མཚོ་སྔོན་མཐོ་སྒང་གི་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས།
2020.05.21 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 28

 གཙང་གསུམ་འབྱུང་ཡུལ་དུ་གནས་པའི་མཚོ་སྔོན་ཞིང་ཆེན་གྱི་རྫོང་དབུལ་པོ་ཚང་མའི་དབུལ་ཞྭ་ཕུད་པའི་གཏམ་བཟང་གྲགས་ཡོང་།

མཚོ་སྔོན་ས་མཐོར་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་ཐུབ་པ་བྱུང་བ་ནི“དམག་འཐབ་དྲག་པོའི་གྲུབ་འབྲས་ཆེན་པོ”ཞིག་ཡིན་ཞིང་།   མཐོ་སྒང་གི་གང་སར་མི་དམངས་མང་ཚོགས་ཀྱིས་མུ་མཐུད་དུ་དབུལ་པོར་འཐབ་པའི་དཀའ་སྤྱད་ལས་བརྩོན་གྱི་རྔུལ་ཆུ་བཏོན་དང་འདོན་བཞིན་མཆིས།

མི་གྲངས་འབུམ་གཉིས་དབུལ་ཕོངས་ལས་ཐར་ཐུབ་པ་བྱུང་།

མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་ཝུའུ་ཧྲེ་གྲོང་རྡལ་པན་ཡན་གྲོང་གསར་གྱི་ཁྱིམ་ཚང་129སྔོན་ཆད་ས་བབ་མཐོ་ཚད་སྨི་2800ཡོད་པའི་རི་འགོར་བསྡད་ཡོད་པས་ཕྱིར་སྐྱོད་དཀའ་བ་དང་། ཆུ་དཀོན་པ། ནད་ལ་ལྟ་དཀའ་བ་སོགས“དཀའ་བ་དྲུག”གིས་མང་ཚོགས་དབུལ་ཕོངས་ལས་ཐར་བར་བཀག་འགོག་བྱས། དབུལ་ཐར་མཁྲེགས་གཏོར་དང་གནད་སྨིན་དབྱེ་འབྱེད་བྱེད་སྐབས་སྡེ་བ་དེའི་ཁྱིམ་ཚང74ནི་དབུལ་ཕོངས་ཁྱིམ་ཚང་ཡིན་པ་དང་དབུལ་པོར་གྱུར་ཚད་57%ཟིན་ཡོད་པ་རེད།

ལོ་བཞིའི་ཡར་སྔོན་དུ་གནས་སྤོར་དབུལ་སྐྱོར་སྲིད་ཇུས་བཟང་བོའི་འོག  སྡེ་བ་དེའི་ཁྱིམ་ཚང129ཚང་མ་རི་འདབས་སུ་གཅིག་གྱུར་འཆར་འགོད་དང་གཅིག་གྱུར་འཛུགས་སྐྲུན་བྱས་པའི་གྲོང་གསར་དུ་གནས་སྤོས་བྱས། གྲོང་གསར་དུ་ཆུ་དང་། གློག  ལམ། རང་བྱུང་སོལ་རླངས་སོགས་ཚང་མ་ཡོད་པ་མ་ཟད། ད་དུང་ཧོར་རིགས་ཀྱི་འཚེམ་དྲུབ“དབུལ་སྐྱོར་འཁོར་ཁང”ཞིག་ཀྱང་བཙུགས་ཡོད་པ་རེད།

སྡེ་མི་ལུའེ་ཡིའུ་ཞན་གྱིས་བཤད་རྒྱུར། “རི་འདབས་སུ་སྤོས་རྗེས་ཡུལ་སྐོར་དབུལ་སྐྱོར་རྣམ་གྲངས་ཀྱི་རོགས་རམ་འོག་བུ་ཡིས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་ཞིག་བཙུགས་པ་དང་བུ་མོ་ཚོས་དབུལ་སྐྱོར་འཁོར་ཁང་དུ་ལས་ཀར་འགྲོ་བཞིན་ཡོད་པས་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད” ཟེར།

པན་ཡན་སྡེ་བའི་དབུལ་སྐྱོར་ལས་དོན་རུ་ཁག་གི་ཧྲུའུ་ཅི་དང་པོ་ཡོན་ཀོང་ཕེན་གྱིས་གསར་འགོད་པར་བཤད་རྒྱུར། ཉེ་བའི་ལོ་ཤས་ནང་སྡེ་སྡོད་ལས་དོན་རུ་ཁག་དང་རོགས་སྐྱོར་ཁེ་ལས་ཀྱིས་ལས་ཀའི་གཙོ་གནད་དེ་ཐོན་ལས་དོན་གཉེར་དང་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་བའི་ཐད་བཞག་སྟེ། པན་ཡན་སྡེ་བར་ཁྱད་ལྡན་འདེབས་འཛུགས་དང་གསོ་སྤེལ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ། གྲོང་གསེབ་ཀྱི་ཡུལ་སྐོར་སྣེ་ལེན་སོགས་གཙོ་བོར་བྱས་པའི་ཡོང་འབབ་འཕར་སྣོན་གྱི་ཐབས་ལམ་མང་པོ་འཚོལ་རོགས་བྱས།

ཡོན་ཀོང་ཕེན་གྱིས་མུ་མཐུད་ནས་བཤད་རྒྱུར། “སྡེ་མི་ཚོའི་བསམ་པའི་ཉམས་འགྱུར་དང་ནང་གནས་ཀྱི་སྒུལ་ཤུགས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། རི་འདབས་སུ་སྤོས་རྗེས་ཚང་མས་ཐོན་སྐྱེད་འཕེལ་རྒྱས་དང་ཞོར་ལས་ལ་སྐྱོད་པ་སོགས་བྱས་ཏེ་དབུལ་ཕོངས་ལས་ཐར་བར་འབད་བརྩོན་ལྷོད་མེད་བྱེད་ཀྱིན་ཡོད་ཟེར།

པན་ཡན་གྲོང་གསར་གྱི་འགྱུར་ལྡོག་ཆེན་པོ་དེ་ནི་མཚོ་སྔོན་ས་མཐོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱས་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་རྒྱུར་རོགས་རམ་བྱས་པའི་དཔེ་མཚོན་ཤིག་རེད། མཚོ་སྔོན་གྱིས་རིམ་རྩིས་ལྟར་ན་རོང་འབྲོག་ཁྱིམ་ཚང་ཁྲི་ལྔ་སྟོང་གཉིས་གནས་སྤོས་བྱས་ཏེ་མི་འབུམ་གཉིས་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་ཐུབ་པ་བྱུང་ཡོད།

སྔོ་ཞིང་དྭངས་བའི་རི་ཆུ་དེ་གསེར་རི་དངུལ་རིར་འགྱུར་བར་བྱས།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་ཆོན་ཁུའུ་གྲོང་རྡལ་ཧྲེན་ཅ་བན་སྡེ་བའི་སྡེ་མི་པའེ་ཀྲན་ཧྥང་ནི་སྲིད་གཞུང་གིས་གདན་ཞུ་བྱས་པའི་སྐྱེ་ཁམས་ལྟ་སྲུང་པ་ཞིག་ཡིན་པ་དང་། ཁོའི་ནམ་རྒྱུན་གྱི་ལས་ཀ་ནི་སྡེ་བའི་ཉེ་འགྲམ་གྱི་ནགས་སར་སྐོར་ཞིབ་དང་གད་སྙིགས་གཙང་དག་བྱེད་རྒྱུ་དེ་ཡིན་ཞིང་། ལོ་རེར་ཁོ་ལ་སྒོར་ཁྲི་གཅིག་སྟོང་ལྔ་ཙམ་གྱི་ཡོང་འབབ་ཡོད་པ་རེད།

པའེ་ཀྲན་ཧྥང་གིས་བཤད་རྒྱུར། “རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལས་ང་རང་སྒོ་རྩ་ནས་ཡོང་འབབ་བརྟན་པོ་བྱུང་བ་དང་ཁྱིམ་ཚང་ཡང་ལོ་གསུམ་ནང་དབུལ་ཐར་བྱུང་ཡོད་ཟེར།

པའེ་ཀྲན་ཧྥང་དང་འདྲ་བའི་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་དོ་དམ་ལས་རྐང་དེ་མཚོ་སྔོན་དུ་ཁྱོན་སྡོམ་འབུམ་གཅིག་ཁྲི་གཉིས་ལྷག་ཙམ་བཙུགས་ཡོད་ལ། དེའི་ནང་ལས་རྐང་ཁྲི་5ཙམ་ཁྱིམ་ཚང་དབུལ་པོར་བཀོད་སྒྲིག་བྱས་ཡོད་པ་རེད།

སྔོན་ཆད་རང་ཁྱིམ་གྱི་ཕྱུགས་ཟོག་རང་གིས་འཚོ་དགོས་པས་དཀའ་ཁག་ཧ་ཅང་ཆེ་བ་མ་ཟད། ལོ་གཅིག་གི་ཡོང་འབབ་ཀྱང་ཉུང་ཞེས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་ཉིན་ཞུག་ཞང་སྦྲ་དཀར་སྡེ་བའི་འབྲོག་པ་ལྕགས་རྡོས་དེ་ལྟར་བཤད།  མཉམ་ལས་ཁང་བཙུགས་པ་ལས་ལོ་ལྟར་ཡོང་འབབ་ཇེ་མང་དུ་སོང་བ་དང་། ན་ནིང་ཁྱིམ་མི5ལ་ཁེ་སྤོགས་སྒོར་ཁྲི་བདུན་ལྷག་ཙམ་ཐོབ་པ་དེ་ནི་མཉམ་ལས་ཁང་དུ་མ་ཞུགས་གོང་གི་ལྡབ་ཁ་ཤས་ལས་ཀྱང་མཐོ་ཟེར།

སྦྲ་དཀར་སྡེ་བ་ནི་ཕྱུགས་ལས་རྐྱང་པའི་སྡེ་བ་ཞིག་ཡིན་པས་དུས་ཡུན་རིང་བོར་ཐོན་ལས་གྲུབ་ཆ་རྐྱང་པ་དང་ཐོན་སྐྱེད་གཉེར་སྐྱོང་རགས་ལས་ཡིན་པས་ཕྱུགས་རིགས་ཀྱི་གྲངས་ཀ་ཟམ་མི་ཆད་པར་ཇེ་མང་དུ་འགྲོ་བ་ལས་རྩྭ་ཕྱུགས་ཀྱི་འགལ་བ་མངོན་གསལ་དུ་གྱུར་བ་དང་།  རྩྭ་ས་ཇེ་ཞན་དུ་ཚབས་ཆེན་ཕྱིན་པ། རོང་འབྲོག་པའི་ཡོང་འབབ་འཕར་སྣོན་དཀའ་བ་བཅས་ཀྱི་གནས་ཚུལ་བྱུང་ཡོད། ཉེ་བའི་ལོ་ཤས་ནང་སྡེ་བ་དེས་རྩྭ་ས་དང་ཕྱུགས་ཟོག་མ་རྐང་དུ་འཇོག་པའི་ཐབས་ཤེས་ལ་བརྟེན་ནས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་བཙུགས་ཏེ་རྒྱུད་བཟང་གསོ་སྤེལ་དང་ཚན་རིག་དང་མཐུན་པའི་ཕན་འབྲས་མཐོ་བའི་གསོ་སྤེལ་ཁྱབ་གདལ་བཏང་བས། སྲོལ་རྒྱུན་གྱི“ཕྱུགས་ཟོག་མང་དུ་འགྲོ་བ་ལས་ཡོང་འབབ་མི་འཕར་བའི”ཕྱུགས་འཚོ་སྟངས་དེ“ཕྱུགས་ཟོག་ཇེ་ཉུང་དུ་བཏང་ནས་ཡོང་འབབ་འཕར་སྣོན་བྱེད་པའི”དེང་རབས་སྐྱེ་ཁམས་ཕྱུགས་ལས་ཕྱོགས་སུ་བསྒྱུར་བ་རེད།

སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྐྱེན་སྲོལ་གསར་གཏོད་བྱས་ཏེ་ཐོན་སྐྱེད་བྱེད་སྟངས་ལ་སྐུལ་འདེད་བཏང་བ་མ་ཟད་སྐྱེ་ཁམས་ཁོར་ཡུག་ལའང་སྲུང་སྐྱོབ་བྱས་ཡོད། སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ་དེས་གྲོང་གསེབ་ཀྱི་ཡུལ་སྐོར་ལ་ཆ་རྐྱེན་བཟང་པོ་བསྐྲུན་ཡོད། མཚོ་སྔོན་གྱིས་མིག་སྔར་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་200ལྷག་ཙམ་ལག་བསྟར་བྱས་ཏེ་ཁྱིམ་ཚང་དབུལ་པོ་ཁྲི་5ཙམ་དབུལ་ཐར་དང་ཡོང་འབབ་འཕར་སྣོན་འབྱུང་བར་སྐུལ་ཁྲིད་བྱས་ཡོད།

ཐོན་ལས་དབུལ་སྐྱོར་ཁྱོན་ཡོངས་ལ་ཁྱབ་པ།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་དུ་ཡོད་པའི་ཁོན་ཐར་སྐྱིད་ལ་ཐོན་ལས་དབུལ་སྐྱོར་སྲིད་ཇུས་ཀྱི་ཕན་ཁེ་ཐོབ་ནས་མཚོ་སྔོན་གྱི་འཚེམ་དྲུབ་ལས་ལ་གཞོལ་གྱིན་ཡོད།

“ཁྱིམ་དུ་ས་ཞིང་འདེབས་པ་ལས་མཚོ་སྔོན་གྱི་འཚེམ་དྲུབ་ལག་རྩལ་ལ་བརྟེན་ན་ཡོང་འབབ་དེ་བས་མང་བ་རེད”ཅེས་ཁོན་ཐར་སྐྱིད་ཀྱིས་དེ་ལྟར་བཤད་བྱུང་། ཁོ་མོ་ཡོད་སའི་མཚོ་སྔོན་གྱི་འཚེམ་དྲུབ་དབུལ་སྐྱོར་འཁོར་ཁང་དུ་སློབ་མ60ལྷག་ཙམ་ཡོད་ལ། དེའི་ནང་གི་སློབ་མ་50ནི་དབུལ་པོ་ཡིན་པ་རེད།

ཉེ་བའི་ལོ་ཤས་རིང་། ཐུན་རིན་རྫོང་སྲིད་གཞུང་གྱིས་ས་གནས་དེ་གའི་ཁྱད་ལྡན་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ཏེ“རིག་གནས་དང་དབུལ་སྐྱོར་ཟུང་དུ་སྦྲེལ་བའི”ཐོན་ལས་བསྐྲུན་ནས་ཐང་ག་དང་། འཇིམ་བརྙན། འཚེམ་དྲུབ། འཇིམ་བརྐོས་སོགས་ཀྱི་ཞིང་ཆེན་རིམ་པའི་རིག་གནས་དབུལ་སྐྱོར་ཐོན་ལས་གསར་སྐྲུན་རྟེན་གཞི་4བཙུགས་པ་དང་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་དབུལ་སྐྱོར་འཁོར་ཁང་20ལྷག་ཙམ་བསྐྲུན་ཏེ་དབུལ་ཕོངས་མི་གྲངས900ལྷག་ཙམ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས།

ཞིང་སྡེའི་ཡུལ་སྐོར་དང་མི་རིགས་ལག་ཤེས་བཟོ་རྩལ་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལ་དམིགས་ནས་དབུལ་སྐྱོར་འཁོར་ཁང་འཛུགས་རྒྱུ་ནི་ཐོན་ལས་དབུལ་སྐྱོར་གྱི་ཆ་ཤས་ཤིག་རེད། མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཆ་འཕྲིན་ལས་མངོན་པ་ལྟར་ན། མིག་སྔར་ཞིང་ཆེན་ཡོངས་སུ་དབུལ་སྐྱོར་འཁོར་ཁང་སྣ་ཚོགས310སྒོ་བྱང་བཀལ་ནས་ལས་གཉེར་བྱས་ཏེ་མང་ཚོགས་ཁྲི་གཅིག་སྟོང་བཞི་ཐག་ཉེ་ས་དང་ས་ཆ་དེ་གར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས།

མཚོ་སྔོན་ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུས་ཀྱི་ཅུས་ཀྲང་མཱ་ཧྥུང་ཧྲེང་གིས་བཤད་རྒྱུར། ཐོན་ལས་དབུལ་སྐྱོར“ཕྱོགས་ཡོངས་ལ་ཁྱབ་པ་ལྔ”མངོན་འགྱུར་བྱུང་བ་སྟེ། གཅིག་ནི་རྫོང 39ཡི་དབུལ་སྐྱོར་ཐོན་ལས་གླིང་ཕྱོགས་ཡོངས་ལ་ཁྱབ་པ་དང་། གཉིས་ནི་སྡེ་བ་དབུལ་པོ་1622ཀྱི་རོགས་རེས་འཕེལ་རྒྱས་མ་དངུལ་ཕྱོགས་ཡོངས་ལ་ཁྱབ་པ། གསུམ་ནི་སྡེ་བ་དབུལ་པོ་ཚང་མའི་སྡེ་བ་རིམ་པའི་འོད་ཤུགས་དབུལ་སྐྱོར་རྣམ་གྲངས་ཕྱོགས་ཡོངས་ལ་ཁྱབ་པ། བཞི་ནི་མི་གྲངས་དབུལ་པོ་2358ཡོད་པའི་དབུལ་ཕོངས་མིན་པའི་སྡེ་བའི་སྡེ་བ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི་རྒྱབ་སྐྱོར་མ་དངུལ་ཕྱོགས་ཡོངས་ལ་ཁྱབ་པ། ལྔ་ནི་ངལ་རྩོལ་ནུས་ཤུགས་ལྡན་པའི་མི་གྲངས་དབུལ་པོ་འབུམ་བཞི་ཁྲི་བརྒྱད་ལྷག་གི་ཁྱིམ་ཚང་དུ་སྤྲད་པའི་ཐོན་ལས་རྒྱབ་སྐྱོར་མ་དངུལ་ཕྱོགས་ཡོངས་ལ་ཁྱབ་ཡོད།

མཚོ་སྔོན་ཞིང་ཆེན་གྱིས་སྲིད་ཇུས་སྣ་ཚོགས་སྣེ་ཁྲིད་དུ་བྱས་ནས་གནད་སྨིན་དབུལ་ཐར་ལ་སྐུལ་འདེད་ནུས་ལྡན་བཏང་ཞིང་། ཟླ་4ཚེས་21ཉིན་བར་ཞིང་ཆེན་ཡོངས་ཀྱི་རྫོང་ 42ཚང་མ་རྫོང་དབུལ་པོ་ནས་ཕྱིར་འཐེན་བྱས་པ་དང་། མི་གྲངས་དབུལ་པོ་འབུམ་ལྔ་ཁྲི་གསུམ་སྟོང་དགུ་ཚང་མ་དབུལ་ཐར་བྱུང་ནས་དབུལ་པོ་དབུལ་ནག་ཕྱོགས་ཡོངས་ནས་མེད་པར་བཟོ་བའི་དམིགས་ཚད་མངོན་འགྱུར་བྱུང་ཏེ། ས་ཁོངས་རང་བཞིན་གྱི་དབུལ་པོ་སྤྱི་ཡོངས་ནས་ཐག་གཅོད་ཐུབ་པ་བྱུང་ཡོད།

མཱ་ཧྥུང་ཧྲེང་གིས་བཤད་རྒྱུར། “དབུལ་ཞྭ”ཕུད་རྗེས་མཚོ་སྔོན་གྱིས“འགན་ལེན་གསུམ”མཐོར་གཏོང་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ཐོན་ལས་ཀྱི་ལས་ཞུགས་དབུལ་སྐྱོར། དབུལ་པོ་ལྟ་ཞིབ་ཚད་ལེན་སོགས་ཐད་ཀྱི་ཞན་ཆ་སེལ་བ་དང་ཉམས་ཞན་སྟོབས་ཆེར་གཏོང་རྒྱུ་གཙོ་གནད་དུ་བཟུང་ཏེ། མཁྲེགས་གཏོར་གྱི་ཕན་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་དབུལ་ཐར་གྱི་སྤུས་ཚད་ཇེ་མཐོར་བཏང་ནས་དབུལ་ཐར་མཁྲེགས་གཏོར་དང་ཞིང་སྡེ་འཕེལ་རྒྱས་སྦྲེལ་མཐུད་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།