ད་ལོར་ལོ་ཞེ་བཞི་ལ་སོན་པའི་རྡོ་རྗེ་རིག་འཛིན་ནི་རིག་སྨོན་གྲོང་རྡལ་གཡོན་རུ་སྡེ་བའི་ཡིན་ལ། ཆུང་དུས་ནས་མིག་གཉིས་ལོང་བར་གྱུར་པའི་དབང་གིས་འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་ལོངས་སུ་སྤྱོད་པའི་སྐལ་བ་མེད་རུང་། ནམ་ཡང་རང་སེམས་དྲོད་ཀྱིས་གསོ་མཁན་ནི་ཤ་ཉེ་རིང་ལས་གཞན། བུ་ལྟར་འདང་ཆེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་གཡང་འབུམ་བཀྲ་ཤིས་རེད།
ཟླ་བདུན་པའི་ཚེས་གཅིག་ཉིན། མཚོ་ལྷོ་བོད་རིགས་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་གཡོན་རུ་སྡེ་བའི་ཧྲུའུ་ཅི་དང་པོ་གཡང་འབུམ་བཀྲ་ཤིས་ཏག་ཏག་སྡེ་བར་བསྐྱོད་པའི་དུས་ལ་ཁེལ་ཡོད།
ཧྲུའུ་ཅི་དང་པོ་གཡང་འབུམ་བཀྲ་ཤིས་རྡོ་རྗེ་རིག་འཛིན་ཚང་གི་སྒོ་ཁ་ནས་ཡར་འཛུལ་མ་ཐག “ཧྲུའུ་ཅི་གཡང་འབུམ། ཁྱོད་དེ་རིང་ཡང་ང་ལ་བལྟ་རུ་སླེབས་བྱུང་ངམ། ཁྱོད་ཀྱིས་ནམ་རྒྱུན་ང་ལ་སྐོར་བརྒྱབ་ནས་རོགས་རམ་བྱས་པ་མང་མེད་ན་ཉུང་མེད། དངོས་གནས་ཁྱོད་ལ་དཀའ་ལས་གཏད་སོང་། དྲིན་ཆེན་པོ”ཞེས་རྡོ་རྗེ་རིག་འཛིན་གྱིས་མིག་གིས་མི་རིག་ཀྱང་སྐད་གདངས་ལས་ཧྲུའུ་ཅི་གཡང་འབུམ་ཡིན་པ་ཤེས་འདུག་པས། ཧྲུའུ་ཅི་གཡང་འབུམ་བཀྲ་ཤིས་རྡོ་རྗེ་རིག་འཛིན་ལ་སྐོར་རྒྱག་ཏུ་ཅི་ཙམ་སོང་མྱོང་བ་གམ་ན་ཡོད་པའི་གསར་འགོད་པས་ཀྱང་ཚོར་ཡོང་ལ། ཁ་བརྡ་ཅུང་ཟད་བྱས་རྗེས་ཕྱིར་ལོག་ཁར་ཡང་ན་ཚ་སོགས་བྱུང་ན་མྱུར་དུ་སྨན་པར་བསྟེན་དགོས་ཚུལ་དང་དབུལ་ཕོངས་ཁྱིམ་ཚང་ཡིན་ཚེ་རྒྱལ་ཁབ་ཀྱིས་སྨན་རིན་ཕྱིར་བསློག་ཚུལ་སོགས་སྐོར་གྱི་ངག་བཅོལ་ཡང་ཡང་བྱེད་པ་ནི་ཕ་མས་བུ་ཕྲུག་ལ་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་གྱིས་ཁ་ཏ་སློབ་གསོ་གཏོང་བ་དང་ཀུན་ནས་མཚུངས་པས་ཧ་ཅང་ཉམས་དགའ་བ་ཞིག་རེད།
དེ་ནས་ང་ཚོ་སྒོར་བུད་དེ་སྤྱི་ལེ་འགར་སོང་བ་ན། ཨ་མ་ལྷ་སྒྲོན་སྐྱིད་ཚང་ལ་སླེབས་པ་དང་། དེར་ཡང་གོང་བཞིན་དུ་ཧྲུའུ་ཅིས“ཨ་མ་ལྷ་སྒྲོན་སྐྱིད། ང་ཁྱེད་ལ་བལྟ་རུ་ཡོང་བ་ཡིན། ཁྱེད་ཀྱིས་ང་སུ་ཡིན་ངོ་ཨེ་ཤེས་ཀི”ཞེས་དྲིས་པར། ད་ལྟ་ལོ་ན་གོ་བཞི་ལ་སོན་པའི་ཨ་མ་རྒན་མོ་ལྷ་སྒྲོན་སྐྱིད་ལོ་ན་མཐོ་དྲགས་པའི་དབང་གིས་ལུས་ཟུངས་ཟད་དེ་ལ་མགོའི་ཉི་མ་དང་ལ་རྟིང་གི་གྲིབ་མ་ལྟར་གྱུར་ནས། མི་ངོ་མི་ཟིན་ཞིང་མི་མིང་མི་ཐོགས་པའི་ཚད་དུ་ཡོད་ནའང་། ཧྲུའུ་ཅི་གཡང་འབུམ་བཀྲ་ཤིས་ཀྱི་སྐད་གདངས་ཐོས་མ་ཐག་མལ་དུ་ལྷུང་བའི་རྒས་འཁོགས་ཀྱི་ལུས་པོ་ཡར་ཤེད་ཀྱིས་དགྱེས་ནས་ངག་འདར་འདར་སྒོས“ལོས་ཤེས་ཡ། ཨ་མས་ལོས་ཤེས། ཁྱོད་རྒྱུན་དུ་ང་ལ་སྐོར་རྒྱག་ཏུ་ཡོང་ནས་དཀའ་ངལ་སེལ་རོགས་དང་ཐུགས་ཁུར་གནང་བས། ངས་གཞན་དག་ཤེས་དཀའ་ཡང་ཁྱོད་ད་ལོས་ཤེས” ཟེར་བས། ཧྲུའུ་ཅི་གཡང་འབུམ་བཀྲ་ཤིས་ཀྱིས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཁོ་མོ་དང་ཁོ་མོ་ལྟ་བུའི་དབུལ་ཕོངས་དང་ཉམ་ཐག་པའི་མང་ཚོགས་ལ་ཐུགས་ཁུར་དང་བདག་སྐྱོང་གི་ལས་ལ་ཅི་ཙམ་འབད་ཀྱིན་པ་རྟོགས་ཐུབ་སྟེ། ཧྲུའུ་ཅི་གཡང་འབུམ་བཀྲ་ཤིས་ཁོ་དང་ཁོ་ལྟ་བུའི་འགོ་ཁྲིད་ལྷག་བསམ་ཅན་དག་ནི་ཆེས་སྤྱིར་བཏང་གི་ལས་གནས་སུ་དབུལ་ཕོངས་མང་ཚོགས་ལ་ཕྱི་དངོས་པོའི་མཐུན་རྐྱེན་ནས་ནང་བསམ་པའི་སྐྱོར་ཁྲིད་ཀྱིས་རོགས་རམ་དང་རྒྱབ་སྐྱོར་གནང་ནས་ཞབས་འདེགས་དང་རང་ནུས་ཅི་ཡོད་འདོན་པའི་ཆེས་སྤྱིར་བཏང་མིན་པའི་ལས་དོན་སྒྲུབ་མཁན་གྱི་སེམས་དཔའ་དེ་ཡིན་པའི་ངེས་ཤེས་རྙེད་ཐུབ་ལ། དེ་ལྟ་བུའི་འཚམས་འདྲིའི་བརྒྱུད་རིམ་ཁྲོད་དུ། ཁོ་བོའི་གཞན་ཕན་གྱི་ལྷག་བསམ་དཀར་པོས་བཞེངས་པའི་མི་སེམས་སྒུལ་བའི་གཏམ་རྒྱུད་ཀྱང་གང་མང་ཞིག་བྱུང་ཡོད།
“ལུས་ཕུང་ལ་བདག་སྐྱོང་ཡག་པོ་བྱེད་དགོས།”“ཁྱོད་ཚོར་དཀའ་ཁག་ཅི་ཞིག་ཡོད་རུང་། ང་ཚོས་དུས་ལྟར་དཀའ་ཁག་སེལ་རོགས་བྱེད་ངེས་ཡིན།”འདི་ལྟར་ཧྲུའུ་ཅི་གཡང་འབུམ་བཀྲ་ཤིས་ཀྱིས་སྡེ་བའི་ནང་དུ་ཁྱིམ་ཚང་ལ་དཀའ་ཁག་ཡོད་པའི་མི་མང་པོར་རོགས་རམ་བྱས་པའི་གཏམ་རྒྱུད་དེ་སྡེ་བའི་རུ་བར་ཀུན་ཏུ་ཁྱབ་ཡོད་ལ། ས་ཆ་དང་ཁྱིམ་ཚང་གང་དུ་སོང་རུང་གནད་དོན་ཅི་ལ་འཕྲད་ཚེ་མྱུར་མོར་མཆན་འོག་ཏུ་བཙིར་ཡོད་པའི་འབྲི་དེབ་སྟེང་ཟིན་བྲིས་འགོད་བཞིན་པའི་སྣང་ཚུལ་ལས། སྡེ་བའི་ཧྲུའུ་ཅི་དང་པོ་ནི་མང་ཚོགས་ཀྱི་ཤ་ཉེ་ཡིན་ཟེར་བའི་གནས་ལུགས་ཀྱང་ངང་གིས་རྟོགས་ཡོང་།
2018ལོར། གཡང་འབུམ་བཀྲ་ཤིས་ཀྱིས་གུང་ཧོ་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་ཡིད་ཆེས་དང་མངགས་བཅོལ་གལ་ཆེན་ཕྲག་ཏུ་ཁུར་ཏེ། གཡོན་རུ་སྡེ་བ་མཐུན་སྒྲིལ་གཅིག་གྱུར་དང་འཆམ་མཐུན་མཉམ་གནས། དབུལ་ཐར་ཕྱུག་སྒྱུར་གྱི་ལམ་དུ་སྣེ་ཁྲིད་པར་ཤ་འབད་རུས་འབད་བྱས་པ་རེད། སྡེ་བའི་ཧྲུའུ་ཅི་དང་པོའི་ལས་འགན་འཁུར་བ་ནས་ད་ལྟའི་བར་ཏག་ཏག་ལོ་ངོ་གཉིས་ལྷག་ལས་འགོར་མེད་མོད། ཁོས་མང་ཚོགས་ལ་འཚོ་བའི་དངོས་རྫས་གང་ཞིག་མཁོ་ཞིང་དཀའ་ཁག་ཅི་ཞིག་དང་འཕྲད་ཡོད་པའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་དང་མཉམ་ཏུ་རྡོག་རྩ་གཅིག་སྒྲིལ་སྒོས་གཡོན་རུ་སྡེ་བའི་དབུལ་ཐར་མཁྲེགས་གཏོར་སྐོར་གྱི་བྱ་བར་བྱས་རྗེས་གང་མང་བཞག་ཡོད་པ་དང་། སྡེ་བའི་སློབ་གྲྭའི་ཁོར་ཡུག་རྒྱ་བསྐྱེད་དེ་ར་སྐོར་དུ་སྡོང་ཕྲུག་བཙུགས་ནས་ལེགས་བསྒྱུར་བྱས་པ་དང་། རིག་གནས་བྱ་འགུལ་ཁང་དང་ཏང་ཡོན་བྱ་འགུལ་ཁང་། སྤྱོད་ཁང་བརྒྱ་དང་རེ་ལྔ་སོགས་གསར་དུ་ལས་ཏེ། སྡེ་བའི་ཕྱིའི་བཀོད་པར་ཡང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་རྣམ་པ་གསར་སྐྲུན་བྱས་འདུག །
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།