རང་ཞིང་གིས་ཞིང་སྡེའི་གཞི་རིམ་ཏང་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་ལ་སྐུལ་འདེད་ཏན་ཏིག་བྱས།
2020.05.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 12

ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ནི་ཞིང་སྡེ་དར་སྤེལ་གྱི་འགོ་ཁྲིད་མཁན་དང་རྩ་བའི་ཁག་ཐེག་ཡིན་པས། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་ཞིང་སྡེ་དར་སྤེལ་གྱི་ནང་དོན་གལ་ཆེན་དང་འགན་འཁྲི་གཙོ་བོ་ཡིན་ལ། ཞིང་སྡེ་དར་སྤེལ་ལ་སྐུལ་འདེད་བྱེད་པའི་བརྟན་ཚུགས་ཀྱི་བྱ་སྤྱོད་ཅིག་ཀྱང་ཡིན། དབུལ་ཐར་མཁྲེགས་གཏོར་གྱི་མཇུག་བསྡུ་བའི་ལོ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་འདིར། ཞིང་སྡེའི་གཞི་རིམ་ཏང་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་སྣ་ཚོགས་ལེགས་འཛིན་བྱེད་པ་དེ་ལྷག་ཏུ་འགངས་ཆེན་ཞིག་ཡིན།

འདས་མ་ཐག་པའི་ལོ་ངོ་གཅིག་གི་ནང་དུ། རང་ཞིང་གིས་ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་ནུས་པར་ཕྱོགས་ཡོངས་ནས་ཤུགས་སྣོན་པའི་དམིགས་འབེན་ལ་དམིགས་ཏེ། མཚོ་སྔོན་གྱི་ཞིང་སྡེའི་གཞི་རིམ་ཏང་འཛུགས་སྐྲུན་གྱི་གཉོམ་ལ་ཞན་པའི་གནད་འགག་དམ་འཛིན་བྱས་པ་དང་། སྔར་ལས་ལྷག་པར་གཙོ་གནད་ལ་དམིགས་པ་དང་བྱེད་ཐབས་ཞིབ་ཕྲ་ཅན་དུ་གཏོང་བ། སྤྱོད་ཚུལ་ལེགས་བསྒྱུར་བྱེད་པ་དང་དངོས་འབེབས་དམ་འཛིན་བྱེད་པ། ཤུགས་དྲག་པའི་སྤུས་ཚད་འདུ་ཤེས་ལ་བརྟེན་ནས་རང་ཞིང་གི་ཞིང་སྡེའི་གཞི་རིམ་ཏང་འཛུགས་སྐྲུན་གྱི་གཙོ་གནད་ལས་འགན་བརྟན་བརླིང་ཁྲོད་ཡར་རྒྱས་བརྩོན་པ་དང་། ཡར་རྒྱས་ཁྲོད་མཐོར་འདེགས་ཡོང་བར་སྐུལ་འདེད་བཏང་བ་རེད།

ནུས་མེད་ཉམས་ཞན་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་ལ་དག་ཐེར་བྱེད་པར་དམ་པོར་དམིགས་ཏེ་གཏིང་ཟབ་ཏུ་སྐུལ་འདེད་བྱས།

རྨང་གཞིའི་རྩ་བ་མ་བརྟན་ཚེ། ས་ཆེན་དང་རི་བོ་ཡང་འགུལ་སྲིད། གཞི་རིམ་ཏང་རྩ་འཛུགས་ནི་ཏང་གིས་དམངས་ལ་འབྲེལ་བ་བྱེད་པའི་ཟམ་པ་དང་སྒྲོག་ཐག་ལྟ་བུ་ཡིན་ལ། ཏང་གིས་བྱ་བ་སྤེལ་བའི་མགོ་རྩོམ་ས་དང་མཇུག་སྒྲིལ་སའང་ཡིན། ནུས་མེད་ཉམས་ཞན་ལྷོད་གཡེང་གི་གཞི་རིམ་ཏང་རྩ་འཛུགས་ལ་དག་ཐེར་བྱེད་པ་དེ། ཏང་ཡོན་ལས་བྱེད་པའི་ཞབས་ཞུའི་འདུ་ཤེས་དང་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ཏང་དམངས་དང་ལས་བྱེད་མང་ཚོགས་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བར་ཕན་ཐོགས་ཡོད་ལ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ཐུབ་པར་ཡང་ཕན།

2019ལོར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་དབུལ་ཐར་མཁྲེགས་གཏོར་ཆེད་དམིགས་སྐོར་ཞིབ་དང་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་སྐུལ་ཁྲིད། དེ་མིན“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་འཆང”བའི་བརྗོད་དོན་སློབ་གསོ་བཅས་ལ་ཟུང་འབྲེལ་བྱས་ཏེ། སྔ་གཞུག་ཐེངས་གསུམ་ལ་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་ཏང་རྩ་འཛུགས་ལ་ཉ་རྒྱ་འཕེན་པ་ལྟ་བུའི་རིམ་བསྟར་ཞིབ་བཤེར་བྱས། ཟླ་ད་གུ་བའི་ཟླ་མཇུག་གི་བར་དུ། བསྡོམས་པས་ནུས་མེད་ཉམས་ཞན་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་བརྒྱ་དང་རེ་གསུམ་ལ་རིམ་བསྟར་ཞིབ་བཤེར་བྱས་པ་དང་། རྩད་བཤེར་བྱུང་བའི་ནུས་མེད་ཉམས་ཞན་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་ཀྱིས“སྡེ་བ་རེ་ལ་སྲིད་ཇུས་རེ”ཡི་རྩ་དོན་ལྟར་གནད་དོན་ཞིབ་ཐོ་དང་དག་ཐེར་ཞིབ་ཐོ། འགན་འཁྲི་ཞིབ་ཐོ་བཅས་སྒྲིག་བཟོ་གཏན་འབེབས་བྱས་ནས་ཧུར་ཐག་གིས་དག་ཐེར་ལེགས་བཅོས་བྱས་པར་མ་ཟད། འགོ་ཁྲིད་ཚན་ཁག་འཐུས་ཚང་མིན་པ་དང་ནང་གཏོང་ཟད་གྲོན་ཚབས་ཆེ་བ། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིས་ལས་འགན་ལ་ཁག་མི་འཁུར་བ་དང་ལས་སྒོ་མ་འཕེར་བ་དག་དུས་ཐོག་ཏུ་བརྗེ་འཐེན་བྱས་ལ། བསྡོམས་པས་ལས་འགན་མི་འཕེར་བ་དང་ཚད་ལྡན་མིན་པའི་སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་གྱ་བརྒྱད་ལེགས་སྒྲིག་བྱས།

དག་ཐེར་མཐོར་འདེགས་བྱེད་པའི་ཁྲོད་ཁྱོན་ཡོངས་ནས“གཅིག་ཅན་བཞི”ཡི་བླང་བྱ་དངོས་འབེབས་བྱས་ཏེ། གྲོང་ཁྱེར་དང་ཁུལ། རྫོང་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་འགལ་བ་ཛ་དྲག་དང་གནས་ཚུལ་རྙོག་འཛིང་ཆེ་བ། གནད་དོན་ཅུང་མང་བའི་ནུས་མེད་ཉམས་ཞན་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་ལ“གཅིག་གཏད་གཅིག”གི་འབྲེལ་གནས་བཙུགས་ཏེ་མཛུབ་སྟོན་བྱས་པ་དང་། དཀའ་ཁག་ཅུང་ཟད་ཆེ་བའི་གཙོ་གནད་སྡེ་བ་དང་དཀའ་གནད་སྡེ་བར་ལས་བྱེད་རུ་ཁག་བཙུགས་ཏེ་སྡེ་བར་བསྡད་ནས་གཅིག་བསྡུས་ཀྱིས་དག་ཐེར་ལེགས་བཅོས་བྱས་པ་བརྒྱུད། དག་ཐེར་བྱ་བའི་རྩ་འཛུགས་ལ་གོ་རིམ་ལྡན་པ་དང་འགོ་ཁྲིད་ལས་རྐང་དུ་ཡོད་པ། འགན་འཁུར་བའི་མི་ཡོད་པ་དང་གྲུབ་འབྲས་མངོན་གསལ་ཆེ་བ་ཞིག་ཡོང་བ་བཅས་ལ་འགན་ལེན་ཏན་ཏིག་བྱས། མིག་སྔའི་བར་དུ། ནུས་མེད་ཉམས་ཞན་ལྷོད་གཡེང་གི་སྡེ་བའི་ཏང་རྩ་འཛུགས་ལྔ་བཅུ་ལ་དག་ཐེར་བྱས་ནས་ཡར་སྐྱེད་མཐོར་འདེགས་བྱུང་བ་དང་། དག་ཐེར་བྱས་ཚད་བརྒྱ་ཆའི་སུམ་ཅུ་དང་གྲངས་ཆུང་དྲུག་བདུན་ཟིན་ཡོད།

འགན་སྲུང་ལ་ཤུགས་སྣོན་དང་ཏང་འཛུགས་སྐྲུན་ལེགས་འཛིན་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་ལ་མུ་མཐུད་དུ་ཤུགས་སྣོན་པ་རྒྱུན་འཁྱོངས་བྱས།

ཞིང་སྡེའི་གཞི་རིམ་ཏང་འཛུགས་སྐྲུན་ལ་ཤུགས་བསྣན་ཞིང་སྒྲིག་སྲོལ་དང་ལམ་ལུགས་བཙུགས་ཏེ་ཕྱོགས་ཡོངས་ཀྱི་སྣ་སོ་སོར་བཀོལ་བ་དང་། ཡུན་ཕན་ནང་རྐྱེན་བཙུགས་ནས་འཐུས་ཚང་དུ་བཏང་ཚེ། ད་གཟོད་མ་ལག་འཐུས་ཚང་ཞིག་དང་ཕན་ནུས་ལྡན་པའི་ཆབ་སྲིད་ཚད་ལྡན་མ་ལག་ཅིག་ཆགས་ཐུབ་པར་མ་ཟད། ཏང་གི་འཛུགས་སྐྲུན་བྱ་བར་བསྲུང་བྱའི་སྒྲིག་ལམ་དང་གཞི་འཛིན་ས་ཞིག་ཡོད་པར་འགྱུར་བ་ཡིན།

2019ལོར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས《ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་བྱེད་རུ་ཁག་གི་རོགས་སྐྱོར་སྟོབས་ཤུགས་ལ་སྔར་བས་ཤུགས་སྣོན་པའི་སྐོར་གྱི་བྱེད་ཐབས་བཅུ》དཔར་འགྲེམས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་འཛུགས་སྐྲུན་ལེགས་འཛིན་དང་དབུལ་ཐར་མཁྲེགས་གཏོར་བྱ་བར་འགན་སྲུང་དང་དགེ་མཚན་ལེགས་པོ་གཅིག་བསྡུས་བྱེད་པ་དང་། དུས་ལྟར་དབུལ་ཐར་འགན་འཁྲི་ཡོངས་འགྲུབ་བྱེད་པར་རྩ་འཛུགས་བརྟན་པོ་ཞིག་མཁོ་འདོན་བྱས། “རྒྱབ་སྐྱོར་གསུམ་དང་རོགས་སྐྱོར་གཅིག”གི་མི་སྣ་བརྒྱ་འཚོལ་བསྡུ་བྱས་ཏེ། དབུལ་ཕོངས་ཀྱི་ཚད་རིམ་མཐོ་བ་དང་རོགས་སྐྱོར་གྱི་སྟོབས་ཤུགས་ཞན་པའི་དབུལ་ཕོངས་སྡེ་བ་བརྒྱ་རུ་སོང་སྟེ་སྡེ་སྡོད་ལས་བྱེད་པའི་འགན་འཁུར་བ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་པའི་ས་ཁུལ་ནས་རོགས་སྐྱོར་བྱེད་སྒོ་རྐང་འཛིན་པ་ལྔ་བཅུ་སྐོང་འཐེན་བྱས་ཏེ་དབུལ་ནག་ས་ཁུལ་གྱི་རོགས་སྐྱོར་བྱ་བར་མཛུབ་སྟོན་བྱེད་དུ་བཅུག

འབྲེལ་ཡོད་ཀྱི་བྱེད་ཐབས་བཏོན་ནས་རྫོང་རིམ་པའི་ནོར་སྲིད་ཀྱིས་ལོ་རེར་སྡེ་སྡོད་ལས་བྱེད་རུ་ཁག་རེ་ལ་རྒྱབ་སྐྱོར་བྱེད་པའི་ལས་བྱེད་གྲོན་དངུལ་སྒོར་ཁྲི་གཉིས་ཀྱི་མན་ཡིན་མི་ཆོག་པ་དང་། དབུལ་སྐྱོར་བྱ་བ་དང་འགྲིམ་འགྲུལ་ཁ་གསབ། འཚོ་བའི་ཁ་གསབ་བཅས“རིགས་གསུམ་གཏོང་སྤྲོད”གཏན་འཁེལ་བྱས། ཐོག་མར་སྡེ་སྡོད་ལས་བྱེད་པའི་སྤྱི་པའི་འགྲིམ་འགྲུལ་གྲོན་དངུལ་དང་སྣུམ་སྣོན་གྲོན་དངུལ། འགྲོ་ལམ་གྲོན་དངུལ་བཅས་འགྲོ་སོང་རྩིས་ཞུ་བྱེད་ཆོག་པའི་ཁྱབ་ཁོབས་སུ་བླངས་ཤིང་། འགྲོ་སོང་རྩིས་ཞུ་གོ་རིམ་ལ་ཆོག་མཆན་འགོད་པ་ཚད་ལྡན་དུ་བཏང་སྟེ། སྡེ་སྡོད་ལས་བྱེད་པས“སྒེར་འཁོར་སྤྱི་སྤྱོད”བྱས་ཀྱང་འགྲོ་སོང་རྩིས་ཞུ་བྱེད་ཐབས་མེད་པའི་གནད་དོན་ཐག་གཅོད་བྱས།

《སྡེ་སྡོད་ལས་བྱེད་པར་བློ་ཡུལ་འདས་པའི་གནོད་སྐྱོན་ཉེན་འགོག་སྒྲུབ་པའི་བྱ་བ་ཚད་ལྡན་དུ་གཏོང་བའི་སྐོར་གྱི་བརྡ་ཐོ》དཔར་འགྲེམས་བྱས་ཏེ། སྔར་མི་རེར་ཉེན་འགོག་ནང་ཞུགས་པའི་ཚད་གཞི་སྒོར་དགུ་བརྒྱ་ཡིན་པ་ནས་སྒོར་སྟོང་གཅིག་དང་བཞི་བརྒྱ་རུ་འཕར་སྣོན་བྱས། སྡེ་སྡོད་ལས་བྱེད་པར་ན་ཚ་བྱུང་བ་དང་ཡང་ན་ཚེ་འདས་དོན་རྐྱེན་བྱུང་བའི་འགན་སྲུང་ཚད་གཞི་སྒོར་འབུམ་དྲུག་ལས་མི་དམའ་བ་དང་། སྨན་ཁང་དུ་ཞག་སྡོད་བྱས་པའི་གྲོན་དངུལ་སྒོར་འབུམ་གཅིག་ལས་མི་དམའ་བ་ཁག་ཐེག་བྱས་ཏེ། སྡེ་སྡོད་ལས་བྱེད་པར་དངོས་གནས་ཆུ་མ་ཡོང་གོང་གི་རགས་བརྒྱབ་པ་རེད།

ནུས་པ་དང་གོ་རིམ་ཡོད་པའི་སྒོ་ནས་ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།

ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་ནི་མི་དམངས་ཀྱི་དམག་འཁྲུག་ཅིག་ཡིན་ལ། དམངས་སེམས་བཟོ་འགོད་ཅིག་ཀྱང་ཡིན། བདེ་འཇགས་ནི་མི་དམངས་བདེ་ཞིང་སྐྱིད་པའི་རྩ་བའི་རེ་གཞག་ཅིག་ཡིན་མོད། འོན་ཀྱང་ནག་ཕྱོགས་ཀྱི་སྟོབས་ཤུགས་གནས་པ་དེས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང། བདེ་སྣང་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་པས། ནག་འཇོམས་ངན་སེལ་ནི་དཀར་ཕྱོགས་དང་ནག་ཕྱོགས་གཉིས་ཀྱི་རྩོད་པ་ཞིིག་ཡིན་ལ། མི་དམངས་ཀྱི་དམག་འཁྲུག་ཅིག་ཀྱང་ཡིན།

ན་ནིང་། རང་ཞིང་གིས《ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་གཅིག་བསྡུས་མཁྲེགས་གཏོར་དུས་རིམ་གྱི་གཙོ་གནད་ལས་འགན་ནན་ཏན་གྱིས་དངོས་འབེབས་བྱེད་པའི་སྐོར་གྱི་བརྡ་ཐོ》དཔར་འགྲེམས་བྱས་ཏེ། གཅིག་བསྡུས་མཁྲེགས་གཏོར་དུས་རིམ་གྱི་ཕྱོགས་དྲུག་ནས་གཙོ་གནད་འགན་འཁྲི་གསལ་པོ་དང་། ས་གནས་སོ་སོས་ངོས་ཟིན་ཇེ་དྲག་དང་གཙོ་གནད་ལ་དམིགས་ནས་བསྟུད་མར་འགག་སྒྲོལ་བྱ་བར་སྐུལ་སྤེལ་བྱས། ཞིང་ཆེན་ཡོངས་ཀྱི་ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཚན་ཆུང་གི་ལས་སྒོའི་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་སྐབས་ཐེངས་གཉིས་ལ་བསྒྲུབས་པ་སྒྲིག་བཤེར་དང་སྤྱི་བདེ་སོགས་སྡེ་ཁག་ལ་ཟུང་འབྲེལ་བྱས་ཏེ། “སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས”ཀྱི་ཁོངས་མི་སྒྲིག་འགལ་དང་ཁྲིམས་འགལ་ཉེས་གསོག་གི་ཆ་འཕྲིན་བརྡ་ཁྱབ་གཏོང་བའི་རོགས་བཤེར་ནང་རྐྱེན་བཙུགས་ཤིང་། དུས་ཐོག་ཏུ་སྡེ་བའི་ལས་བྱེད་པའི་སྒྲིག་འགལ་དང་ཁྲིམས་འགལ་ཉེས་གསོག་གི་གནས་ཚུལ་རྒྱུས་ལོན་དང་ཤེས་རྟོགས་བྱས།

ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་བཏོན་པའི་ཕྱོགས་ལྔ་ཡི་འབུར་ཐོན་གནད་དོན་ལ་དམིགས་ཏེ། བསྟུད་མར་ཐེངས་གསུམ་ལ་གནད་དོན་དག་ཐེར་ལེགས་བཅོས་བྱེད་པའི་བརྡ་ཁྱབ་བཏང་ཞིང་། སྔར་ལས་ལྷག་པས་འགལ་བར་དམིགས་པ་དང་བྱེད་སྟངས་གསལ་བ། འགན་འཁྲི་ནན་མོ་བྱེད་པ་དང་མཉམ་དུ། དག་ཐེར་ལེགས་བཅོས་བྱ་བའི་ཁྲོད་གཞི་རིམ་ཏང་འཛུགས་སྐྲུན་ཕྱོགས་ཀྱི་བྱ་བར་འབྲེལ་བའི་གནད་དོན་ཞིབ་ཕྲ་བྱས་ཏེ་བྱ་བའི་འགན་འཁྲི་བཅུ་རུ་བཏང་བར་མ་ཟད། “11710”གི་བྱ་བའི་རྩིས་ཐོ་ཁྲོད་བཞག་ཅིང་། དུས་ཐོག་ཏུ་འཕེལ་རིམ་ལ་བལྟ་བ་དང་མི་འདང་སར་ཞིབ་བཤེར་བྱེད་པ། དག་ཐེར་ལེགས་བཅོས་ལ་ཡར་སྐུལ་བྱས་ཏེ། དག་ཐེར་ལེགས་བཅོས་བྱས་པར་སྟོབས་ཤུགས་ཡོད་པ་དང་དོན་འཁྱོལ་གནས་སུ་འབྱོར་པར་ཁག་ཐེག་བྱས།

དངོས་གཉེར་སྐུལ་འདེད་བྱས་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པའི་བཟོ་འགོད་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་བཏང་།

ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པའི་བཟོ་འགོད་ལག་བསྟར་བྱེད་པ་དེ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་སྡེ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་ལེན་དོན་འཁྱོལ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་པོ་ཡོང་བའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། རང་ཞིང་གི་གཞི་རིམ་ཏང་རྩ་འཛུགས་ཀྱིས་ཏང་འཛུགས་སྐྲུན་བྱ་བ་ལེགས་འཛིན་བྱེད་པའི་རྨང་གཞི་རང་བཞིན་གྱི་བཟོ་འགོད་ཅིག་ཀྱང་ཡིན།

2019ལོར། རང་ཞིང་གིས་ཕན་ནུས་མཐོ་བའི་སྒོ་ནས་ཀྲུང་དབྱང་ནོར་སྲིད་ཀྱི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་གཉིས་དང་ས་ཡ་དྲུག་བཀོལ་སྤྱོད་ལེགས་པོ་བྱས་ཏེ། ལས་གཞི་བཞི་བརྒྱ་བཅུ་གསུམ་ལ་ཐོག་མར་ཆོག་མཆན་ཐོབ་པ་དེ་ཀྲུང་དབྱང་ནོར་སྲིད་ཀྱིས་རོགས་སྐྱོར་བྱེད་པའི་སྲིད་འཛིན་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་གཞི་ཁྲོད་དུ་བཞག་ནས་ལེགས་འཛིན་བྱེད་པ་དང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་མེད་པ་ནས་ཡོད་པའི་བཟོ་འགོད་ལ་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་སྤེལ་བྱས་ཤིང་། སྡེ་བའི་ཏང་རྩ་འཛུགས་ཀྱི་འགན་སྲུང་ནུས་པ་ཇེ་དྲག་ཏུ་བཏང་། ཞིང་ཆེན་ཡོངས་སུ་འཕེལ་རྒྱས་དཔེ་དབྱིབས་མི་འདྲ་བ་དང་ཐུན་མོང་དཔལ་འབྱོར་ལ་ཕན་ཁེ་ཡོད་པའི་སྡེ་བ་ང་བདུན་གདམ་གསེས་བྱས་ཏེ་ཚོད་ལྟ་སྡེ་བར་བརྩིས་ཤིང་། བཀོལ་སྤྱོད་ཚད་ལྡན་དང་ལུགས་མཐུན་གྱིས་བགོ་བྱ་རྒྱག་པའི་ཕན་ཁེ་ཐོབ་པའི་མ་དངུལ་ལ་དོ་དམ་བྱེད་ཐབས་བཙུགས་པ་དང་མཉམ་དུ། སྤྱི་གསོག་དངུལ་དང་སྤྱི་ཕན་དངུལ་བཀོལ་བའི་གོ་རིམ་གསལ་པོ་བྱས་ཏེ། “ཐུན་མོང་ཕྱུག་པ”དང“མི་སྒེར་ཕྱུག་པ”གཅིག་གྱུར་ཡོང་བ་མངོན་འགྱུར་བྱུང་།

གནད་དོན་གྱི་འདྲེན་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པའི་བཟོ་འགོད་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཏེ། གཏིང་ཟབ་ཀྱིས་གནད་དོན་ལ་ཞིབ་བཤེར་དང་རྒྱུ་རྐྱེན་ལ་གཟབ་ནན་གྱིས་དབྱེ་ཞིབ་བྱས་པ་དང་། རྗེས་ཕྱོགས་ཀྱི་བྱེད་སྟངས་ལ་ཕྱོགས་བསྡུས་ཞིབ་འཇུག་བྱས། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་ཞིང་ཆེན་ནོར་སྲིད་ཐིན་སོགས་ཁོངས་མི་སྡེ་ཚན་བདུན་གྱིས་སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པའི་བཟོ་འགོད་ལ་རྒྱབ་སྐྱོར་བྱེད་པའི་བྱེ་བྲག་གི་སྲིད་ཇུས་བྱེད་ཐབས་བཅུ་བདུན་བཏོན་ཏེ། སྡེ་བའི་ཐུན་མོང་དཔལ་འབྱོར་མེད་པ་ནས་ཡོད་པའི་བཟོ་འགོད་ལ་སྤུས་ཚད་མཐོན་པོའི་སྐུལ་ཁྲིད་བྱེད་པར་ཐབས་ཤེས་འཛོམས་པ་དང་རིག་ལམ་རྒྱ་བསྐྱེད་པ། འགན་སྲུང་བཅས་མཁོ་སྤྲོད་བྱས།

རྒྱང་རིང་ལ་དམིགས་ཏེ་ཏང་གིས་ཞིང་སྡེ་དང་འབྲོག་ཁུལ་གྱི་སྲིད་སྐྱོང་རྨང་གཞི་ཧུར་བརྩོན་གྱིས་བརྟན་པོར་བཏང་།

གཞི་རིམ་ཏང་རྩ་འཛུགས་ནི་ཏང་གིས་སྲིད་སྐྱོང་བའི་ཐོག་ཁང་ཆེན་མོའི་རྟིང་གཞི་ལྟ་བུ་ཡིན་ལ། རྟིང་གཞི་བརྟན་ན་ཐོག་ཁང་བརྟན་པ་དང་རྟིང་གཞི་མ་བརྟན་ཚེ་ཐོག་ཁང་ཡང་བརྟན་ཐབས་བྲལ་བས། ངེས་པར་དུ་རྨང་གཞི་བརྟན་པོར་བཏང་སྟེ་ཞིང་སྡེའི་གཞི་རིམ་གྱི་ཏང་འཛུགས་སྐྲུན་བྱ་བ་ལེགས་པོར་བསྒྲུབ་དགོས།

2019ལོར། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་འགོ་ཁྲིད་ནུས་པ་དང་བསམ་བློའི་སྣེ་འདྲེན་ནུས་པ། མང་ཚོགས་རྩ་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་བཅས་ཁྱོན་ཡོངས་ནས་ཇེ་དྲག་ཏུ་གཏོང་ཆེད། རང་ཞིང་གིས“རྩ་འཛུགས་མ་ལག་འཛུགས་སྐྲུན་གྱི་ལོ་གསུམ་འགུལ་སྐྱོད”ལག་བསྟར་བྱས་ཏེ། གཞི་རིམ་རྩ་འཛུགས་དང་རྩ་འཛུགས་ལམ་ལུགས། དཔུང་སྡེ་འཛུགས་སྐྲུན། གཞི་རིམ་བཅོས་སྐྱོང་། ཏང་ཡོན་སློབ་གསོ། རྩ་འཛུགས་འགོ་ཁྲིད་བཅས་ཕྱོགས་དྲུག་གི་དོན་ཚན་ཉེར་གཅིག་པའི་ཁོད་ཚན་གྱ་གཉིས་འཛོམས་པའི་བྱེ་བྲག་གི་བྱེད་ཐབས་བཏོན་ཞིང་། ཞིང་སྡེའི་གཞི་རིམ་ཏང་འཛུགས་སྐྲུན་བྱ་བ་དེ་རྒྱུ་རྐྱེན་འཛུགས་སྐྲུན་ནས་བྱེད་ནུས་འཛུགས་སྐྲུན་དུ་བསྒྱུར་བ་དང་། བྱེ་བྲག་ནས་ཁྱོན་ཡོངས་མཐོར་འདེགས་གཏོང་བར་བསྒྱུར་ཏེ། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་དང་ཆབ་སྲིད་བྱེད་ནུས་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་བར་ཁ་ཕྱོགས་གསལ་པོ་བསྟན།

《ཞིང་སྡེའི་གཞི་རིམ་རྩ་འཛུགས་བྱ་བའི་སྲོལ་ཡིག》གི་བྱེད་ཐབས་ཁ་ཤས་ཞིབ་འཇུག་གཏན་འབེབས་དང་དོན་འཁྱོལ་དངོས་འབེབས་བྱས་ཏེ། ཆབ་སྲིད་འཛུགས་སྐྲུན་དང་གཞི་རིམ་བཅོས་སྐྱོང་། སྐྱེ་ཁམས་དཔལ་ཡོན་སོགས་ཕྱོགས་དགུ་ནས་ཞིང་ཆེན་གྱི་དངོས་ཡོད་གནས་ཚུལ་དང་མཐུན་པའི་བྱེ་བྲག་གི་བྱེད་ཐབས་བཏོན་ཞིང་། ཏང་གིས་ཞིང་སྡེ་བྱ་བའི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ། ཏང་གི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་གྱི་སྤུས་ཀ་ཇེ་མཐོར་གཏོང་བ། ཏང་གིས་ཞིང་སྡེ་དང་འབྲོག་ཁུལ་གྱི་སྲིད་སྐྱོང་ནུས་པ་བརྟན་པོ་ཡོང་བར་རྩ་བའི་བསྲུང་བྱ་མཁོ་འདོན་བྱས་ཡོད། 《སྡེ་བ་རིམ་པའི་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ལག་བསྟར་བསམ་འཆར》དང《སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་འཐུས་ཚང་དང་ཚད་ལྡན་དུ་གཏོང་བའི་ལག་བསྟར་བསམ་འཆར》ཁྱོན་ཡོངས་ནས་དངོས་འབེབས་དོན་འཁྱོལ་བྱས་ཏེ། ས་གནས་སོ་སོས་སྔར་ལས་ལྷག་པར་སྡེ་བ་རིམ་པའི་རྩ་འཛུགས་བྱ་བའི་འགན་འཁྲི་ཚད་ལྡན་དུ་གཏོང་བར་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་།སྡེ་དོན་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། སྡེ་བའི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་དང་སྡེ་དམངས་རང་སྐྱོང་རྩ་འཛུགས། ཐུན་མོང་དཔལ་འབྱོར་རྩ་འཛུགས་བཅས་རྨང་གཞིར་བཟུང་ནས། སྡེ་བ་རིམ་པའི་རྩ་འཛུགས་མ་ལག་ཧུར་བརྩོན་གྱིས་བརྟན་པོར་བཏང་སྟེ། སྡེ་བ་རིམ་པའི་རྩ་འཛུགས་ཚད་ལྡན་དང་ཕན་ནུས་མཐོ་བ། ཡང་དག་གིས་འཁོར་སྐྱོད་བྱེད་པར་ཁག་ཐེག་ནན་མོ་བྱས།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།