ཧྲུའུ་ཅི་དང་པོའི“སྡེ་དར་དམངས་ཕྱུག”གི་ཕུགས་འདུན།
2020.05.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 20

 “ཨ་ཕ་ལགས། ང་ཚོས་ཁྱོད་རང་དྲན་བཞིན་ཡོད། ཁྱེད་རང་ནམ་ཞིག་ལ་ཡུལ་ཏུ་ལོག་ཐུབ།”“ཨ་ཕ། ངས་ཁྱོད་ལ་གཏམ་བཟང་ཞིག་བཤད། དེ་རིང་ངའི་རྩིས་རིག་དང་དབྱིན་ཡིག་གཉིས་ཀར་སྐར་མ་བརྒྱ་རེ་བླངས་ཡོད། ”

ཟླ4པའི་ཚེས12ཉིན་གྱི་དགོང་མོར། ཞ་ཙེ་ཅུན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ན་ཡོད་པའི་རང་གི་བུ་མོ་ལ་ཁ་པར་གྱི་བརྙན་ལམ་བརྒྱུད་ནས་ཁ་བརྡ་བྱེད་སྐབས་སུ་བུ་མོས་སྤྲོ་སྣང་དང་བཅས་ཏེ་ཁོ་ལ་དེ་ལྟར་བཤད།

“ངས་བུ་མོའི་སྐད་ཆ་དེ་གོ་བས་སེམས་སུ་དགའ་ཚོར་ཆེན་པོ་སྐྱེས་ཤིང་། དེར་མ་ཟད་རང་ཉིད་ཀྱི་བཟའ་ཟླས་དཀའ་སྤྱད་འབད་བརྩོན་གྱིས་བྱིས་པ་གཉོར་སྐྱོང་བྱས་པར་དེ་བས་ཀྱང་ཐུགས་རྗེ་ཆེ་ཞུ་དགོས་ཀྱི་ཡོད་དེ། ཁོ་མོ་བྱ་བར་ཞུགས་དགོས་པར་མ་ཟད་ཞོར་དུ་བྱིས་པ་གཉིས་ལ་བདག་སྐྱོང་བྱས་ནས་དཀའ་ལས་ཆེན་པོ་མྱོང་བཞིན་ཡོད།”ཅེས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་བྲག་དམར་ཞང་མདོ་ཡུལ་སྡེ་བའི་ཧྲུའུ་ཅི་དང་པོ་ཞ་ཙེ་ཅུན་གྱིས་བཤད།

ཞ་ཙེ་ཅུན་གྱིས་མཛུབ་མོ་བཀུག་ནས་ཁོག་རྩིས་རྒྱག་བཞིན་བཤད་རྒྱུར།  ང་རང་མདོ་ཡུལ་སྡེ་བའི་དབུལ་སྐྱོར་བྱ་བར་ཞུགས་ནས་ཏག་ཏག་ལོ་གཉིས་འགོར་སོང་།  ཐེངས་འདིར་སྡེ་བའི་བྱ་བ་སྒྲུབ་ནས་ཟླ་གཉིས་འགོར་ཡང་ཁྱིམ་དུ་ཐེངས་གཅིག་ལའང་ལོག་ཐུབ་མེད།”ཟེར།

2020ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་ཡིན་པར་མ་ཟད།  དབུལ་ཐར་མཁྲེགས་གཏོར་གྱི་འཐབ་འཛིང་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་མཇུག་མཐའི་ལོ་ཡང་ཡིན་པས། ད་ལོའི་རིམས་ནད་ཀྱི་དབང་གིས་སྡེ་བར་བཅའ་སྡོད་བྱེད་པའི་བྱ་བའི་རུ་ཁག་གི་ལས་འགན་དེ་བས་ལྕི་རུ་ཕྱིན་ཡོད་དེ།  ཕྱོགས་གཅིག་ནས་མདོ་ཡུལ་སྡེ་བའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ཡག་པོར་བསྒྲུབ་དགོས་ཤིང་ཕྱོགས་གཞན་ཞིག་ནས་2020ལོའི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་སྒྲོག་འགྲེལ་བྱ་བ་ཡག་པོར་བསྒྲུབ་དགོས་པ་མ་ཟད། དེ་བས་ཀྱང་དབུལ་ཐར་ཁྱིམ་ཚང་གི་དབུལ་ཐར་རྗེས་ཀྱི་བྱ་བ་སྲ་བརྟན་རིམ་སྤོར་དང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་འཕེལ་རྒྱས་ཆེ་རུ་གཏོང་བའི་བྱ་བ་སྣ་ཚོགས་ཡག་པོར་བསྒྲུབ་དགོས་ཀྱི་ཡོད། དེ་བས་ཞ་ཙེ་ཅུན་གྱིས་དུས་དང་རྣམ་པ་ཀུན་དུ་རང་གིས་རང་ལ་རང་ཉིད་ནི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཞིག་ཡིན་པའི་ངོས་ནས། གུང་ཁྲན་ཏང་ཡོན་གྱི་དཔེ་སྟོན་སྔོན་ཐོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  དཀའ་གནད་ཀྱི་གདོང་ལ་མཆོང་གནས་བྱ་བ་དེ་དག་ལ་རེ་རེ་བཞིན་འགན་འཁུར་དགོས་པའི་གསལ་འདེབས་བྱེད་བཞིན་ཡོད།

རིམས་ནད་བྱུང་བའི་སྐབས་སུ་ཁྱིམ་དུ་ལོགས་བཀར་བྱས་ཡོད་པའི་ཞ་ཙེ་ཅུན་གྱིས་ཉིན་ལྟར་ཁ་པར་བརྒྱབ་ནས་སྡེ་བའི་རིམས་འགོག་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་ཡོད་པར་མ་ཟད།  སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་རམ་འདེགས་བྱས་ནས་བྱ་བའི་འཆར་གཞི་བཟོས་ཏེ།  སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་དང་སྡེ་སྡོད་ལས་བྱེད་པ།  ན་གཞོན་ཏང་ཡོན་བཅས་ལས་གྲུབ་པའི་ཐེམ་ཆེན་རྫོང་གི་སྡེ་བ་རིམ་པའི་རིམས་ནད་སྔོན་འགོག་ཚོད་འཛིན་ཞིབ་བཤེར་ས་ཚིགས་དང་པོ་བཙུགས་ནས། ཕྱི་ནས་ཡོང་བའི་མི་སྣར་ཞིབ་བཤེར་དང་རླངས་འཁོར་ལ་དུག་སེལ་བྱེད་པ་སོགས་ཀྱི་བྱ་བའི་མགོ་བརྩམས།

ཁྱིམ་དུ་ལོགས་སུ་བཀར་བའི་དུས་ཚོད་མཇུག་རྫོགས་པའི་ཉིན་གཉིས་པར་ཞ་ཙེ་ཅུན་བྲེལ་བ་ཆེན་པོས་རང་གི་ལས་གནས་སུ་ལོག་སྟེ། སྡེ་སྡོད་བྱ་བའི་རུ་ཁག་གི་སྣེ་ཁྲིད་དེ་ནོར་རི་ལུང་བ་དང་མདོ་ཡུལ་ལུང་བ། ཤར་ལུང་བཅས་སུ་ཡོད་པའི་འབྲོག་ཁྱིམ་རེ་རེར་སོང་ནས་ཁྱིམ་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པའི་སྒོ་ནས་ཞིབ་བཤེར་ནན་མོ་བྱེད་པའི་བྱ་བའི་འགན་འཁུར།

སྡེ་སྡོད་བྱ་བའི་རུ་ཁག་གི་སྣེ་ཁྲིད་དེ་2020ལོའི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་ནན་ཏན་གྱིས་སྒྲོག་འགྲེལ་བྱེད་པའི་བྱ་བ་དེ་ནི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན།  ཞ་ཙེ་ཅུན་གྱིས་བཤད་རྒྱུར། “2018ལོའི་སྒྲོག་འགྲེལ་གཉིས་དང་སྐུལ་འདེད་བཞི་ནས་བཟུང་། 2019ལོའི་སྒྲོག་འགྲེལ་གཉིས་དང་སྒྲུབ་པ་གཉིས། སྐུལ་འདེད་བཞིའི་བྱ་འགུལ་བརྒྱུད་ནས།  ལོ་རེའི་ལོ་སྟོད་དུ་ཏང་གི་དམངས་ཕན་དང་དམངས་ཕྱུག མི་དམངས་སྟོབས་ལྡན་དུ་གཏོང་བ་བཅས་ཀྱི་སྲིད་ཇུས་སྣ་ཚོགས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་དྲིལ་སྒྲོག་བྱེད་རྒྱུ་དེ་ནི་སྡེ་སྡོད་བྱ་བའི་རུ་ཁག་གི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་པ་ཡིན།”ཟེར།

ད་ལོར་པྲོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་གྱི་དབང་གིས་སྒྲོག་འགྲེལ་གྱི་ནང་དོན་དང་བྱེད་ཐབས་ལའང་འགྱུར་ལྡོག་བྱུང་ཡོད། ཐེངས་འདིའི་སྒྲོག་འགྲེལ་བྱ་བ་ཡག་པོར་བསྒྲུབ་ཆེད། ཞ་ཙེ་ཅུན་གྱིས་སྒྲོག་འགྲེལ་བྱ་བའི་ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོས་ནས“ཁག་དབྱེ་དང་རིམ་པ་དབྱེ་བ། ཚོད་འཛིན་བྱེད་པའི་”རྩ་དོན་ལྟར་དྲིལ་སྒྲོག་ཚོ་ཆུང་བཙུགས་པ་དང་།  མདོ་ཡུལ་ལུང་པ་དང་ནོར་རི་ལུང་པར་བསྐྱོད་དེ་རོང་འབྲོག་མང་ཚོགས་ལ་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱས།  ཉིས་སྟོང་ཉི་ཤུ་ལོའི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོ་དེ་མདོ་ཡུལ་སྡེ་བ་སོགས་སུ་སྒྲོག་འགྲེལ་བྱེད་པའི་ཞོར་དུ། ཞ་ཙེ་ཅུན་གྱིས་གོ་སྐབས་དེ་དང་བསྟུན་ནས་ཁོ་ཚོའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་གནས་པའི་དཀའ་ངལ་སྣ་ཚོགས་ལའང་རྒྱུས་ལོན་ཞིབ་ཏུ་བྱས།

དབུལ་ཐར་ཁྱིམ་ཚང་ཚེ་ལྷ་འབུམ་དང་པད་མ་མཚོ་སྐྱིད་ཕ་བུ་གཉིས་ནི་སྔོན་ཆད་ལས་ཀ་བྱེད་སའི་ལས་ཁུངས་ནས་མི་གྲངས་ཇེ་ཉུང་དུ་བཏང་བར་བརྟེན་ནས་ད་ལྟ་ལས་ཀ་མེད་པར་ཁྱིམ་དུ་བསྡད་ཡོད་པའི་གནས་ཚུལ་ཤེས་རྗེས།   ཞ་ཙེ་ཅུན་གྱིས་ཐེམ་ཆེན་རྫོང་ལས་ཞུགས་ཅུའུ་ལ་འབྲེལ་གཏུག་ཐེངས་མང་བྱས་པ་དང་ཅུའུ་དེའི་རོགས་རམ་འོག  རྫོང་དབུལ་སྐྱོར་ཐོན་ལས་གླིང་དུ་ཁོ་ཕ་བུ་གཉིས་ལ་ཡང་བསྐྱར་ལས་ཀ་རག་པ་རེད། ངལ་རྩོལ་གན་རྒྱ་བཞག་པའི་ཉིན་དེར། ཚེ་ལྷ་འབུམ་གྱིས་སེམས་འགུལ་ཚད་མེད་ཐེབས་བཞིན་དུ་“ཧྲུའུ་ཅི་ཞ་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་རང་གིས་ང་ཚོའི་ཁྱིམ་ལ་སླར་ཡང་འཚོ་བའི་རེ་བ་བསྩལ་བྱུང”ཟེར།

ལོ་གཉིས་ཀྱི་རིང་དུ་ཞ་ཙེ་ཅུན་གྱིས་སྡེ་བའི་ཐུན་མོང་གི་ཡོང་འབབ་ཇེ་མང་དུ་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། མདོ་ཡུལ་སྡེ་བར་ཐུན་མོང་དཔལ་འབྱོར་གྱི་ལས་གཞི་7རེ་ཞུ་བྱས་པ་དང་། 2019ལོ་ཁོ་ནར་ཀྲུང་དབྱང་ནོར་སྲིད་དང་ཞིང་ཆེན་ས་གཤིས་གཏེར་རྫས་ཅུའུ་ནས་འཕེལ་རྒྱས་མ་དངུལ་སྒོར་མོ་ཁྲི་86རེ་ཞུ་བྱས། ད་ལྟའི་མདོ་ཡུལ་སྡེ་བའི་ཐུན་མོང་དཔལ་འབྱོར་ལས་གཞིའི་སྤྱིའི་མ་དངུལ་གྱིས་སྒོར་མོ་ཁྲི་265ཟིན་ནས་མདོ་ཡུལ་སྡེ་བའི་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་འབྲས་ཐོབ་ཡོད།

བཅར་འདྲི་བྱེད་སྐབས་གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། མདོ་ཡུལ་སྡེ་བར་དེ་སྔ་མི་རིགས་ཀྱི་མཁོ་ཆས་ལས་སྣོན་མཉམ་ལས་ཁང་ཞིག་ཡོད་པ་དང་2016ལོའི་གོང་དུ་མི་རིགས་ཀྱི་མཁོ་ཆས་ཁག་ཅིག་ལས་སྣོན་བྱས་ཡོད།ཕྱི་ལ་ཚོང་ལམ་མེད་པའི་རྐྱེན་གྱིས་ཐོན་སྐྱེད་བྱས་པའི་ཚོང་ཟོག་རྣམས་ཡུན་རིང་པོར་མཛོད་ཁང་དུ་གསོག་གཉེར་བྱས་ཡོད་པར་མ་ཟད། ད་དུང་ཐོན་སྐྱེད་བྱེད་མཁན་གྱི་བཟོ་པའི་གླ་ཕོགས་ཀྱང་དུས་ལྟར་སྟེར་ཐུབ་ཀྱི་མེད། 2018ལོར་སྡེ་བར་བཅའ་སྡོད་བྱས་ནས་གནས་ཚུལ་དེ་ཤེས་རྟོགས་བྱུང་རྗེས། ཞ་ཙེ་ཅུན་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་གྱི་ཚོང་ཟོག་སྡེབ་ཚོང་ཁྲོམ་རར་སོང་ནས་ཚོང་ལམ་བཙལ།  2019ལོའི་ཟླ་4པར་ལོ་མང་རིང་གསོག་གཉེར་བྱས་པའི་ཐོན་རྫས་ཚང་མ་ཕྱིར་ཚོང་བྱས་པར་མ་ཟད། ཆད་འགྱངས་བྱས་པའི་བཟོ་པ་རྣམས་ཀྱི་གླ་ཕོགས་ཀྱང་ཐག་གཅོད་ཡག་པོ་བྱས་པ་རེད།

ཞ་ཙེ་ཅུན་གྱིས་བཤད་རྒྱུར། “མདོ་ཡུལ་སྡེ་བའི་འཕེལ་རྒྱས་ཐད་ལ་བྱ་བ་མང་ཙམ་བསྒྲུབ་ནས་མདོ་ཡུལ་སྡེ་བའི་རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་འཕེལ་རྒྱས་ཆེན་པོ་འབྱུང་དུ་བཅུག་ནས། མདོ་ཡུལ་སྡེ་བའི་མ་འོངས་པ་སྔར་ལས་མཛེས་སྡུག་ལྡན་པར་བྱེད་དགོས་ལ་སྡེ་དར་དམངས་ཕྱུག་ཡོང་རྒྱུ་ནི་ཁོའི་ཧུར་ཐག་འབད་བརྩོན་བྱེད་པའི་བསམ་འདུན་ཉག་གཅིག་ཡིན།”ཟེར།

                                                                                 ལོ་ཙཱ་བ། གཡང་འབུམ་རྒྱལ།