དབུལ་ཕོངས་ཁྱིམ་ཚང་ནས་ཕྱུག་འགྱུར་གྱི་སྣེ་ཁྲིད་མཁན་དུ་གྱུར།
2020.07.15 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་བདུན་པའི་མཁར་དམར་རྩྭ་ཐང་དུ་ཤ་མོ་སེར་པོ་སེར་ལམ་མེར་ཡོད་པ་དང་། རིན་ཆེན་རྡོ་རྗེ་ཡང་བྲེལ་བ་ཆེན་པོ་ལངས་བཞིན་འདུག

རིན་ཆེན་རྡོ་རྗེ་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་མཁར་དམར་གྲོང་རྡལ་མཁར་དམར་སྡེ་བའི་ཡིན་ལ། འདི་རུ་ཆེས་མཛེས་པའི་རྩྭ་ཐང་སྟེ་མདོ་ལ་རིང་མོའི་རྩྭ་ཐང་ཆེན་པོ་ཡོད།

ཡངས་ཤིང་མཛེས་སྡུག་ལྡན་པའི་རྩྭ་ཐང་དང་ཏང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་ལ་བརྟེན་ནས། རིན་ཆེན་རྡོ་རྗེ་འབྲོག་པ་ཕལ་བ་ཞིག་ནས་ཡུལ་སྐོར་མཐུན་ཚོགས་ཀྱི་ཚོགས་གཙོར་གྱུར་ཡོད་པ་དང་། ཁྱིམ་ཚང་དབུལ་བོ་ནས་སྡེ་བ་ཡོངས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར་ཡོད།

དོན་དག་ཡོད་ཚད2015ལོར་རིན་ཆེན་རྡོ་རྗེ་དབུལ་ཕོངས་ཁྱིམ་ཚང་དུ་གནད་འཁེལ་དབྱེ་འབྱེད་བྱས་པ་ནས་གླེང་དགོས།

ཁྱིམ་བགོས་རྗེས་རིན་ཆེན་རྡོ་རྗེ་ཡིས་ཆུང་མ་དང་བུ། ད་དུང་ནོར་བཅུ་གཅིག་དང་ལུག་་བརྒྱ་དང་བཞི་བཅུ་ལྷག་ཙམ་དེད་ནས་རང་ལ་དབང་བའི་ཁྱིམ་ཚང་དེ་གཉེར་སྐྱོང་བྱས། ནོར་ལུག་དེ་དག་ཡོད་པས་འཚོ་བ་རོལ་ན་དཀའ་རྒྱུ་མེད་མོད། འོན་ཀྱང་འབྲོག་པ་ཞིག་གི་ངོས་ནས་བརྗོད་ན། ནོར་ལུག་ཇི་འདྲའི་མང་པོ་ཡོད་ཀྱང་རྩྭ་ས་མེད་ན་ཕན་པ་ཅི་ཡང་མེད།

ནོར་ལུག་དེད་ནས་ཁྱིམ་ནས་འགྲོ་དུས། རིན་ཆེན་རྡོ་རྗེ་ཡི་སེམས་སུ་རྩྭ་ཐང་ཆེན་པོ་འདིའི་སྟེང་དུ་ཁོ་རང་སྡོད་སའི་གནས་ཤིག་མེད་སྙམ་གྱིན་ཡོད།

རིག་གནས་ཆུ་ཚད་ཞན་པ་དང་ལག་རྩལ་མེད་པས་སྔར་བཞིན་ཕྱུགས་ལས་གཉེར་དགོས། རིན་ཆེན་རྡོ་རྗེ་ཡིས་མི་གཞན་ལ་ཕྱུགས་འཚོས་པ་དང་། 2015ལོར། གནད་འཁེལ་དབྱེ་འབྱེད་བྱས་ཏེ་ཁོ་རང་དབུལ་ཕོངས་ཁྱིམ་ཚང་དུ་བདམས།

སྐབས་དེར་ཁོས་སྡེ་བ་གཅིག་པའི་མི་ཚང་མར་རླངས་འཁོར་ཆུང་གྲས་དང་ཡོང་འབབ་བརྟན་པོ་ཡོད་པ་མཐོང་བས། རིན་ཆེན་རྡོ་རྗེ་སེམས་ཁྲལ་བྱུང་ནས་མཚན་གང་བོ་གཉིད་མ་ཁུག “ངས་ད་དུང་ཅི་ཞིག་བྱེད་ཐུབ་བམ། དུས་སྐབས་དེར་ཁོས་ཉིན་རྒྱུན་འདི་ལྟར་རང་ཉིད་ལ་འདྲི་ཚིག་དྲིས་པ་ཡིན།” རིན་ཆེན་རྡོ་རྗེ་ཡིས་མི་ཚེ་གང་བོར་མི་གཞན་ལ་ཕྱུགས་འཚོ་འདོད་མེད་པར། ཁོས་རྩྭ་ཐང་དུ་རས་གུར་ཕུབ་ན་ཡུལ་སྐོར་བ་ཡོང་སྲིད་ལ། དེ་ལ་ཚོད་ལྟ་ཅིག་བྱེད་ཆོག་བསམ།

དེ་ནས་རིན་ཆེན་རྡོ་རྗེ་ཡིས་རས་གུར་བཞི་གཡར་ནས་རྟ་བཞི་ཁྲིད་དེ་མཁར་དམར་གྲོང་རྡལ་གྱི་ཟི་ལིང་དང་ཀྲང་ཡེ་བར་གྱི་གཞུང་ལམ་གྱི་སྤྱི་ལེ་ཉིས་བརྒྱ་ཡི་སར་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་བཙུགས་པ་རེད།

ཡུལ་སྐོར་གྱི་ལས་ཀ་གཉེར་བར་རིན་ཆེན་རྡོ་རྗེ་བཟའ་མི་གཉིས་ཀ་ཡང་ཉམས་མྱོང་དེ་འདྲ་མེད། ཆུང་མས་རྩམ་པ་དང་ཞོ་སོགས་ཟས་མཆོག་གྲ་སྒྲིག་བྱེད་དགོས། ཁོས་ཡུལ་སྐོར་བ་འགུག་པ་ལས་གཞན་ད་དུང་རྟ་འཁྲིད་དེ་ཡུལ་སྐོར་བ་ཚོར་པར་རྒྱག་གིན་ཡོད་པས་ཁོ་བཟའ་ཟླ་གཉིས་ཉིན་ལྟར་བྲེལ་བ་ཧ་ཅང་ཆེ།

སྐབས་དེར་བྲེལ་བ་ཧ་ཅང་ཆེ། ངའི་ཟླ་དྲུག་གི་བུ་མོ་ལའང་ལྟ་རྟོག་བྱེད་ཁོམ་མེད། སྐབས་འགར་བུ་མོ་ངུས་ཚེ་ཡུལ་སྐོར་བས་རོགས་རམ་བྱས་ནས་ལྟ་སྐྱོང་བྱེད་བཞིན་ཡོད། རིན་ཆེན་རྡོ་རྗེ་ཡིས་ངུ་སྐད་ཞིག་ཕྱུང་ནས་ཁོས་ལོ་འདི་དག་གི་རིང་ལ་བུ་མོར་བདག་སྐྱོང་བཟང་བོ་བྱེད་མ་ཐུབ་པས་སེམས་འཕང་བ་ཞིག་རེད། དེ་བས་འབད་བརྩོན་ཆེན་པོས་ཡོང་འབབ་མང་པོ་བཙལ་ཏེ་བུ་དང་བུ་མོ་ལ་འཚོ་བ་སྔར་ལས་བཟང་བོ་རོལ་དུ་བཅུག་ན་ཁོའི་བློ་སེམས་ཀྱང་བདེ་རུ་བབ་ཆོག

རྩིས་རྒྱག་སྐབས། ཡུལ་སྐོར་བ་རྣམས་ལ་པར་རྒྱག་པའི་སྒོར་མོ་དང་ཁྱད་ལྡན་ཞིམ་ཟས་འཚོང་བའི་དངུལ་བསྣན་ན་ཟླ་བ་གཉིས་ལ་ཡོང་འབབ་སྒོར་ཁྲི་བཞི་ཡོད་པ་དེ་ཕྱུགས་འཚོ་བའི་དུས་ལས་ཧ་ཅང་མང་། རིན་ཆེན་རྡོ་རྗེ་ཡིས་ལོ་རྗེས་མར་ད་དུང་ཡུལ་སྐོར་གྱི་བྱ་བ་གཉེར་རྒྱུའི་ཐག་བཅད།

ལོ་གཉིས་པར་རིན་ཆེན་རྡོ་རྗེ་ཡིས་སྒོར་ཁྲི་ལྔ་ཡི་དངུལ་བུན་བསྐྱིས་པ་དང་། ཡང་བསྐྱར་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་བཙུགས། ཐེངས་འདིར་འབྲོག་པའི་སྤྲོ་སྐྱིད་ཁང་དུ་རས་གུར་བཅུ་དྲུག་ཡོད་ལ། དེ་དག་ནི་གངས་ལྷ་མེ་ཏོག་ཕྲེང་ལྟར་བསྒྲིགས་པ་དང་འདྲ་བར། མཁར་དམར་དངུལ་ལེན་ས་ཚིགས་ཀྱི་ཉེ་འགྲམ་དུ་རེ་རེ་བཞིན་བསྒྲིགས་འདུག་ལ་ཚོང་ཧ་ཅང་བཟང་།

དེ་དང་ཆབས་ཅིག ཁོས་སྡེ་མི་རྣམས་དབུལ་ཐར་བྱེད་པར་སྣེ་ཁྲིད་བྱ་རྒྱུ་མི་བརྗེད་པར། སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གི་ཁྱིམ་མི་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་དུ་ཞབས་ཞུ་བ་བྱེད་དུ་བཅུག་ནས་མི་རེར་ཟླ་རེར་གླ་ཕོགས་སྒོར་སྟོང་གསུམ་བྱིན་པ་དང་། ལོ་གཅིག་ལ་སྒོར་སྟོང་བདུན་ལྷག་ལེན་ཐུབ།

དབྱར་ཁ་དེར་རིན་ཆེན་རྡོ་རྗེ་ཡིས་སྒོར་ཁྲི་བདུན་ལྷག་བླངས་བ་དང་། ངར་ཤུགས་ཀྱིས་ཁེངས་པའི་རིན་ཆེན་རྡོ་རྗེ་ཡིས་དགུན་ཁར་སླེབས་བྱུང་ཡང་། སྡེ་བ་གཅིག་པའི་ནོར་ལུག་འདྲེན་འཚོང་གི་ཁྱིམ་ཆེན་གྱི་རྗེས་སུ་འབྲངས་ནས་ནོར་ལུག་ཉོ་ཚོང་བྱས་པས་ཡོང་འབབ་སྒོར་ཁྲི་ལྔ་བླངས། སྡེ་མི་ཚོས་རིན་ཆེན་རྡོ་རྗེ་ལོ་རེ་བཞིན་འགྱུར་ལྡོག་ཆེན་པོ་བྱུང་བཞིན་པ་མཐོང་བས། རིན་ཆེན་རྡོ་རྗེ་ཚང་མས་མིག་ནང་གི་འཇོན་མི་རུ་གྱུར།

1985ལོའི་རྗེས་སུ་སྐྱེས་པའི་རིན་ཆེན་རྡོ་རྗེ་ནི་བསམ་བློ་གསར་བ་ཡིན་ལ་ཡར་ཐོན་གྱི་སེམས་ཡོད་པ་ཞིག་རེད། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་སྐབས་བརྗེ་འདེམས་བསྐོའི་སྐབས། ཁོ་ལ་འདེམས་ཤོག་མང་པོ་ཐོབ་ནས་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས་པ་རེད། “རང་ཉིད་དབུལ་ཐར་བྱེད་དགོས་པ་མ་ཟད། ད་དུང་སྡེ་མི་ཡོངས་ཀྱི་སྣེ་ཁྲིད་དེ་འབྱོར་འབྲིང་གི་ལམ་བུའི་སྟེང་བསྐྱོད་དགོས། ཡིད་ཆེས་དེ་འདྲ་བཅངས་ནས། རིན་ཆེན་རྡོ་རྗེ་ཡིས་ཧུར་ཐག་གིས་ལམ་བུ་གསར་བ་བཙལ་ནས་ཐུན་མོང་ཕྱུག་འགྱུར་ཡོང་བར་བརྩོན་ལེན་བྱེད་ཀྱིན་ཡོད།

“ངས་བསམ་བློ་ཡང་ཡང་བཏང་མཐར་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་འདོད་ཡོད། བསམ་ཚུལ་དེ་འདྲ་ཡོད་པས་ཁོས་དབུལ་ཕོངས་ཁྱིམ་ཚང་གི་རས་གུར་དང་རྟ་སོགས་ཐོན་ཁུངས་གཅིག་བསྡུས་བྱས་ནས། རྫོང་དབུལ་སྐྱོར་ཅུའུ་ལ་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་འབུམ་གཉིས་རེ་ཞུ་བྱས། འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གི་རྟ་གྲངས་འཕར་བ་དང་། ཉམས་ལེན་དང་ལྟ་སྐོར་སོགས་ཡུལ་སྐོར་ལས་གཞི་མང་དུ་སོང་བས། ཞབས་ཞུ་བ་་བརྒྱད་དུ་ཇེ་མང་དུ་སོང་བ་དང་། དེའི་ཁྲོད་ཀྱི་མི་བཞི་ནི་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་རེད།

ན་ནིང་འབྲོག་ཁྱིམ་སྤྲོ་སྐྱིད་ཁང་གི་ཡོང་འབབ་རྐྱང་བ་སྒོར་འབུམ་གཅིག་དང་ཁྲི་གསུམ་ཡོད་པ་དང་། མཁར་དམར་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་བཞི་བཅུ་ཡི་སྣེ་ཁྲིད་དེ་ཡོང་སྒོ་འཕར་སྣོན་བྱེད་པ་མངོན་འགྱུར་བྱུང་། ལོ་འདི་དག་རིང་ལ། ཡུལ་སྐོར་བ་དང་འབྲེལ་བ་བྱས་པས་རིན་ཆེན་རྡོ་རྗེ་ཡི་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་། ཡོང་སྒོ་འཕར་སྣོན་གྱི་ཐབས་ལམ་དེ་བས་མང་དུ་ཕྱིན་ཡོད། “མཁར་དམར་གྲོང་རྡལ་གྱི་ཡུལ་སྐོར་ལས་རིགས་ལ་དུས་ཚིགས་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། ལོ་གཅིག་གི་དུས་ཚིགས་ཁྲོད་དབྱར་ཁ་མ་གཏོགས་ཡུལ་སྐོར་བ་མེད་པས། སྲོལ་རྒྱུན་གྱི་ཕྱུགས་ལས་གཏན་ནས་དོར་མི་རུང”ཞེས་རིན་ཆེན་རྡོ་རྗེ་ཡིས་སྡེ་མི་རྣམས་ལ་གྲོས་བསྡུར་བྱས་རྗེས། ད་ལོའི་ལོ་འགོར་སྐྱ་ཕྲ་ཁྱིམ་ཚང་ཕྱུགས་ར་བཙུགས་པ་དང་། ཡུལ་སྐོར་ལས་རིགས་ལ་བརྟེན་ནས་ཕྱུགས་ལས་ཡོང་འབབ་འཕར་སྣོན་ཡོང་རྒྱུར་སྐུལ་ཁྲིད་བྱས་ཏེ། ཐོན་ལས་དང་པོ་དང་ཐོན་ལས་གསུམ་པ་མཉམ་འདྲེས་འཕེལ་རྒྱས་བཏང་ནས། ཐོན་ལས་དང་པོ་དེ་སྡེ་བའི་ནང་གི་ཡོང་འབབ་འཕར་སྣོན་དང་ཕྱུག་བསྒྱུར་གྱི་ཐབས་ལམ་གཙོ་བོར་གྱུར་དུ་བཅུག

མཁར་དམར་གྲོང་རྡལ་གྱི་ཡུལ་སྐོར་མཐུན་ཚོགས་འཛུགས་སྐབས། རིན་ཆེན་རྡོ་རྗེ་ལ་འདེམས་ཤོག་མང་པོ་ཐོབ་ནས་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས། ད་ལྟ་ཁོ་ནི་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཡིན་ལ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡང་ཡིན་པས་ཉིན་ལྟར་བྲེལ་བ་ཧ་ཅང་ཆེ།

ལོ་ཙཱ་བ། ཤ་བོ་རིན་མཚོ།