མཚོ་སྔོན་མཐོ་སྒང་དུ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུ་བསྐྲུན།
2020.07.15 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 39

     —མཚོ་སྔོན་བོད་ཁུལ་གྱི་འགྱུར་ལྡོག་ལ་བཅར་འདྲི་བྱས་པའི་གནས་ཚུལ།

ད་ལོའི་ཟླ4པར། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་རྫོང་དང་གྲོང་ཁྱེར། ས་ཁུལ། སྲིད་འཛིན་བཅས་ཁྱོན་བསྡོམས42ཡོད་ཚད་དབུལ་ཕོངས་ལས་ཕྱིར་འབུད་ཐུབ་པར་གྱུར་བ་དང་ལྟོས་བཅོས་ཀྱིས་དབུལ་ཕོངས་ཡིན་པ་དེ་ཁྱོན་ཡོངས་ནས་གཙང་སེལ་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས། མཐོ་སྒང་གི་གཞི་ཁྱོན་ཆེ་བའི་རྩྭ་ཐང་དུ་བསྐྱོད་དུས། གསར་འགོད་པས་དབུལ་ཕོངས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་དང་ཐོན་སྐྱེད་བྱེད་ཐབས་ལ་ཐོད་བརྒལ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད་པ་དེ་ཤེས་ཐུབ་ལ། མང་ཤོས་ཤིག་གིས་བདེ་སྐྱིད་སྡེ་བ་ནང་བཞིན་མཛེས་གྲོང་འཛུགས་སྐྲུན་བྱས་ཏེ་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ནས་འཚོ་བ་གསར་བ་ཞིག་བསུས་པ་རེད།

ལོ་བཅུའི་རོགས་སྐྱོར་འཛུགས་སྐྲུན་ལས་བོད་ཁུལ་གྱི་ཐོན་སྐྱེད་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

གངས་རི་ཡུལ་ཚོ་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དུ་ཡོད་ལ། ཆ་སྙོམས་ཀྱི་ས་མགོའི་མཐོ་ཚད་རྨིད4200ཡོད། གསར་འགོད་པ་ཨ་མྱེས་རྨ་ཆེན་གངས་རིའི་འདབས་ཀྱི་གངས་རི་ཡུལ་ཚོའི་གཡོན་ཁོག་སྡེ་བའི་འཁྱག་དར་བཟོ་གྲྭ་ཞིག་ཏུ་ཐོན་པ་ན། ན་ནིང་ཚོང་གཉེར་ཚོད་ལྟའི་དུས་སྐབས་སུ་གནས་འདིར་ཉིན་རེར་ནོར་ནག་འོ་མའི་འཁྱག་དར5000ལྷག་ཐོན་སྐྱེད་བྱེད་བཞིན་ཡོད། དེ་ཡང་ལག་རྩལ་དང་སྒྲིག་ཆས། ཐུམ་སྒྲིལ་ཇུས་འགོད་སོགས་གོ་རིམ་གང་ཞིག་ཡིན་རུང་ཧྲང་ཧའེ་ཡི་རོགས་སྐྱོར་འཛུགས་སྐྲུན་དང་ཁ་བྲལ་ཐབས་མེད་ཅེས་གངས་རི་ཡུལ་ཚོ་གཡོན་ཁོག་སྡེ་བའི་ཧྲུའུ་ཅི་དབང་ཕྱུག་རྡོ་རྗེ་ཡིས་གསར་འགོད་པར་དེ་ལྟར་བཤད་བྱུང་།

རྒྱུས་ལོན་པ་ལྟར་ན། ཧྲང་ཧའེ་ཡིས་མགོ་ལོག་ཁུལ་ལ་རོགས་སྐྱོར་འཛུགས་སྐྲུན་བྱས་པའི་ལོ་ངོ་བཅུའི་རིང་ལ། དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་དང་གཞི་རྩའི་ཐོན་སྐྱེད། གཞི་རྩའི་སློབ་གསོ། གཞི་རྩའི་སྨན་བཅོས་བཅས་གཙོ་བོར་བཟུང་ནས་ཐག་གཅོད་བྱས་པ་དང་། སེམས་ཁྲལ་གཉིས་དང་འགན་སྲུང་གསུམ་གྱི་བྱ་བའི་གནད་འཁེལ་སྟོབས་ཤུགས་འདོན་སྤེལ་བྱས་ཏེ། གཅིག་བསྡུས་མཁྲེགས་གཏོར་གྱི་ཁ་གཏད་རོགས་སྐྱོར་ལས་གཞི803ལ་རོགས་སྐྱོར་མ་དངུལ་སྒོར་ཐེར་འབུམ་གཉིས་དང་དུང་ཕྱུར་བདུན་བྱེ་བ་བདུན་བཏང་།

མགོ་ལོག་ཁུལ་གྱི་ཁུལ་དཔོན་གཞོན་པའམ་ཧྲང་ཧའེ་ཡི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་འཕྲིན་གཏོང་ཚན་ཆུང་གི་ཚན་གཙོ་ཧྥུན་ཀྲི་ཡོན་གྱིས་བཤད་རྒྱུར། ང་ཚོས་འཛུགས་སྐྲུན་རོགས་སྐྱོར་ལས་གཞིའི་མ་དངུལ་བེད་སྤྱོད་བྱེད་སྐབས་བརྒྱ་ཆའི་བརྒྱད་བཅུ་གཞི་རིམ་དང་བརྒྱ་ཆའི་བརྒྱད་ཅུ་དམངས་ཚིས་ཐད་བཀོལ་བ་ཡིན་པས། དམངས་ཚིས་བཟོ་སྐྲུན་ཆེན་པོ་སྐོར་ཞིག་གྲུབ་ཡོད་ལ། ས་གནས་སྤྱི་ཚོགས་ཀྱི་བྱ་གཞག་འཕེལ་རྒྱས་དང་དམངས་ཚིས་འགན་སྲུང་ཆུ་ཚད་ཀྱང་མངོན་གསལ་གྱིས་མཐོར་འདེགས་སུ་སོང་ཡོད་ཟེར།

མགོ་ལོག་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧན་ཧྲང་ལེ་ཡིས་བཤད་རྒྱུར། ཧྲང་ཧའེ་ཡི་རོགས་སྐྱོར་ལས་གཞིའི་རྒྱབ་སྐྱོར་འོག མགོ་ལོག་ཁུལ་གྱིས་སྔོན་རྩིས་ལྟར་ན་ད་ལོའི་ཟླ9བར་མངའ་ཁོངས་སུ་རྒྱང་བསྟེན་སྨན་བཅོས་སྟེགས་བུ་གསར་སྐྲུན་བྱེད་རྒྱུ་ཡིན་ལ། རྗེས་ཕྱོགས་སུ་རྒྱང་བསྟེན་ནད་ཐོག་སྨན་བཅོས་དང་རྒྱང་བསྟེན་བརྙན་ལེན་བརྟག་དཔྱད་སོགས་ཀྱི་ལས་དོན་སྒྲུབ་ནས། འབྲོག་ཁུལ་མང་ཚོགས་ཀྱིས་ནད་ལ་སྟོན་དཀའ་བ་དང་སྨན་རིན་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱ་རྒྱུ་ཡིན།

དབུལ་སྐྱོར་ལ་སྔར་ལས་ཀྱང་ཤེས་རིག་གི་རོགས་སྐྱོར་མཁོ་པས་སྔར་ལས་ཤེས་རིག་འདོན་སྤེལ་བྱས། 2010ལོ་ནས་བཟུང་པེ་ཅིན་གྲོང་ཁྱེར་གྱིས་སྔ་གཞུག་ཏུ་ཁྱོན་བསྡོམས་མཚོ་སྔོན་ལ་རོགས་སྐྱོར་ལས་བྱེད་འཇོན་མི176མངགས་སྟེ། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཤིང་། ཁྱོན་བསྡོམས་ཁ་གཏད་རོགས་སྐྱོར་མ་དངུལ་གྱི་གྲངས་ཀ་དེ་སྒོར་ཐེར་འབུམ3ལས་བརྒལ་ཡོད་ལ།  ལས་གཞི་སྣ་ཚོགས་300ལྷག་ལག་བསྟར་བྱས།  2015ལོ་ནས་བཟུང་ཡུས་ཧྲུའུ་ཁུལ་གྱིས་ལོ་རེར་པེ་ཅིན་གྱི་ཁ་གཏད་རོགས་སྐྱོར་མ་དངུལ་ཁྲོད་ནས་སྒོར་བྱེ་བ་གསུམ་ས་ཡ་བདུན་འབུམ་བརྒྱད་བཏང་ནས། ས་གཞན་དུ་འཛིན་གྲྭ་སྒྲུབ་པའི་མཐོ་འབྲིང་སློབ་མའི་ཞག་སྡོད་དང་ཡུལ་ལ་ ཕྱིར་ལོག་པའི་ལམ་དངུལ། ལུས་པོའི་བརྟག་དཔྱད། ཉེན་འགོག་འགན་སྲུང་སོགས་ཀྱི་ཐད་བཀོལ་བཞིན་ཡོད་ལ། མི་རེར་ཆ་སྙོམས་བྱས་ན་མ་དངུལ་གཏོང་ཚད་སྒོར་ཁྲི་གཉིས་ཡན་ལ་སླེབས་ཡོད།  2017ལོ་ནས་བཟུང་བསྟུད་མར་ལོ་གསུམ་ལ་ཡིག་ཚགས་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་མཐོ་འབྲིང་སློབ་མ་མི་རེར་ལོ་རེར་ཁ་གསབ་རོགས་སྐྱོར་མ་དངུལ་སྒོར5000རེ་སྟེར་བཞིན་ཡོད་ལ། བསྡོམས་རྩིས་བྱས་ན་ཁ་གསབ་རོགས་དངུལ་སྒོར་བྱེ་བ་གཅིག་ས་ཡ་གསུམ་འབུམ་བཞི་ཁྲི་གཞིར་སླེབས་ཡོད།

ཞོགས་པར་མགོ་ལོག་ཁུལ་གཅིག་སྒྲིལ་རྫོང་སོག་རུ་ཡུལ་ཚོའི་སོག་རུ་སྡེ་བའི་སྡེ་མི་ཉི་མའི་ལུས་ལ་སྣམ་བུའི་བོད་ལྭ་གྱོན་སྟེ་ལག་ལ་གད་སྙིགས་འཐུ་བའི་ཁུག་མ་བཟུང་ཡོད། དཔུང་བའི་སྟེང་ད་དུང་སྐྱེ་ཁམས་ལྟ་སྲུང་པ་ཞེས་པའི་དཔུང་རྟགས་དམར་པོ་ཞིག་བཏགས་ནས་རྩྭ་ཐང་ལ་སོ་སྲུང་བྱེད་དུ་འགྲོ་འགོ་བརྩམས།

ཉི་མས་འགན་ཁུར་བའི་རྩྭ་སའི་དོ་དམ་རྒྱ་ཁྱོན་ལ་ཁྱོན་བསྡོམས་མུའུ1000ལྷག་ཡོད་ལ། ཉིན་རེར་སྐོར་ཞིབ་སོ་སྲུང་དུས་ཚོད3ལ་བྱེད་དགོས། ངའི་བྱ་བ་ནི་ཕ་ཡུལ་གྱི་རི་ཆུའི་རྩྭ་ཐང་ལ་སྲུང་སྐྱོབ་ལེགས་པོ་བྱེད་པ་དང་སོ་སྲུང་སྐོར་ཞིབ་བྱེད་སྐབས་ལས་ཞོར་དུ་རྩྭ་སའི་སྟེང་གི་གད་སྙིགས་ཡང་འཐུ་བཞིན་ཡོད། མེ་དང་དུ་བ་འཕྱུར་བ། སྡོང་བོ་གཅོད་པ་སོགས་མཐོང་དུས་མྱུར་དུ་གཏན་འགོག་དང་དུས་ལྟར་ཡུལ་ཚོ་སྲིད་གཞུང་ལ་སྙན་ཞུ་བྱས་པ་ཡིན་ཞེས་དེ་ལྟར་བཤད་བྱུང་། ལོ་ན50ལ་སོན་པའི་ཉི་མ་ད་ལྟ་སྐྱེ་ཁམས་ལྟ་སྲུང་པར་གྱུར་ཡོད་ལ།  ཟླ་རེར་སྒོར2000ཀྱི་གླ་ཕོགས་ལེན་བཞིན་ཡོད།

རྒྱུས་ལོན་བྱུང་བ་ལྟར་ན། སོག་རུ་སྡེ་བའི་རྩྭ་སའི་རྒྱ་ཁྱོན་ལ་མུའུ་འབུམ་ལྔ་ཁྲི་བརྒྱད་ ཡོད་ལ། སྡེ་བ་ཧྲིལ་བོར་ད་ལྟ་སྐྱེ་ཁམས་ལྟ་སྲུང་པ73ཡོད། ཁོ་ཚོས་སྐྱེ་ཁམས་ཁ་གསབ་ལ་བརྟེན་ནས་དབུལ་ཐར་བྱེད་པའི་སྲིད་ཇུས་ཀྱིས་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི2ལ་སླེབས་པ་དང་། མི་གཅིག་གིས་དོ་དམ་སྲུང་སྐྱོབ་ཀྱིས་ཁྱིམ་མི་གང་བོ་དབུལ་ཐར་བྱུང་བ་མངོན་འགྱུར་བྱས་ཡོད།

གཅིག་གྱུར་གྱི་བོད་ལུགས་ཁང་གསར་དང་དག་གཙང་གི་སྡེ་བའི་ཕྱིའི་རྣམ་པ། ཕྱོགས་བཞི་མཚམས་བརྒྱད་ལ་འཐེན་པའི་གཞུང་ལམ།  ཆུ་གློག་སོགས་རྨང་གཞིའི་སྒྲིག་ཆས་ཆ་ཚང་། ཡུལ་གཞན་གནས་སྤོར་བཅས་ཀྱིས་མི་རབས་ནས་མི་རབས་བར་རྩྭ་ཆུ་ལ་བརྟེན་ནས་འཚོ་སྡོད་བྱེད་པའི་བོད་རིགས་མང་ཚོགས་ཀྱིས་རྣམ་པ་གསར་བའི་འཚོ་བ་ཞིག་རོལ་བཞིན་ཡོད།

མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་འབྲི་ཆུའི་འགོ་ཁུངས་སྡེ་བ་ནི་བོད་རིགས་གནས་སྤོར་སྡེ་གསར་ཞིག་ཡིན་ལ། 2004ལོའི་ཟླ11པར་ཁྱིམ་ཚང128གྱི་འབྲོག་པ་མང་ཚོགས407གྱིས་རྒྱལ་ཁབ་ཀྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྲུང་སྐྱོབ་སྲིད་ཇུས་ཀྱི་འབོད་སྐུལ་དང་ལེན་བྱས་ཏེ།   ས་མགོའི་མཐོ་ཚད་རྨིད4700ཡོད་པའི་ས་ཁུལ་ནས་ན་གོར་མོ་གྲོང་ཁྱེར་གྱི་ལྷོ་ཕྱོགས་གྲོང་འདབས་སུ་གནས་སྤར་བ་རེད། ད་ལྟའི་བར་རྨ་འབྲི་རྫ་གསུམ་ས་ཁུལ་གྱི་མངའ་ཁོངས་སུ་རྨ་ཆུ་དང་འབྲི་ཆུ། རྫ་ཆུ་བཅས་ཀྱི་བཞུར་རྒྱུན་ཆུ་སྤུས་ཧ་ཅང་ལེགས་པས་རྩྭ་ཐང་དུ་རྩི་ཤིང་གིས་ཁེབས་ཚད77%ལ་སླེབས་ཡོད།

བསྐལ་པ་སྟོང་གི་སྲོལ་རྒྱུན་གྱིས་དབུལ་ཕོངས་མང་ཚོགས་ལ་ཕྱུག་འགྱུར་ལམ་བུ་བསྐྲུན་པར་རོགས་རམ་བྱས།

རྨ་ལྷོ་ཁུལ་ཧི་ནན་རྫོང་གསེར་ལུང་ཡུལ་ཚོའི་ལམ་ལུང་སྡེ་བའི་འཕགས་པ་སྐྱབས་ཀྱིས་ལུག་པགས་ཀྱིས་ཤོག་བུ་གསར་བཟོ་བྱེད་པའི་གནའ་བོའི་ལག་ཤེས་བཟོ་རྩལ་ལ་བརྟེན་ནས་རང་ཉིད་ཀྱི་འཚོ་བ་ཇེ་ལེགས་སུ་གཏོང་བཞིན་ཡོད།  དང་ཐོག་ངས་ལུག་པགས་ཀྱིས་ཤོག་བུ་བཟོ་པའི་ཐབས་ཤེས་གཅིག་ཀྱང་མི་ཤེས་མོད། འོན་ཀྱང་རིན་མེད་གསབ་སྦྱོང་ཁྲོད་ཞུགས་པ་བརྒྱུད། ད་ལྟ་ཟླ་རེར་ལུག་པགས་ཀྱི་ཤོག་བུ30ལྷག་གསར་བཟོ་བྱེད་ཐུབ་ཟེར།  འཕགས་པ་སྐྱབས་ལ་ཟླ་རེར་ཟླ་ཕོགས་སྒོར1500ཡོད་པ་དང་ལུག་པགས་ཤོག་བུ་གཅིག་རེ་ལ་ཆ་སྙོམས་ཀྱིས་སྒོར60རེ་ཡོད།

ད་ལྟ་མཚོ་སྔོན་གྱི་ས་ཁུལ་སོ་སོས་ཁྱད་ལྡན་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་ལ་བརྟེན་ནས“རིག་གནས་དབུལ་སྐྱོར”གྱི་ཐོན་ལས་གསར་སྐྲུན་བྱས།  རིག་གནས་ཐོན་ལས་ཀྱིས་རྒྱང་ཐག་རིང་བོའི་རི་ཁུག་ཏུ་ཡོད་པའི་བོད་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ལ་ཡང་བསྐྱར་གསོན་ཉམས་ལྡན་དུ་བཅུག་ལ། བསྐལ་པ་སྟོང་ལ་རྒྱུན་འཛིན་བྱས་པའི་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་དེ་ཁྱད་ལྡན་དབུལ་སྐྱོར་ཐོན་ལས་སུ་གྱུར་ནས་དབུལ་ཕོངས་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གྱི་ཕྱུག་འགྱུར་ལམ་བུ་ལྟ་བུར་གྱུར།

ད་ལོ་ལོ34ཡིན་པའི་སངས་རྒྱས་སྐྱབས་ཀྱིས་རྨ་ལྷོ་ཁུལ་ཐུན་རིན་གྲོང་ཁྱེར་དུ་ལོ་རེའི་ཐོན་སྐྱེད་རིན་ཐང་སྒོར་ས་ཡ་གཅིག་ཅན་གྱི་ཐང་ག་འབྲི་བཞེངས་གླིང་ཞིག་གཉེར་བཞིན་ཡོད་ལ། ཁོའི་ཕུགས་འདུན་ནི་འཚོ་བར་དཀའ་ཁག་ཆེ་བའི་མི་མང་པོ་ཞིག་ལ་སྒྱུ་རྩལ་གྱི་ལག་ཤེས་བཟོ་རྩལ་ཅིག་སློབ་སྦྱོང་བྱས་ནས་འཚོ་བར་ཡང་བསྐྱར་བརྩེ་སེམས་དྲོན་མོ་ཞིག་བསྣན་རྒྱུ་དེ་ཡིན། སངས་རྒྱས་སྐྱབས་ཀྱིས་བཤད་རྒྱུར། ད་ལྟ་ཀུང་སིའི་གཙག་དྲུབ་དབུལ་སྐྱོར་འཁོར་ཁང་དུ་ཁྱོན་བསྡོམས་སློབ་མ60ལྷག་ཡོད་ལ། དེའི་ཁྲོད་སློབ་མ50ནི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་མི་ཡིན།

ལོ་འདི་དག་གི་རིང་ལ། ཐུན་རིན་གྲོང་ཁྱེར་དུ་ཐང་ཀ་དང་འཇིམ་བཟོས། དྲས་དྲུབ། བརྐོས་རིས་སོགས་ཞིང་ཆེན་རིམ་པའི་རིག་གནས་དབུལ་སྐྱོར་ཐོན་ལས་གསར་གཏོད་རྟེན་གཞི4དང་མངའ་ཁོངས་སུ་དབུལ་སྐྱོར་འཁོར་ཁང20ལྷག་ཡོད་ལ། 2019ལོར།  ཐུན་རིན་གྲོང་ཁྱེར་སྲིད་གཞུང་གིས་དབུལ་སྐྱོར་མ་དངུལ་སྒོར་ས་ཡ་གཅིག་བཏང་ཞིང་། གཙོ་བོ་དབུལ་ཕོངས་ཁྱིམ་ཚང་གི་རིག་གནས་ཐོན་ལས་ནུས་རྩལ་གསབ་སྦྱོང་ཐད་ལ་བཀོལ་བ་དང་། གསབ་སྦྱོང་དུས་ཡུན་ལོ་གསུམ་ཡིན་པ་རེད།

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་བོད་ལུགས་གཙག་དྲུབ་སྒྱུ་རྩལ་གྱི་རྒྱུན་འཛིན་པ་སྒྲོལ་མ་མཁའ་འགྲོའི་ཀུང་ཟིའི་ལས་བཟོ་པ་ཁྲོད་ཀྱི་བརྒྱ་ཆའི་བརྒྱད་བཅུ་ནི་འབྲོག་ཁུལ་ཁྱིམ་ཚང་གི་བུད་མེད་དག་ཡིན་ལ། ཁོ་ཚོ་ཆུང་དུས་ནས་བཟུང་གཙག་དྲུབ་ལ་བྱང་ཆ་ཆེ་བས། ཁྱིམ་ལས་དང་བྱིས་པར་ལྟ་སྐྱོང་བྱེད་པའི་ཞོར་དུ་ནམ་རྒྱུན་རང་ཉིད་དང་ཁྱིམ་མི་དག་ལ་གྱོན་ཆས་དང་རྒྱན་གོས་བཟོ་བཞིན་ཡོད། སྒྲོལ་མ་མཁའ་འགྲོས་བཤད་རྒྱུར། སྔོན་ཆད་རང་ཁྱིམ་དུ་གཙག་དྲུབ་བཟོས་པ་ཡིན་ལ། ཟླ་གཅིག་གི་རིང་ལ་སྒོར300ནས་སྒོར1000ཡི་ཡོང་སྒོ་ཡོད་པས། ད་ལྟ་མི་སྒེར་གྱི་ནུས་རྩལ་མཐོར་འདེགས་དང་བསྟུན་ནས། ཀུང་ཟིའི་མངག་ཐོ་ཇེ་མང་དུ་སོང་ཞིང་གཙག་དྲུབ་ལས་བཟོ་བ་དག་གིས་ཟླ་རེར་སྒོར800ནས་སྒོར2000ལེན་ཐུབ་ཟེར།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།