བཙན་མོ་ཆུ་བོའི་འགྲམ་ནས་དལ་མོར་བསྐྱོད་པ་ན། གནའ་བོའི་སྡེ་བ་རེ་རེ་ཆུ་འགྲམ་དུ་ཆགས་ཡོད་ལ། གནའ་སྡོང་དང་གནའ་གྲོང་། གནའ་བོའི་བཟོ་སྐྲུན་བཅས་ཀྱི་རིག་གནས་ཀྱི་རྫོང་མཐུག་པོས་མི་སེམས་དབང་མེད་དུ་འགུག་པར་བྱེད། སྤྲོ་གསེང་ཞིང་པའི་སྤྲོ་སྐྱིད་ཁང་དང་ཆེད་ལས་མཉམ་ལས་ཁང་སོགས་ཡུལ་སྐོར་དབུལ་སྐྱོར་ལས་གཞི་སྣ་ཚོགས་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཡོང་སྒོ་འཕར་སྣོན་གཏོང་བཞིན་གདའ། མཛེས་ཤིང་སྡུག་པའི་ཞིང་སྡེའི་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་རྫོངས། བདེ་ཞིང་སྐྱིད་པའི་མང་ཚོགས་ཀྱི་འཚོ་བ་བཅས་ནི་རྨ་ལྷོ་ཁུལ་གྱིས་སྲོལ་རྒྱུན་རིག་གནས་སྡེ་བའི་སྲུང་སྐྱོབ་ལ་ཤུགས་ཡོད་རྒུས་སྐུལ་འདེད་བྱས་པའི་འདྲ་གཟུགས་དངོས་རེད།
“ཕྱི་ངོས་ཀྱི་སྐྱེ་ཁམས་མཛེས་ལྗོངས”ཁོ་ན་ཡོད་པས་མི་ཆོག་པར། སྲོལ་རྒྱུན་སྡེ་བ་འཕེལ་རྒྱས་སུ་གཏོང་ན། དེ་བས་ཀྱང“ནང་ངོས་ཀྱི་ཐོན་ལས་དར་རྒྱས”གཏོང་དགོས་པ་རེད། སྲོལ་རྒྱུན་རིག་གནས་སྡེ་བར་སྲུང་སྐྱོབ་དང་བེད་སྤྱོད་གཏོང་བའི་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་བཙན་མོ་ཞང་གི་གནའ་ཉམས་ལ་རྣམ་པ་གསར་པ་ཞིག་མངོན་པ་དང་། གནའ་བོའི་བཟོ་སྐྲུན་གྱི་ཚོགས་དང་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག གནའ་ཉམས་བབ་ཆགས་ཀྱི་སྡེ་སྲོལ་དམངས་སྲོལ་སོགས་ནི་ཕ་ཡུལ་དྲན་པའི་ཡུལ་སྐོར་པ་རྣམས་ཀྱི་སེམས་གསོ་བའི་སྨན་དུ་གྱུར་ཡོད།
ཡུལ་དེ་རུ། བེད་མེད་དུ་ལུས་པའི་སྡོད་ཁང་རྙིང་པ“ཞིང་པའི་སྤྲོ་སྐྱིད་ཁང”དུ་གྱུར་ཡོད་ལ། ཤིང་བརྐོས་ལག་རྩལ་རྒྱུན་འཛིན་པ་དོན་འགྲུབ་ཀྱིས་ཡང་བསྐྱར་རང་གི་ལག་རྩལ་ལ་འཇུས་ནས་བོད་ཀྱི་ལག་ཤེས་བཟོ་ལས་ཐོན་རྫས་བཙོང་བ་དང་། སྡེ་མི་རྣམས་ཀྱིས“ཟློས་གར་ཚོགས་པ”བཙུགས་ཡོད། ལོ་རེའི་དབྱར་ཁར་རི་བོའི་འདབས་དང་ཆུ་བོའི་འགྲམ་དུ་ཆགས་པའི་གནའ་བོའི་ཞིང་སྡེ་དེ་རུ་ཤིང་སྡོང་ལྗང་ངེར་གནས་ཤིང་གཟན་རྩྭ་མཐུག་པོར་སྐྱེས་ལ། མེ་ཏོག་ལྷམ་མེར་བཞད་ཅིང་བྱ་བྱེའུ་ཡིས་གླུ་སྐད་སྒྲོག ཉམས་ལེན་ར་བའི་ནང་དུ་ཡུལ་སྐོར་པ་རྣམས་ཀྱིས་ཆུ་རྩེད་བྱེད་པ་དང་། མི་རིགས་ཡུལ་སྲོལ་གྱི་ཞབས་བྲོར་རོལ་མྱོང་བྱེད་པ་སོགས་དགའ་སྤྲོའི་དཔལ་ལ་རོལ་བཞིན་ཡོད།
ཡུལ་སྐོར་གླེང་བ་ན། ཐུན་རིན་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུའུ་ཡི་ཅུའུ་ཀྲང་ཁྲེན་ཡུན་ཀྲང་གིས་སེམས་འགུལ་ཐེབས་པའི་སྒོ་ནས་བཤད་རྒྱུར། ཞིང་སྡེའི་ཡུལ་སྐོར་ལས་རིགས་དར་རྒྱས་བྱུང་བ་དང་བསྟུན་ནས། སྒེར་གྱི་རླངས་འཁོར་བསྐོར་ནས་ཞིང་སྡེའི་ཞིང་ཁའི་འཚོ་བར་ཉམས་ལེན་བྱེད་དུ་ཡོང་བའི་ས་ཆ་གཞན་གྱི་ཡུལ་སྐོར་པ་ཇེ་མང་ནས་ཇེ་མང་རེད། ད་ལོའི“ལྔ་གཅིག”གུང་གསེང་སྐབས་སུ། ས་ཆ་གཞན་གྱི་ཡུལ་སྐོར་པ་འགའ་བཙན་མོ་སྡེ་བ་བརྒྱུད་ནས་འགྲོ་སྐབས་དགའ་སྤྲོ་ཆེན་པོ་སྐྱེས། གཅིག་རྗེས་གཉིས་མཐུད་དུ་རླངས་འཁོར་ནས་སར་བབས་ཏེ་རྗེས་དྲན་འདྲ་པར་བླངས། ཚང་མས་འདི་འདྲའི་ལུང་ཕུགས་ཤིག་ཏུ་འདི་ལྟ་བུའི་མཛེས་སྡུག་གི་ཡུལ་གྲུ་ཞིག་ཡོད་པ་ཡིད་ལའང་མ་དྲན་ཟེར།
“ད་ལྟ་ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་སུ་གཏང་ན་ཅི་ཞིག་གིས་ཡུལ་སྐོར་པ་འགུག་ཐུབ་བམ། ངོ་མ་བཤད་ན། རི་སྔོ་ཆུ་དྭངས་ནི་ང་ཚོའི་གསེར་རི་དངུལ་རི་ཡིན། མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་ཡོད་པས། ཡུལ་སྐོར་པར་སྤྲོ་གསེང་རིམ་མཐོའི་ཕུལ་བྱུང་ཡུལ་སྐོར་ཞབས་ཞུའང་འདོན་སྤྲོད་བྱས་ན། ད་གཟོད་ཡུལ་སྐོར་དུ་ཡོང་མཁན་ཇེ་མང་དུ་འགྲོ་ངེས་པར་མ་ཟད། སྡེ་བའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་ལྗང་མདོག་དམངས་ཕྱུག་གི་ཕན་འབྲས་གཉིས་ཀ་མངོན་འགྱུར་བྱེད་ཐུབ”ཅེས་ཁྲེན་ཡུན་ཀྲང་གིས་བཤད།
རྒྱུས་ལོན་བྱུང་བ་ལྟར་ན། ལོ་ངོ་གཉིས་ཀྱི་རིང་ལ་འཕེལ་རྒྱས་བྱུང་བ་བརྒྱུད་དེ། བཙན་མོ་སྡེ་བས་ཐུན་མོང་སྤྲོ་གསེང་སྣེ་ལེན་ལྟེ་གནས་གཉིས་དང་ཁྱིམ་ཚང་སྡོད་ཁང་བཞི་བཅུ་བཙུགས། ཞིང་སྡེའི་ཡུལ་སྐོར་དུས་ཆེན་དང་སྒེར་གྱི་རླངས་འཁོར་བསྐོར་ནས་ཡུལ་སྐོར་བྱེད་པ་སོགས་ཀྱི་བྱ་འགུལ་སྣ་ཚོགས་ལ་བརྟེན་ནས། ད་ལོར་ཡུལ་སྐོར་པ4000ལྷག་སྣེ་ལེན་བྱས་ཏེ་ཡུལ་སྐོར་ཡོང་སྒོ་སྒོར་ས་ཡ་གསུམ་ལྷག་བླངས། སྔོན་ཆད་ཀྱི་དབུལ་ཕོངས་སྡེ་བ་དེ་ད་ལྟ་ཀུན་གྱི་མིག་དབང་གཏོད་སའི་ཞིང་སྡེའི་ཡུལ་སྐོར་གྱི་གནས་མཆོག་ཅིག་ཏུ་གྱུར་ཡོད།
ང་ཚོས་བཅར་འདྲི་བྱེད་པའི་ཁྲོད་ནས་ད་དུང་རྒྱུས་ལོན་བྱུང་བ་ལྟར་ན། བཙན་མོ་ཞང་གིས་ཞིང་སྡེའི་ཡུལ་སྐོར་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་བ་དང་མཉམ་དུ། ད་རུང་སྡོང་ཕྲུག་འཛུགས་པ་དང་བོད་སྨན་སྨན་རྩྭ་འདེབས་འཛུགས། གྲོ་མ་འདེབས་པ། ནོར་ལུག་གསོ་སྤེལ། ཡུལ་སྐོར་སོགས་ཀྱི་མཉམ་ལས་ཁང་མང་པོ་ཞིག་བཙུགས་ཡོད་པ་རྟོགས། དབུལ་སྐྱོར་ཐོན་ལས་ཡིན་པའི་ཆ་ནས་མཉམ་ལས་ཁང་གིས་མང་ཚོགས་ལ་རོགས་རམ་བྱས་ཏེ་གཅིག་གྱུར་གྱིས་དོ་དམ་དང་ཕྱིར་འཚོང་བྱས་ཏེ། མང་ཚོགས་ཀྱི་ཐོན་ལས་འཕེལ་རྒྱས་ཐད་འབྱུང་འགྱུར་གྱི་སེམས་ཁྲལ་མེད་པར་བཟོས།
ཉེ་བའི་ལོ་འགའི་རིང་ལ། ཡུལ་སྐོར་ཁོར་ཡུག་སྔར་བས་ཇེ་ལེགས་སུ་གཏོང་བ་དང་སྤྱི་པའི་ཞབས་ཞུའི་སྤུས་ཀ་ཇེ་མཐོར་གཏོང་བ། རབ་མཛེས་མཚོ་སྔོན་གྱི་ཡུལ་སྐོར་སྣང་བརྙན་མངོན་པ་བཅས་ཀྱི་ཆེད་དུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་དང་ཡུལ་སྐོར་སྡེ་ཁག་གིས་ཡུལ་སྐོར་སྤྱོད་ཁང་གི་བཅོས་བསྒྱུར་ལ་ནན་ཏན་སྒོས་སྐུལ་འདེད་བྱས་ནས། མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་གསུམ་ས་ཡ་བརྒྱད་བཏང་སྟེ་ཡུལ་སྐོར་སྤྱོད་ཁང་སྟོང་གཅིག་དང་ལྔ་བརྒྱ་སོ་གསུམ་གསར་ལས་དང་བསྐྱར་ལས་བྱས་པས། སྤྱོད་ཁང་གི་གྲངས་འབོར་སྔར་ལས་ཇེ་མང་དུ་སོང་བ་དང་ཞབས་ཞུའི་སྤུས་ཀ་བརྟན་བརླིང་ངང་འཕར་ནས། ཡུལ་སྐོར་པས་སྤྱོད་ཁང་མི་རྙེད་པ་དང་སྤྱོད་ཁང་བཀོལ་སྤྱོད་དཀའ་བའི་གནད་དོན་ལེགས་བསྒྱུར་ཆེན་པོ་བྱུང་བས། ཡུལ་སྐོར་པ་ཡིད་ཚིམས་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་། ད་ལོར་ལས་རྩིས་ཡོད་པའི་ཡུལ་སྐོར་སྤྱོད་ཁང་བརྒྱ་དང་གྱ་བཞི་བོ་ནིAརིམ་པའི་ལྗོངས་ཁུལ་དང་ཡུལ་སྐོར་བགྲོད་ལམ་ལམ་རྒྱུད། ཞིང་སྡེའི་ཡུལ་སྐོར་དབུལ་སྐྱོར་སྡེ་བ། ཞིང་སྡེའི་ཡུལ་སྐོར་སྣེ་ལེན་བྱེད་གནས། ཡུལ་སྐོར་འདུ་འགྲེམ་ས་གནས་སོགས་སུ་ཁེབས་རྒྱུ་རེད། ལྷག་པར་དུ་དྲ་ངོས་ལྗོངས་ཁུལ་གྲགས་ཅན་ཁ་ཤས་དང་ཡུལ་སྐོར་བགྲོད་ལམ་གཙོ་བོའི་ལམ་རྒྱུད་དུ་སྤོ་སྒུལ་ཁོར་སྲུང་སྤྱོད་ཁང་གི་གྲངས་ཀ་ཇེ་མང་དུ་གཏོང་རྒྱུ་དང་། ཡུལ་སྐོར་སྤྱོད་ཁང་གི་སྟབས་ཇེ་བདེ་རུ་བཏང་སྟེ། ཡུལ་སྐོར་དུས་གཞུང་སྐབས་ཀྱི་ཡུལ་སྐོར་པས་སྤྱོད་ཁང་འཚོལ་དཀའ་བའི་གནད་དོན་མེད་པར་གཏོང་རྒྱུ་རེད།
ཟླ་དྲུག་པའི་རྨ་ལྷོ་ཡི་རང་བྱུང་དང་མི་ཆོས་རིག་གནས་ཀྱི་མཛེས་ལྗོངས་ལྟ་ན་སྡུག ལམ་འགྲམ་བརྒྱུད་ནས་འགྲོ་ཞོར་ས་ཞིང་དང་རི་ཐང་གི་མཛེས་ལྗོངས་ལ་ལྟད་མོར་བལྟས་ན། ཡལ་འདབ་རབ་ཏུ་རྒྱས་པའི་གནའ་སྡོང་གི་ཡལ་ག་རྣམས་མ་ཡུམ་ས་གཞི་ལ་ཆགས་ནས་དེའི་པང་དུ་མཆོངས་བ་དང་མཚུངས་ལ། དེ་ཡིས་ས་གཞི་དྲོན་མོ་འདིའི་སྟེང་དུ་ལས་ལ་བརྩོན་ཞིང་སེམས་པ་བཟང་བའི་མི་རྣམས་ཀྱིས་མཛེས་སྡུག་གི་ཁྱིམ་གཞིས་བསྐྲུན་པའི་ཡིད་ཆེས་དང་རེ་བ་བདེན་དཔང་བྱེད་པ་དང་ཡང་མཚུངས།
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།