མཚོ་སྔོན་ཞིང་ཆེན་གྱིས“བྱ་སྤྱོད་ཆེན་པོ་དྲུག”ལག་བསྟར་བྱས་ནས་ལས་འགོ་བསྐྱར་ཚུགས་དང་དབུལ་ཐར་མཁྲེགས་གཏོར་ལ་རམ་འདེགས་བྱས།
2020.05.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།  མཚོ་སྔོན་ཞིང་ཆེན་གྱིས་ཕྱི་རུ་ཞོར་ལས་སུ་འགྲོ་བའི“ལས་ཞུགས་ལ་རོགས་རམ་བྱེད་པའི་བྱ་འགུལ”དང་། ངལ་རྩོལ་པ་རྩ་འཛུགས་ཀྱི“ཞབས་ཞུ་མཐོར་གཏོང་གི་བྱ་སྤྱོད།”མི་བཀོལ་ལས་འཚོལ་གྱི“གནད་འཁེལ་སྦྲེལ་མཐུད་བྱ་སྤྱོད།”གཙོ་གནད་ཚོགས་པའི“ཆེད་མངགས་གདན་ཞུའི་བྱ་སྤྱོད།”དབུལ་ཕོངས་ངལ་རྩོལ་ནུས་ཤུགས“ལས་སྐྲུན་མཛུབ་ཁྲིད་བྱ་སྤྱོད།”ལས་གནས་གཏན་འཁེལ་དང་ཁ་ཕྱོགས་གཏན་འཁེལ་གྱི“རྩལ་ནུས་དབུལ་སྐྱོར་བྱ་སྤྱོད”སོགས“བྱ་སྤྱོད་ཆེན་པོ་དྲུག”ལ་བརྟེན་ནས། ལས་འགོ་བསྐྱར་ཚུགས་དང་དབུལ་ཐར་མཁྲེགས་གཏོར་ལ་རོགས་རམ་བྱས།

མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ལས་ཁུངས་དང་ངལ་རྩོལ་པའི་བར་ཁེ་བ་དབུལ་ཕོངས་ས་ཁུལ་དུ་སོང་ནས་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཕྱི་རུ་ཞོར་ལས་སུ་སྐྱོད་པའི་དགོས་མཁོ་དང་འདོད་བློ་རྒྱུས་ལོན་བྱེད་པར་སྐུལ་མ་བྱས་ཏེ། ངལ་རྩོལ་བྱེད་གནས་ཀྱི་སྦྲེལ་མཐུད་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བྱེད་པ་དང་། “ས་གནས་དང་ས་གནས”ཀྱི་ལས་ཞུགས་ཞབས་ཞུ་སྤེལ་བ་དང་། དབུལ་ཕོངས་ཞོར་ལས་པའི་ཡོང་སྒོ་འཕར་སྣོན་དང་ཁེ་ལས་ཀྱི་ལས་ཐོན་བསྐྱར་ཚུགས་ཀྱི་དགོས་མཁོ་ནུས་ཤུགས་ཡོད་དགུས་འགན་སྲུང་བྱས།

དེ་དང་ཆབས་ཅིག མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་ལས་རྐྱེན་སྲོལ་ལ་བརྟེན་ནས། མི་ཤུགས་ཐོན་ཁུངས་ཀྱི་ཞབས་ཞུའི་ཆ་འཕྲིན་དང་ཚོང་རའི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། དབུལ་ཕོངས་ས་ཁུལ་དང་གནས་སྤོར་དབུལ་སྐྱོར་གྱི་བཀོད་སྒྲིག་གནས་སུ་ངལ་རྩོལ་པ་ཕྱི་རུ་ཞོར་ལས་སུ་འགྲོ་བའི་གཞི་ཁྱོན་ཇེ་ཆེར་བཏང་སྟེ། ཧུར་ཐག་གིས་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་སྤོ་བསྒྱུར་བྱེད་པར་སྐུལ་འདེད་བཏང་།

དུས་ཐོག་ཏུ་ཕན་ནུས་ལྡན་པའི་སྒོ་ནས་ལས་མི་བཀོལ་སྤྱོད་དང་དགོས་མཁོ་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏོང་དགོས། དམིགས་སའི་རང་བཞིན་ཆེ་བ་དང་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་འདོད་བློ་དང་མཐུན་པའི་ལས་གནས་ཆ་འཕྲིན་རྒྱ་ཁྱབ་ཏུ་འཚོལ་བསྡུ་དང་། དབུལ་ཕོངས་ངལ་རྩོལ་པའི་ལས་ཞུགས་དགོས་མཁོའི་གཞི་གྲངས་མཛོད་འཐུས་ཚང་དུ་གཏོང་དགོས། གྲོང་ཁྱེར(ཁུལ)ཁག་གི་སྤྱི་པའི་ལས་ཞུགས་སྡེ་ཁག་གིས་གཉེར་སྐྱོང་རང་བཞིན་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་སྒྲིག་གཞིས་ས་ཁུལ་དེ་གའི་གཙོ་གནད་ལས་རིགས་དང་། གཙོ་གནད་ཁེ་ལས་དང་ལས་ཁུངས་ཀྱི་ལས་མི་བཀོལ་སྤྱོད་ཆ་འཕྲིན། ངལ་རྩོལ་ནུས་ཤུགས་ཀྱི་ལས་འཚོལ་དགོས་མཁོ་བཅས་བསྡུ་རུབ་ཁྱབ་བསྒྲགས་དང་ལྟ་ཞིབ་ཚད་ལེན་གྱི་ཞབས་ཞུ་ཉོ་སྒྲུབ་བྱ་རྒྱུར་སྐུལ་མ་གཏོང་དགོས།

དབུལ་ཕོངས་ས་ཁུལ་དུ་ཟབ་ཞུགས་བྱས་ནས་ལས་སྐྲུན་ཁྲིད་སྟོན་དང་རོགས་སྐྱོར་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱ་དགོས། ཁོངས་གཏོགས་ས་ཁུལ་གྱི་མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་གསོ་སྦྱོང་གི་ནང་དོན་དང་ཁྲོམ་རའི་དགོས་མཁོ་དོ་སྙོམས་ཡོང་ཚད་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་དང་སྐུལ་མ་བྱས་ནས། མི་ཤུགས་ཐོན་ཁུངས་ཞབས་ཞུའི་ལས་ཁུངས་ཀྱིས་རང་རེའི་ཞིང་ཆེན་གྱི་ལས་སྐྲུན་གྲུབ་འབྲས་ཐོབ་པའི་མི་སྣའི་འཐུས་མི་སྒྲིག་འཛུགས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། དངོས་སྤྱོད་རང་བཞིན་སྣ་ཚོགས་དང་སྣ་མང་ཅན་གྱི་ལས་སྐྲུན་གསོ་སྦྱོང་ཞབས་ཞུ་མཁོ་འདོན་བྱས་ནས། ལས་སྐྲུན་ལ་བརྟེན་ནས་ལས་ཞུགས་ལ་སྐུལ་འདེད་གཏོང་དགོས།

ངལ་རྩོལ་པ་ཕྱི་རུ་ཞོར་ལས་སུ་འགྲོ་བའི་སྤུས་ཚད་མཐོ་རུ་བཏང་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་གཙོ་བོར་དམིགས་ནས། དེང་རབས་ཞབས་ཞུའི་ལས་རིགས་སོགས་ལས་ཞུགས་རྩལ་ནུས་གསོ་སྦྱོང་བྱས་ཏེ། གསོ་སྦྱོང་གི་དགོས་མཁོ་ཡོད་པའི་ངལ་རྩོལ་ནུས་ཤུགས་ལ་ཁ་གཏད་ནས་ལས་རིགས་མཛུབ་སྟོན་དང་རྩལ་ནུས་གསར་སྤེལ་སོགས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས། ལས་གནས་གཏན་འཁེལ་དང་ཁ་ཕྱོགས་གཏན་འཁེལ་སོགས་ཀྱི་གསོ་སྦྱོང་བྱེད་སྟངས་སྤྱད་དེ་ཧེ་བག་ཅན་གྱི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས།

ལོ་ཙཱ་བ། ཤ་བོ་རིན་མཚོ།