་ཟས་སྲང་ལམ་ཞིག་ཡོད་ལ་དེ་རུ་བཤམས་ཚོང་ཆེ་ཆུང་མི་འདྲ་བའི་དུད་ཁྱིམ92ཡོད། ན་ནིང་དེའི་ནང་ནས་ཚོང་བྲིན་པ་ཚོས་དབྱར་ཁ་ཁོ་ནར་ཡོང་སྒོ་རྐྱང་རྐྱང་སྒོར་ཁྲི་གསུམ་བཞི་ཙམ་བླངས་པ་དང་། ཚོང་དེ་འདྲ་མི་བཟང་པ་ཚོས་ཀྱང་ཡོང་སྒོ་སྒོར་ཁྲི་གཅིག་ལྷག་བླངས་ཡོད།

“ངས་རང་ཡུལ་གྱི་ཁྱད་ལྡན་ཞོར་ཟས་བཤམས་ཚོང་བྱས་པ་ཡིན་ལ། ན་ནིང་གི་ཡོང་སྒོ་རྐྱང་བ་སྒོར་ཁྲི3ལྷག་ལ་སླེབས”ཞེས་བཤམས་ཚོང་སྦྱིན་བདག་ཚའེ་ཧྲིན་ཅུན་གྱིས་གསར་འགོད་པར་དེ་ལྟར་བཤད།

“བདག་གིས་ལྗོངས་ཁུལ་སྒོ་ཆེན་གྱི་ཉེ་འགྲམ་དུ་ཡུལ་སྐོར་པ་ཚོར་ཧོར་རིགས་ཀྱི་གྱོན་ཆས་གླས་ནས་པར་ལེན་པའི་ཚོང་གཉེར་བ་ཡིན་ལ། ཚོང་དེ་ཁོ་ནའི་ཡོང་སྒོ་སྒོར་ཁྲི2ལ་སླེབས། དེའི་ཁར་ཆུང་མ་ལྗོངས་ཁུལ་གྱི་གཙང་སྦྲ་པ་ཡིན་པས། ན་ནིང་ངེད་ཚང་གི་ཡོང་སྒོ་ཧ་ལམ་སྒོར་ཁྲི3ལ་སླེབས”ཞེས་དབུལ་ཕོངས་ཁྱིམ་ཚང་མ་ཧྲི་ལུའུ་ཡིས་དེ་ལྟར་བཤད།

མིག་སྔར། གྲོ་ཀྲ་ཐང་གདོད་མའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་དུ་ཞིང་སྡེའི་གར་སྟེགས་ཆེན་མོ་དང་ཁང་རྙིང་། བྱིས་པའི་རྩེད་འཇོ་ར་བ། ནགས་ཚལ་གྲོང་རྡལ་ཆུང་བ། ཆུ་ཐོག་རྩེད་འཇོ་ར་བ་སོགས་ཡུལ་སྐོར་གྱི་རྣམ་གྲངས་མང་པོ་བཙུགས་ཡོད། ལྗོངས་ཁུལ་འཛུགས་སྐྲུན་བྱེད་པའི་ཁྲོད་དུ། སྡེ་མི་རྣམས་ལྗོངས་ཁུལ་གྱི་ལས་གཞི་ཚོང་གཉེར་ཁྲོད་དུ་ཞུགས་པ་དང་ཞིང་པའི་སྤྲོ་སྐྱིད་ཁང་ཕྱེས་ཆོག་ལ། སྤྱི་ཕན་རང་བཞིན་གྱི་ལས་རྐང་དུའང་ཞུགས་ཆོག ལྗོངས་ཁུལ་གྱི་ནགས་སྲུང་དང་སྤ་སེ་བཙོང་མཁན་སོགས་ཀྱི་ལས་རྐང་མང་པོ་ཞིག་རང་སྡེ་བའི་སྡེ་མི་རྣམས་ཀྱིས་འགན་འཁུར་ཡོད་པས། དེ་དག་གིས་ཚད་ངེས་ཅན་གྱི་སྟེང་ནས་རང་ཡུལ་གྱི་ལས་ཞུགས་ལ་སྐུལ་ཁྲིད་གང་ལེགས་བྱས་ཡོད། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཡུལ་དེ་ན་ལས་ཀ་གཉེར་བའི་སྡེ་མི280ཡོད་པ་དང་། སྡེ་མི་རྣམས་ཀྱི་ཆ་སྙོམས་ཀྱི་ཡུལ་སྐོར་ལས་རིགས་ཁྲོད་ནས་ཐོབ་པའི་ལོ་རེའི་ཡོང་སྒོ་སྒོར2443ལ་སླེབས། དམངས་གཉེར་མགྲོན་ཁང50ཡོད་ལ། ཁང་མིག250དང་མལ་ཁྲི500ཡོད།

སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱ་ཆེར་གཏོང་ཆེད། གདོད་མའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་འཕེལ་རྒྱས་བཏང་བ་ལས་གཞན། ཡན་ཀྲང་ཏུང་གིས་ཞིང་སྡེའི་གློག་རྡུལ་ཚོང་དོན་དང་ནས་ཆང་ཁང་སོགས་ཀྱི་འཕེལ་རྒྱས་ཀྱང་འཆར་གཞི་ཁྲོད་དུ་བཞག་ཡོད་པ་སྟེ། “ང་ཚོའི་སྤྱིའི་གནས་མཚམས་ནི་ཕུལ་བྱུང་གི་འགྲིམ་འགྲུལ་གནས་ཡུལ་དང་གྲོང་ཁྱེར་དང་ཉེ་བའི་ལེགས་ཆར་བརྟེན་ནས། གྲོ་ཀྲ་ཐང་དུ་ཡོད་པའི་ཞིང་ཁའི་ཞིང་སྡེའི་སྐྱེ་ཁམས་དང་བརྗོད་དོན་རྩེད་འཇོའི་སྒྲིག་བཀོད་རྨང་གཞི་དང་། རང་ཡུལ་དུ་ཡོད་པའི་དམངས་སྲོལ་རིག་གནས་སྙིང་བོར་བྱས་ཏེ། སྡེ་བའི་མཐའ་འཁོར་གྱི་ནགས་ཚལ་དང་གྲམ་པའི་ཐོན་ཁུངས་གཏིང་ཟབ་ཏུ་སྔོག་འདོན་བྱེད་པ། མཐའ་འཁོར་གྲོང་ཁྱེར་གྱི་བཟའ་མི་གང་བོའི་ཡུལ་སྐོར་པར་མིག་དབང་གཏོད་པ། ཐོན་ལས་སྦྲེལ་ཐག་རིང་དུ་བསྲིང་བ། སྡེ་བའི་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་། ཞིང་ཁའི་སྐྱེ་ཁམས་མཛེས་ལྗོངས་དང་བརྗོད་དོན་སྤྲོ་གསེང་རྩེད་འཇོ། ཞིང་སྡེའི་དམངས་སྲོལ་ཉམས་ལེན།ཕྱི་རོལ་འགུལ་སྐྱོད། ཁམས་གསོ་སྡེ་བ་སོགས་ཀྱི་བྱེད་ནུས་གཅིག་ཏུ་འདུས་པའི་མཐོ་སྒང་གི་གྲོང་ཚོའི་བདེ་སྐྱིད་ཐོན་ལས་ཤིག་བསྐྲུན་རྩིས་ཡོད”ཟེར། །

                                                                                       རྩོམ་སྒྲིག་པ།  གཡང་འབུམ་རྒྱལ།