ཧན་ཧྲེ་ཀུག་སྡེ་བའི་གོ་རེའི་བྲིན་ཚོང་།
2020.05.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 18

 “གོ་རེ་མེ་ཏོག་མ་ཡོད་དམ། ང་ལ་ཁུག་མ་གང་དགོས། ”“ཚང་མ་བྲེལ་བ་མ་ལངས། ཚང་མར་འདང་ངེས་ཡིན། ”ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་བདུན་གཅིག་ལམ་གྱི་ཀྲིག་ཅ་ཆོན་གྱི་ཉེ་འགྲམ་དུ། ཏག་ཏག་ལས་མགོ་བསྐྱར་དུ་བརྩམས་རུང་ཡིན་པའི་ཆིན་ཧོང་ཧན་ཧྲེ་ཀུག་གོ་རེའི་སྒོ་རྟགས་ཅན་གྱི་ཚོང་ཁང་དུ་མི་ཚོགས་མང་པོ་འཚང་ཁ་ཤིག་ཤིག་བྱེད་ཀྱི་འདུག  ཉིན་དེ་གཅིག་པུར་སྤྱི་རྒྱ་སུམ་བརྒྱ་ལྷག་ཡོད་པའི་གོ་རེ་སྣ་ཚོགས་མི་རྣམས་ཀྱིས་འཕྲོག་རེས་བརྒྱབ་ནས་ཉོས་ཚར་འདུག  རྣམ་པ་དེས་ཧན་ཧྲེ་ཀུག་སྡེ་བའི་གོ་རེ་ཐོན་ལས་དེ་ད་ལྟ་ཕྱོགས་ཡོངས་ནས་བསྐྱར་དུ་མགོ་ཚུགས་པ་གསལ་བོར་མཚོན་ཐུབ་ཀྱི་ཡོད།

ཧན་ཧྲེ་ཀུག་སྡེ་བར་གོ་རེ་ལས་ནས་ཚོང་རྒྱག་པའི་ལོ་རྒྱུས་རིང་པོ་ཡོད། ཉིས་སྟོང་བཅུ་དགུ་ལོའི་ལོ་སྟོད་ནས་བཟུང་། ཧན་ཧྲེ་ཀུག་སྡེ་བའི་གོ་རེའི་ཡན་ལག་ཚོང་ཁང་དེ་ཟི་ལིང་དང་མཚོ་ཤར། ཀན་སུའུ། མཚོ་ལྷོ། ཧྲན་ཞི། ཉིན་ཞ། ཞིན་ཅང་། ཧྲན་ཏུང་སོགས་ས་གནས་མང་པོར་ཡོད་ཅིང་། སྡེ་བ་ཡོངས་ཀྱི་མི་བཞི་བརྒྱ་ལྷག་ཕྱི་རོལ་ནས་ལས་ཞུགས་བྱུང་ཐུབ་ཡོད་པ་དང་། ལོ་ཧྲིལ་བོའི་གོ་རེའི་དཔལ་འབྱར་ཡོང་སྒོ་དེ་སྒོར་མོ་ས་ཡ་ལྔ་ཙམ་རེད །ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཅིག་པར། ཧན་ཧྲེ་ཀུག་སྡེ་བའི་ཧྲུའུ་ཅི་དང་པོ་ལིས་ཏུང་དང་སྡེ་བའི་ལས་བྱེད་པའི་དུས་སྐབས་ཡག་པོ་དམ་འཛིན་བྱས་ནས། ནན་ཅིན་གྲོང་ཁྱེར་ཆིས་ཞ་ཆུའུ་ཡའོ་ཧ་ཁྲོམ་ལམ་དོན་གཅོད་ཁང་དང་མཉམ་ལས་བྱས་ནས། ཧན་ཧྲེ་སྡེ་བའི་གོ་རེ་ཐོན་ལས་འཕེལ་རྒྱས་ལྟེ་གནས་བཙུགས་པར་མ་ཟད། གོ་རེ་ཐོན་ལས་ཀྱི་གསོ་སྦྱོང་བྱ་བ་སོགས་ལེགས་པོར་སྤེལ་ནས་ཧན་ཧྲེ་ཀུག་གོ་རེའི་ཚོང་རྟགས་ཐོ་འགོད་བྱས།

ད་ལོའི་རིམས་ནད་ཀྱི་སྐབས་སུ། ཧན་ཧྲེ་ཀུག་སྡེ་བའི་གོ་རེ་ཐོན་ལས་འཕེལ་རྒྱས་ལྟེ་གནས་ཀྱིས་གོ་རེ་ཐོན་སྐྱེད་བྱེད་པའི་ལས་མཚམས་ཡོངས་སུ་བཞག་དང་།  དེ་ཡིས་ཟི་ལིང་གྲོང་ཁྱེར་གྱི་གོ་རེ་ཚོང་ལས་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་པ་རེད།

ཟླ་གསུམ་པའི་ཟླ་སྟོད་ནས་བཟུང་། ཧོང་ཀྲུང་རྫོང་ལིས་ཅ་ཧྲན་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་སྡེ་བའི་ལས་བྱེད་པ་དང་གོ་རེའི་ཚོང་བདག་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་ཚོགས་འདུ་བསྡུས་ཤིང་། མིག་སྔར་གྱི་གོ་རེའི་ཚོང་ཁང་གི་དཀའ་ཁག་སྐོར་ལ་རྟོག་དཔྱོད་ཞིབ་འཇུག་བྱས་ཏེ། ཐོན་ལས་སླར་གསོ་བྱེད་པའི་ཇུས་གཞི་བཟོས་ནས་འབད་བརྩོན་ཆེན་པོས་དབུལ་སྐྱོར་ལས་གཞིའི་མ་དངུལ་སྒོར་མོ་ས་ཡ་གཉིས་དང་འབུམ་བཞི་ཁྲི་བརྒྱད་བརྩོན་ལེན་བྱས་པ་དང་། ཟི་ལིང་གྲོང་ཁྱེར་མཁར་ཤུལ་ཆུའུ་བདུན་གཅིག་ཤར་ལམ་དང་ཁྲའོ་དབྱང་ཤར་ལམ་གཉིས་སུ་སོ་སོར་ཧན་ཧྲེ་སྡེ་བའི་གོ་རེའི་ཚོང་རྟགས་ཅན་གྱི་ཚོང་ཁང་གཉིས་བཙུགས།  ལོ་ཧྲིལ་བོར། ཟི་ལིང་ས་ཁུལ་དུ་ཧན་ཧྲེ་ཀུག་སྡེ་བས་གཉེར་བཞིན་པའི་གོ་རེ་ཆེད་ཚོང་ཁང་བརྒྱ་ལྷག་ལ་རིམ་འཕར་དང་བཅོས་སྒྱུར་བྱས་ཏེ། སྒོ་བྱང་གཅིག་འདྲ་དང་རྒྱུ་ཆ་གཅིག་འདྲ་ཡིན་པ། འཕྲོད་བསྟེན་གྱི་ཚད་གཞི་གཅིག་འདྲ་ཡིན་པ། ཞབས་ཞུའི་ཚད་གཞི་གཅིག་འདྲ་ཡིན་པ། ཟོང་རྟགས་གཅིག་འདྲ་ཡིན་པའི་དོ་དམ་བྱེད་སྟངས་ཀྱི་རྣམ་པ་ཆགས་པར་བྱས་ནས། ཧན་ཧྲེ་ཀུག་སྡེ་བའི་གོ་རེའི་ཚོང་རྟགས་ཀྱི་རྣམ་པ་དེ་ལེགས་ཕྱོགས་སུ་འཕེལ་བར་བྱས།

ཧན་ཧྲེ་ཀུག་སྡེ་བའི་གོ་རེ་ཚོང་ཁང་དེ་དག་དང་སྡེ་བའི་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་ཁྱིམ་ཚང་རྣམས་ཀྱི་བར་དུ་རོགས་སྐྱོར་གྲོས་མཐུན་ཡི་གེ་བཀོད་དེ། གོ་རེ་ཚོང་ཁང་དེ་དག་གིས་ཐོག་མར་ཧན་ཧྲེ་ཀུག་སྡེ་བ་དང་ཡང་ན་ལིས་ཅ་ཧྲན་གྲོང་རྡལ་གྱི་ཡིག་ཚགས་བྱང་བུ་བཟོས་ཡོད་པའི་ཁྱིམ་ཚང་གི་ལོག་དཀར་གྱི་སྣུམ་དང་ཕྱེ་སོགས་བསྡུ་ཉོ་བྱེད་པ་དང་། ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་ཁྱིམ་ཚང་གི་ལས་ཀ་བ་ཚོ་ཚོང་ཁང་དེ་དག་ཏུ་ལས་ཞུགས་བྱེད་དུ་བཅུག་སྟེ། ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་གི་ཡོང་འབབ་འཕར་སྣོན་བྱེད་པར་སྣེ་ཁྲིད་བྱས་པ་ཡིན་ཞེས་སྡེ་བའི་ཏང་ཀྲི་པུའུ་ཧྲུའ་ཅི་ཀྲིག་བུན་གྱིས་བཤད།

སྡེ་བ་དེ་རུ་ཐོག་དང་པོར་གོ་རེ་ལས་ནས་ལག་རྩལ་དགེ་རྒན་དུ་གྱུར་བའི་ཀྲིག་བུན་གྱིས་ལོ་ངོ་སུམ་བཅུའི་རིང་གི་དཀའ་སྤྱད་བརྒྱུད་རྗེས།  ཁོ་རང་གོ་རེ་ལས་པའི་ལག་རྩལ་སློབ་མཁན་ཞིག་ནས་གོ་རེ་ལས་མཁན་གྱི་ལག་རྩལ་དགེ་རྒན་ཞིག་ཏུ་གྱུར་བ་རེད། དུས་རྒྱུན་དུ་ཁོས་རང་གིས་གཉེར་བའི་གོ་རེ་ཚོང་ཁང་དེ་དག་ལ་ཕྱོགས་གང་ཐད་ཀྱི་རྨང་གཞི་བཟང་བོ་ཞིག་བཏིངས་རྗེས་སུ་སྡེ་བའི་ནང་གི་སྡེ་མི་གཞན་ལ་སྐོར་ནས་ཁོ་ཚོར་ཐད་ཀར་དུ་ཚོང་གཉེར་བྱེད་དུ་འཇུག་བཞིན་ཡོད་པ་རེད།  དེ་དང་མཉམ་དུ་ཁོས་རང་ཉིད་ཀྱིས་དུས་ཡུན་རིང་བོར་སློབ་སྦྱོང་བྱས་ནས་ཐོབ་པའི་ལག་རྩལ་དེ་དག་སྡེ་བའི་ནང་གི་གོ་རེ་ལས་པའི་ལག་རྩལ་སློབ་འདོད་ཡོད་མཁན་གྱི་ན་གཞོན་རྣམས་ལ་བརྒྱུད་སྤྲོད་བྱས་ནས། དབུལ་ཕོངས་ཁྱིམ་ཚང་མང་པོ་ཞིག་གིས་གོ་རེ་ལས་པའི་དཔལ་འབྱོར་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་པའི་རྨི་ལམ་མངོན་འགྱུར་བྱེད་པར་སྣེ་ཁྲིད་བྱེད་བཞིན་ཡོད། ཁོས་སྣེ་ཁྲིད་བྱས་པའི་དབུལ་ཕོངས་ཁྱིམ་ཚང་གསུམ་གྱི་ཧན་ཧྲེ་ཀུག་གོ་རེ་ཚོང་རྟགས་ཅན་གྱི་ཚོང་ཁང་དེ་དག་གི་ཉིན་གཅིག་གི་འཛད་སྤྱོད་སྒོར་མོ་སྟོང་གཉིས་ཡས་མས་སུ་འབུད་ཀྱི་ཡོད།

ང་ཚོས་ཧན་ཧྲེ་ཀུག་སྡེ་བའི་གོ་རེ་དེ་ཁྱིམ་ཚང་རེ་རེ་ཡིས་ཤེས་པའི་ཟོང་རྟགས་ཤིག་ཏུ་བསྐྲུན་ནས། ཧན་ཧྲེ་ཀུག་སྡེ་བའི་གོ་རེ་ཚོང་ལམ་དེ་ས་གནས་མང་པོ་ཞིག་ལ་ཁྱབ་པར་བྱེད་དུ་འཇུག་རྒྱུ་ཡིན། ལོ་རབས་དགུ་བཅུ་བའི་རྗེས་ཀྱི་མྰ་ཅོན་པའོ་ནི་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཡིན་པ་དང་།   ཁོས་བློ་སེམས་གཅིག་གིས་ཁྱིམ་ཚང་གི་ཆ་རྐྱེན་གནས་བབ་བསྒྱུར་བརྒྱུའི་སྐོར་ལ་བསམ་བློ་བཏང་སྟེ། རང་གི་ཉེ་འབྲེལ་གྱི་རྗེས་སུ་འབྲངས་ནས་གོ་རེ་ལས་པའི་ལག་རྩལ་སྦྱང་བཞིན་ཡོད།  ཁོའི་ལག་རྩལ་གྱིས་རང་མགོ་ཐོན་ཏེ་རང་ཉིད་ཀྱིས་གོ་རེ་འཚོང་སའི་ཚོང་ཁང་ཞིག་འཛུགས་འདོད་པའི་སྐབས་དེར། སྒོར་མོ་ཁྲི་གཉིས་ཙམ་གྱི་ཐོན་ལས་དབུལ་སྐྱོར་མ་དངུལ་དེ་ཁོའི་ལག་ཏུ་འབྱོར་ཞིང་། དེའི་ཁར་ཁོས་རང་གི་ཤ་ཉེའི་ལག་ནས་སྒོར་མོ་རེ་འགའ་བསྐྱིས་ཏེ་ཟི་ལིང་གྲོང་ཁྱེར་ནས་གོ་རེའི་ཚོང་ཁང་ཞིག་བཙུགས།  ད་ལྟ་ཁོས་ཚོང་ལས་དེ་གཉེར་ནས་ལོ་ངོ་གསུམ་ཙམ་གྱི་དུས་ཚོད་སོང་ཡོད་པ་དང་ཁྱིམ་ཚང་གཞི་ནས་དབུལ་ཐར་བྱས་ཟིན་པར་མ་ཟད། རང་ཡུལ་གྱི་གཞིས་ཁྱིམ་རྙིང་པ་དེ་ཡང་སླར་གསོ་ཡག་པོ་བྱས་པ་དང་། རླངས་འཁོར་གསར་བ་ཉོས་ཏེ་སྡེ་བའི་ནང་གི་དབུལ་ཐར་ཕྱུག་འགྱུར་གྱི་སྣེ་ཁྲིད་པར་གྱུར་ཡོད།

གོ་རིམ་རྗེས་མར། ང་ཚོས་ཧན་ཧྲེ་ཀུག་གི་གོ་རེ་ཐོན་ལས་ཀྱི་གཞི་རྒྱ་ཆེ་རུ་བཏང་སྟེ། དབུལ་ཁྲིད་རྐྱེན་སྲོལ་བཙུགས་ཏེ་དབུལ་ཕོངས་ཁྱིམ་ཚང་སྔར་ལས་མང་པོ་ཞིག་གི་སྣེ་ཁྲིད་ནས།  སྡེ་བའི་ནང་དུ་དྲི་ཞིམ་སྲན་མ་དང་ལོག་དཀར་སོགས་གོ་རེ་ཐོན་ལས་ཐད་དགོས་གལ་ཆེ་བའི་རྒྱུ་ཆའི་སྐོར་འདེབས་འཛུགས་བྱེད་རྒྱུ་ཡིན་པར་མ་ཟད། སྡེ་བའི་ནང་གི་ཞིང་པ་ཁྱིམ་ཚང་དག་གིས་འདེབས་འཛུགས་བྱས་པའི་ལོག་དཀར་སོགས་སྔོན་ལ་བསྡུ་ཉོ་བྱེད་པ་དང་། སྡེ་བའི་ནང་གི་ངལ་རྩོལ་བ་ལྷག་མ་གོ་རེ་ལས་པའི་ཐོན་ལས་ཁྲོད་ཞུགས་སུ་བཅུག་ནས་ཡོང་འབབ་འཕར་སྣོན་འབྱུང་བར་བྱས་ཏེ་དབུལ་ཐར་མཁྲེགས་གཏོར་ལ་རོགས་རམ་བྱེད་དགོས། དེ་དང་མཉམ་དུ། གོ་རེའི་ཚོང་ལམ་འཚོལ་བའི་བྱེད་ཐབས་སྣ་ཚོགས་འཚོལ་སྙེག་བྱས་ནས། གོ་རེའི་འཛད་སྤྱོད་ཀྱི་ལམ་བུ་རྒྱ་བསྐྱེད་ནས་མང་ཚོགས་ཀྱི་ཁེ་ཕན་དང་ཟོང་རྟགས་སྲ་བརྟན་དུ་གཏོང་བའི་དམིགས་འབེན་གཉིས་མཉམ་རྒྱལ་གྱིས་ཧན་ཧྲེ་ཀུག་གི་གོ་རེ་དེ་མཚོ་སྔོན་ནས་རྒྱལ་ཡོངས་སུ་བསྐྱོད་དེ། ཧོང་ཀྲུང་རྫོང་གི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་ཀྱི་ཟོང་རྟགས་གཙོ་བོར་བསྐྲུན་དགོས་ཞེས་ཧོང་ཀྲུང་རྫོང་ལིས་ཅ་ཧྲན་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཏུའུ་ཅོན་གྱིས་བཤད།

                                                                                  ལོ་ཙཱ་བ། གཡང་འབུམ་རྒྱལ།