མཚོ་ནུབ་ཀྱི་ཁེ་ལས་སྐོར་ཞིག་གིས་ལས་ཐོན་བསྐྱར་ཚུགས་བྱས་ཏེ་ཕན་འབྲས་ལེན་བཞིན་ཡོད།
2020.05.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

—གཙོ་གནད་ཁེ་ལས་སུ་བསྐྱོད་ནས་ལས་འགོ་བསྐྱར་ཚུགས་ལ་ལྟ་བ།

རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་མཚོ་ནུབ་ཧྭ་ཧོས་ཀྱིས་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་ཀྱིན་པ།

རིམས་ནད་ཀྱི་དབང་གིས་ལས་ཀ་ཡོད་ཚད་མཚམས་འཇོག་ཏུ་བཅུག་པའི་དཀའ་ཁག་གི་དུས་རིམ་བརྒྱུད་རྗེས། མྱ་ངམ་ཐང་གི་དུང་སྒྲའི་ཁྲོད་གོ་རིམ་ལྡན་པའི་ངང་ལས་ཐོན་བསྐྱར་འཛུགས་ཀྱི་བྱ་བ་སྤེལ་བཞིན་ཡོད། རྔུལ་ཆུའི་ཁྲོད་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པའི་དཔྱིད་ཀའི་དཔལ་ཡོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞིའི་སྟེང་དུ་སླེབས་ཡོད་ལ། མྱ་ངམ་ཐང་གི་གཙོ་གནད་ཁེ་ལས་ཁག་གིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་ཁྲོད་ཐོན་འབབ་མང་དུ་བཏང་ནས་འབད་འབུངས་ཡར་བརྩོན་གྱིས་རེ་བའི་དཔྱིད་དཔལ་བསུ་བཞིན་ཡོད།

ཟླ་བཞི་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོ་གཏེར་ལེན་ཁ་གྲོང་ཁྱེར་དང་འབྲེལ་ཡོད་པའི་གཏེར་ལེན་ཁ་བཟོ་ལས་གླིང་དུ་སྐྱོད་སྐབས། གང་སར་ལས་འགོ་བསྐྱར་ཚུགས་བྱས་ཏེ་ལས་ཀ་གཉེར་བའི་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོད། བཟོ་ལས་གླིང་དུ་གནས་པའི་ཧྭ་ཧོས་རྫས་འགྱུར་བཟོ་ལས་འཕྲུལ་ཆས་ཚད་ཡོད་ཀུང་སིས་རྒྱུན་ལྡན་གྱི་ཐོན་སྐྱེད་སྒྲིག་གཞི་སླར་གསོ་བྱས་ཡོད། ཐོན་སྐྱེད་གནས་སུ་འཕྲུལ་འཁོར་གྱི་སྒྲ་ལྷང་ལྷང་དུ་གྲགས་ཤིང་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཡོད།

རླུང་འཁོར་ཐོན་སྐྱེད་འཁོར་ཁང་དུ་ལས་བཟོ་བ་ཚོས་ལྗིད་འདེགས་ཡང་བའི་སྒོ་ནས་བཀོལ་སྤྱོད་སྟེགས་བུར་གློག་སྒོ་རེ་རེ་མནན་པ་དང་། སྒྲིག་ཆས་ཆེན་པོས་ལྡིར་སྒྲ་གྲགས་པ་དང་བསྟུན་ནས། ལྕི་ཞིང་མཐུག་གི་ལྕགས་ལེབ་དབྱིབས་ཀྱི་རྒྱུ་ཆ་འཕྲུལ་འཁོར་འཁོར་སྐྱོད་ཀྱི་དཔེ་དབྱིབས་གནོན་ཤུགས་ཁྲོད་གློ་བུར་དུ་དྭངས་གཙང་ནུས་རྒྱུའི་སྒྲིག་ཆས་ཀྱི་རླུང་འཁོར་བཟོ་བའི་ཕྱེད་བཟོས་ཐོན་རྫས་ཀྱི་ལྷུ་ལག་ཏུ་གྱུར་ནས། ཚ་ལ་རྒྱག་པ་དང་བརྡར་བ་སོགས་ཀྱི་ལས་རིམ་བརྒྱུད་དེ། སླར་ཡང་ལྗིད་འདེགས་འཕྲུལ་འཁོར་ཆེ་གྲས་ཀྱིས་མར་དཔྱངས་པའི་ལས་རིམ་ཞིག་ཏུ་གྱུར།

“མིག་སྔར། ཀུང་སིའི་ཐོན་སྐྱེད་ནི་ཉིན་ལྟར་ལས་བཟོ་བས་རེས་སྐོར་བྱས་ཏེ་ཐོན་སྐྱེད་བྱེད་ཀྱིན་པ་དང་། ཕྱོགས་ཡོངས་ནས་ཐོན་འབབ་འཕར་བ་དང་ཕན་འབྲས་ཆེ་རུ་གཏོང་བའི་ཁྲོད། ཁེ་ལས་ཀྱི་ཐོན་རྫས་རིན་ཐང་ཐོག་མཐའ་བར་གསུམ་དུ་འཕར་བཞིན་ཡོད། ན་ནིང་གི་དུས་སྐབས་དང་བསྡུར་ན་ཇེ་ཉུང་དུ་སོང་མེད་པ་མ་ཟད། ད་དུང་ཚད་མཐོན་པོས་ཇེ་མཐོར་སོང་ཡོད། ད་ལོ་ཀུང་སིའི་ཐོན་རྫས་ཀྱི་མངགས་ཉོ་བྱེད་མཁན་ན་ནིང་གི་དུས་སྐབས་ལས་ལྡབ་གཅིག་ཙམ་འཕར་ཡོད”ཅེས་ཀུང་སིའི་སྤྱི་གཉེར་བའི་ལས་རོགས་ཝང་ཧྲི་ཆང་གིས་ཡིད་ངང་བཤད།

མཚོ་ནུབ་ཧྭ་ཧོས་ཀུང་སིས་མཚོ་ནུབ་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་གིས་ཁེ་ལས་ཀྱི་ཐོན་སྐྱེད་རྒྱུ་ཆ་གཙོ་བོར་དམིགས་ནས་འགན་ལེན་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། ཟླ་བ་གསུམ་པའི་ཐོན་རྫས་རིན་ཐང་སྒོར་བྱེ་བ་གསུམ་ལྷག་ཙམ་བར་འཕར་བ་དང་། ཟླ་བཞི་པ་ནས་ད་བར་དུ་ལག་རྩལ་མི་སྣ་རྒྱུན་ཆད་མེད་པར་ཁ་གསབ་བྱས་རྗེས། རིམས་ནད་སྐབས་འགོར་བཏང་བའི་དུས་ཚོད་དང་གྱོང་གུན་ཁ་གསབ་བྱ་ཆེད། མིག་སྔར། ནུས་ཤུགས་ཡོད་རྒུས་ཐོན་སྐྱེད་མྱུར་ཚད་ཇེ་མཐོར་བཏང་བའི་འཕེལ་རིམ་ལྟར་ན། ཟླ་འདིར་སྒོར་བྱེ་བ་ལྔ་ལྷག་ཙམ་གྱི་ཐོན་རྫས་རིན་ཐང་མངོན་འགྱུར་བྱ་ཐུབ་རྒྱུ་རེད། ཁེ་ལས་ཀྱིས་གདམ་ག་བྱས་པའི་ཆེས་ནུས་ལྡན་གྱི་ཐབས་ལམ་ནི་རང་ངོས་ཀྱི་སྦས་ཤུགས་སྔོག་འདོན་བྱས་ནས་ཐོན་འབབ་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། ཐབས་བརྒྱ་ཇུས་སྟོང་སྒོས་ཐོན་ནུས་སྐུལ་སློང་བྱས་ཏེ་ཐོན་འབབ་དང་ཕན་འབྲས་ཆེ་རུ་གཏོང་ཆེད་འདེགས་སྐྱོར་གྱི་བྱེད་ནུས་མཁོ་འདོན་བྱེད་བཞིན་ཡོད།

འཁོར་ཁང་ནང་འཕྲུལ་འཁོར་གྱི་སྒྲ་དང་ཚ་ལའི་མེ་ཏོག་གང་སར་ཐོར་བ་དང་། འཁོར་ཁང་ཕྱིའི་ཡངས་ཤིང་རྒྱ་ཆེ་བའི་ལས་ཡུལ་དུ་སྒྲིག་སྦྱོར་བྱས་རྗེས་ཀྱི་རླུང་འཁོར་རླངས་འཁོར་ཆེ་གྲས་ཀྱི་སྟེང་བཀལ་ཏེ་ཕྱིར་སྐྱེལ་འདྲེན་བྱེད་བཞིན་ཡོད། ཝང་ཧྲི་ཆང་གིས་ཕྱིར་སྐྱེལ་འདྲེན་བྱེད་བཞིན་པའི་ཐོན་རྫས་ཆེན་པོ་དེ་བསྟན་ནས་བཤད་རྒྱུར། “དེ་དག་ཚང་མ་རྒྱལ་གཉེར་ཁེ་ལས་ཀྱི་རྨ་ཆུ་ཆུ་གློག་ཀུང་སིར་ཐོན་སྐྱེད་བྱས་པའི་རླུང་འཁོར་རེད། ཐོན་རྫས་ཀྱི་མངགས་ཐོ་དེ་ཁོ་ནར་ཁེ་ལས་ཀྱིས་དུས་ཚོད་དམ་འཛིན་གྱིས་ཐོན་སྐྱེད་བྱེད་དགོས། དེ་དང་ཆབས་ཅིག སྟོབས་ཤུགས་ཆེན་པོས་མཚོ་སྔོན་ནུས་ཁུངས་གསར་པའི་ཀུང་སིའི་མངགས་ཐོའི་ཐོན་རྫས་ཐོན་སྐྱེད་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས་ཟེར།

“ཀུང་སིས་མི་འགྱངས་བར་ཕྱོགས་ཡོངས་ནས་ཐོན་འབབ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་མངོན་འགྱུར་བྱ་ཐུབ་ལ། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་རྒྱབ་སྐྱོར་ཤུགས་ཆེན་བྱས་པས། ཁེ་ལས་ཀྱིས་འགྲན་སློང་དང་ཉམས་སད་སྣ་ཚོགས་ཐེག་ཐུབ་པ་དང་དཀའ་གནད་ལས་སྒྲོལ་ཐུབ་པ་བྱུང་ཡོད།” ཝང་ཧྲི་ཆང་གིས་བཤད་རྒྱུར། ལས་ཐོན་བསྐྱར་ཚུགས་ཀྱི་དུས་འགོར། ལས་བཟོ་བ་ཁག་གཅིག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོའི་དབང་གིས་སྐོར་དང་སྐོར་བྱས་ཏེ་ལོགས་སུ་བཀར་ཡོད། ཕྱོགས་གཅིག་ནས་ཐོན་རྫས་མངགས་ཐོ་མང་བ་དང་ཕྱོགས་གཞན་ཞིག་ནས་ལག་རྩལ་མི་སྣ་ཧ་ཅང་དཀོན་པའི་གནས་སུ་ལྷུང་། ཁེ་ལས་ལ་མི་ཤུགས་དགོས་པའི་གནད་འགག་གི་དུས་སྐབས་སུ། མཚོ་ནུབ་ཁུལ་བཟོ་ཚོགས་རྩ་འཛུགས་དང་མི་ཤུགས་ཐོན་ཁུངས་སྡེ་ཁག་གིས་དུས་ཐོག་ཏུ་རོགས་སྐྱོར་བྱས་ནས་ཁེ་ལས་ཀྱི་དཀའ་ངལ་སེལ་བ་དང་། ཞིང་ཆེན་སྤུས་ཚད་ལྟ་སྐུལ་སྡེ་ཁག་གི་ལག་རྩལ་མི་སྣ་དང་མཉམ་དུ་མི་ཤུགས་ཐོན་ཁུངས་ཀྱི་ལག་རྩལ་གསོ་སྦྱོང་སྤེལ་བས། དུས་ཚོད་ཐུང་ངུའི་ནང་ཁེ་ལས་ལ་ཚད་ལྡན་གྱི་ལག་རྩལ་ལས་བཟོ་བ་ཁག་ཅིག་ནང་འདྲེན་བྱས་པས། ཁེ་ལས་ཀྱི་ཐོན་འབབ་དང་ཕན་འབྲས་མགྱོགས་མྱུར་སྒོས་ཆེ་རུ་གཏོང་བར་ཡིད་རྟོན་ཆོག་པའི་མི་ཤུགས་ཐོན་ཁུངས་ཀྱི་འགན་སྲུང་འདོན་སྤྲོད་བྱས། སྲིད་གཞུང་གི་རོགས་སྐྱོར་ཆེན་པོ་བརྟེན་ནས། ཁེ་ལས་ཀྱི་ཐོན་འབབ་འཕར་སྣོན་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།  དེ་དང་ཆབས་ཅིག ཁེ་ལས་རང་ངོས་ཀྱིས་ཀྱང་རྒྱུན་ཆད་མེད་པར་ཐོན་རྫས་ལ་ཚན་རྩལ་མཐོ་བའི་འདུས་ཚད་མང་དུ་གཏོང་བ་དང་། ཐོན་རྫས་ཀྱི་ཚན་རྩལ་ཟུར་སྣོན་རིན་ཐང་མང་དུ་གཏོང་བ་སོགས་ཀྱི་ཐད་ཤུགས་སྣོན་བྱས་ཏེ། ཧུར་ཐག་གིས་ཐོན་རྫས་གསར་པའི་ཚན་རྩལ་ཞིབ་འཇུག་གསར་སྤེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བས། ཁེ་ལས་ལ་འཕེལ་རྒྱས་ཀྱི་གཏིང་ཤུགས་བསྣན་པ་མ་ཟད། ཐོན་སྐྱེད་བྱས་རྗེས་ཁེ་ལས་ལ་རྒྱུན་མཐུད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་བགྲོད་ལམ་གསར་བ་བཏོད་ཡོད།

ཐོན་སྐྱེད་རྒྱུན་མཐུད་ལས་རིམ་གྱི་མདུན་དུ་ལངས་ནས། རིམས་ནད་ཀྱིས་ཁེ་ལས་ཀྱི་མ་འོངས་བའི་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་ཚུལ་འདྲི་སྐབས། ཝང་ཧྲི་ཆང་གིས་སྤྲོ་སྣང་དང་ཡིད་ཆེས་ཀྱི་སྒོ་ནས་བཤད་རྒྱུར། རིམས་ནད་ལ་ཁ་གཏད་འཇལ་སྐབས། ཁེ་ལས་འཕེལ་རྒྱས་ཀྱི་བརྩོན་སེམས་དང་མཉེན་ཆ་ལ་ཞིབ་བཤེར་བྱས་ཡོད་ལ། ཁེ་ལས་ཀྱིས་དཀའ་ངལ་ལས་རྣམ་པར་རྒྱལ་བ་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་ཡིད་ཆེས་དང་སྟོབས་ཤུགས་ཀྱང་ཇེ་བརྟན་དུ་སོང་ཡོད་ཟེར། མིག་སྔར། མཚོ་ནུབ་ཧྭ་ཧོས་ཀུང་སིས་ཐོན་འབབ་དང་ཕན་འབྲས་ཆེ་རུ་གཏོང་བའི་སྐས་རིམ་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བཞིན་ཡོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་ཆབས་ཅིག གཏན་འཁེལ་བྱས་ཟིན་པའི་ལོ་འཁོར་གྱི་སྤྱིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་སྐྱོད་བཞིན་ཡོད།

དཀའ་ཚེགས་ཆེན་པོའི་ཁྲོད་ཕྱོགས་ཡོངས་ནས་ཐོན་འབབ་འཕར་བ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དེ་མཚོ་ནུབ་ཧྭ་ཧོས་ཀུང་སི་དང་དེའི་ཉེ་འགྲམ་གྱི་སྤུན་ཟླའི་ཁེ་ལས་ཀྱིས་ད་ལོའི་དཔྱིད་ཀའི་ཐོན་འབབ་ཡག་ཤོས་དེ་རེད།

ལོ་ཙཱ་བ། ཤ་བོ་རིན་མཚོ།