བོད་ཀྱི་གསེར་དངུལ་ཟངས་ལྕགས་ལག་ཤེས་བཟོ་རྩལ་འདིར་ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ལྡན་ཞིང་། དེ་ལ་ཐོག་མར་འཛད་སྤྱོད་པའི་རེ་འདོད་ལྟར་ཇུས་འགོད་བྱེད་པ་དང་། དེ་རྗེས་ངར་ལྡུད་པ་དང་ཐོ་བས་རྡུང་བ། སྣོལ་སྒྲིག་བྱེད་པ། རི་མོ་བརྐོ་བ་སོགས་བརྒྱུད་ནས་ལེགས་འགྲུབ་བྱུང་བ་ཡིན་ལ། རི་མོ་མང་ཆེ་བ་ཁྱུང་འབྲུག་དང་མེ་ཏོག བཀྲ་ཤིས་པའི་མཚོན་རིས་སོགས་ཡིན། དེར་སྒྱུ་རྩལ་གྱི་རིན་ཐང་དང་མཛེས་སྤྲས་ཀྱི་རིན་ཐང་། སྤྱན་གཟིགས་ཀྱི་རིན་ཐང་། ཉར་ཚགས་ཀྱི་རིན་ཐང་བཅས་ཆེས་ཆེར་ལྡན་པའི་རྐྱེན་གྱིས། རྒྱ་ཆེའི་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཡོད།
ད་ལོ་ནི་རང་རྒྱལ་གྱི་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ལེན་པའི་ཆེས་མཐའ་མཇུག་གི་ལོ་ཡིན་ལ། དབུལ་ཕོངས་རྫོང་ཚང་མར་དབུལ་ཕོངས་ཀྱི་ཞྭ་མོ་ཕུད་དུ་བཅུག་སྟེ། དབུལ་ཕོངས་སྡེ་བ་དང་ཁྱིམ་ཚང་ཡོངས་དངོས་གནས་ཕྱུག་འགྱུར་གྱི་ལམ་དུ་འཇུག་རྒྱུ་ཡིན་པ་རེད། ཉེ་སྔོན། གསར་འགོད་པ་ཆེད་དུ་མཚོ་སྔོན་ཞིང་ཆེན་གྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་སོང་ནས་ཡུལ་དེའི་མང་ཚོགས་རྣམས་དབུལ་ཕོངས་ལས་ཐར་བའི་གནས་ཚུལ་སྐོར་ལ་རྒྱུས་ལོན་ཞིབ་མོ་བྱས།
གསར་འགོད་པ་སྡིངས་ཀ་རེབ་གོང་གསེར་དངུལ་ཟངས་སྐུ་བཞེངས་བསྐྲུན་འགན་འཁྲི་ཚད་ཡོད་ཀུང་སིའི་སྒོ་ཁར་ཐོན་པ་ན། ན་གཞོན་ཞིག་གིས་གདོང་ལ་འཛུམ་གྱིས་ཁེངས་བཞིན་ང་ཚོར་བསུ་བ་བྱས་ཤིང་། ང་ཚོ་ནང་དུ་སོང་སྟེ་ཁ་བརྡ་བྱས་པ་བརྒྱུད་ད་གཟོད་ཁོའི་མིང་ལ་ལྷུན་གྲུབ་ཟེར་ཞིང་བཟོ་གྲྭ་དེའི་སྦྱིན་བདག་ཡིན་པ་ཤེས་བྱུང་།
ཀུང་སིའི་འགྲེམས་སྟོན་ཚོམས་ཆེན་གྱི་ནང་དུ་འཛུལ་བ་ན། བོད་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་རིན་པོ་ཆེ་གཡུ་དང་བྱུ་རུས་མཛེས་པར་བརྒྱན་པའི་ལྷ་སྐུ་དང་མཆོད་ཆས། དབྱིབས་ཀྱི་བཀོད་པ་ལེགས་ཤིང་ཞིབ་ཆ་དོད་པའི་གསེར་དངུལ་གྱི་དཀར་ཡོལ་དང་སྡེར་མ་སོགས་ཀྱིས་གསར་འགོད་པའི་མིག་དབང་རབ་ཏུ་འཕྲོག་པར་མ་ཟད། ད་དུང་འགྲེམས་སྟོན་ཚོམས་ཆེན་དེའི་ཟུར་ངོས་ཀྱི་སྟེགས་བུའི་སྟེང་གི་གཟི་བརྗིད་དཔང་ཡིག་སྣ་ཚོགས་ཀྱིས་ཀུང་སི་དེའི་རྩེར་སོན་གྱི་བཟོ་རྩལ་དང་། དེ་མིན་ཀུང་སིའི་དངུལ་མགར་ཡོངས་དང་ལྷག་པར་དུ་སྦྱིན་བདག་ལྷུན་གྲུབ་ཀྱིས་མི་རིགས་ཀྱི་ཁྱད་ནོར་འདི་འཛིན་སྐྱོང་སྤེལ་གསུམ་དང་ཕུན་སུམ་ཇེ་ཚོགས་དུ་གཏོང་བའི་ཐད་བྱས་རྗེས་བླ་མེད་བཞག་པ་མངོན་ཡོད།
ངོ་སྤྲོད་བྱས་པ་ལྟར་ན། ལྷུན་གྲུབ་ནི་ཐུན་རིན་གྲོང་ཁྱེར་རོང་བོ་གྲོང་རྡལ་སེང་གེ་གཤོང་སྡེ་བའི་མི་ཡིན་ལ་ད་ལོ་ལོ39ཡིན། རང་གི་ཨ་ཕའི་དངུལ་མགར་ལག་རྩལ་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་ཆེད་སློབ་ཆུང་གི་ལོ་རིམ་ལྔ་བ་སྟེ་ལོ14ཡི་སྟེང་དུ་སློབ་གྲྭ་ལས་ཕྱིར་རང་ཁྱིམ་དུ་ལོག་ནས་ཨ་ཕའི་རྗེས་འབྲངས་ཏེ་ལག་རྩལ་འདི་སློབ་སྦྱོང་བྱེད་འགོ་བརྩམས། 2009ལོར་དཀའ་བ་མང་པོ་ཁྱད་དུ་བསད་ནས་མ་དངུལ་སྒོར་ས་ཡ་བཞི་འབུམ་བདུན་ལྷག་བཏང་སྟེ་སེང་གེ་གཤོང་ནས་སྡིངས་ཀ་རེབ་གོང་གསེར་དངུལ་ཟངས་སྐུ་བཞེངས་བསྐྲུན་འགན་འཁྲི་ཚད་ཡོད་ཀུང་སི་ཞེས་པ་འདི་བཙུགས་ཏེ། རང་ས་གནས་ཀྱི་མང་ཚོགས་རྣམས་སྣེ་ཁྲིད་ནས་དབུལ་ཐར་ཕྱུག་འགྱུར་གྱི་སྒོ་མོ་ཕྱེ་ནས་བདེ་སྐྱིད་ཀྱི་འཚོ་བར་སྙེག་འགོ་བརྩམས།
ཀུང་སི་འདིའི་དངུལ་མགར་ཚང་མ་ནི་ས་གནས་རང་གི་དངུལ་རྒྱན་ལས་རིགས་ཁྲོད་ཀྱི་ཆེད་ལས་མི་སྣ་དག་ཡིན་ལ། ཁོ་ཚོས་ཡུན་རིང་པོར་བསགས་པའི་ཉམས་མྱོང་དང་བྱང་ཆ་ལྡན་བའི་བཟོ་རྩལ་བརྒྱུད། ལྷ་བཟོ་དང་འབག་བཟོ་གཉིས་གཞི་གཅིག་ཏུ་སྦྲེལ་བའི་རྨང་གཞིའི་སྟེང་བོད་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་ལྷ་སྐུ་དང་མཆོད་ཆས་སོགས་ཇུས་འགོད་བྱས་ཏེ་ཞིབ་ཆ་ལྡན་པར་བཞེངས་བསྐྲུན་བྱེད་ཀྱིན་ཡོད་ལ། ཁོ་ཚོས་བཞེངས་བསྐྲུན་བྱས་པའི་ལྷ་སྐུ་དང་མཆོད་ཆས་དེ་དག་གི་རྒྱུ་ཆ་དག་ཅིང་རྣལ་མ་ཡིན་པ་དང་། མཛེས་རིས་ཅི་དགར་མི་བཀོད་པར་ཁུངས་འདེད་ས་ཡོད་པ། བཟོ་རྩལ་ཕུལ་དུ་བྱུང་ཞིང་ཞིབ་ཚགས་ལྡན་པ་སོགས་ཀུན་དང་མི་འདྲ་བའི་ཁྱད་ཆོས་མང་པོ་ལྡན།
“ད་ལྟ་སྡིངས་ཀ་རེབ་གོང་གསེར་དངུལ་ཟངས་སྐུ་བཞེངས་བསྐྲུན་འགན་འཁྲི་ཚད་ཡོད་ཀུང་སི་ཟེར་ན་རེབ་གོང་ཡུལ་གྱི་མང་ཚོགས་ཁྲོད་དུ་མི་ཤེས་མཁན་གཅིག་ཀྱང་མེད་ལ། ང་ཚོས་མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་སྟེ། རེབ་གོང་སྒྱུ་རྩལ་འདི་མྱུར་སྐྱོབ་དང་དར་སྤེལ། རྒྱུད་འཛིན་བཅས་བྱེད་རྒྱུ་གཙོར་བཟུང་ནས། འཛད་སྤྱོད་པའི་རེ་འདོད་ལྟར་གསེར་དངུལ་གྱི་རྒྱུ་ཆ་དག་མས་ལྷ་སྐུ་དང་མཆོད་ཆས་སོགས་ཞིབ་ཆ་ལྡན་པར་བཞེངས་བསྐྲུན་བྱེད་ཀྱིན་ཡོད་པས། རྒྱ་ཆེའི་འཛད་སྤྱོད་པའི་དགའ་བསུ་ཆེན་པོ་ཐོབ་ཀྱིན་ཡོད་པར་མ་ཟད། ད་དུང་ལག་རྩལ་འདིར་བརྟེན་ནས་ས་གནས་ཀྱི་ཁྱིམ་ཚང་སྐོར་ཞིག་ཀྱང་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་ཡོད། ལྷག་པར་དུ་ཉེ་བའི་ལོ་འགའི་ནང་། རྨ་ལྷོ་ཁུལ་ནོར་སྲིད་ཅུའུ་དང་ཐུན་རིན་གྲོང་ཁྱེར་ཆོས་ལུགས་ཅུའུ། ཐུན་རིན་གྲོང་ཁྱེར་སྐྱེ་ཁམས་སྲུང་སྐྱོབ་དོ་དམ་ཨུ་ཡོན་ལྷན་ཁང་སོགས་ཀྱིས་སྔ་རྗེས་སུ་བསྡོམས་པས་མ་དངུལ་སྒོར་འབུམ་བདུན་ལྷག་གིས་རོགས་སྐྱོར་བྱས་པས། ཀུང་སིའི་གཞི་ཁྱོན་དང་ཚོང་ལམ་སྔར་ལས་ཇེ་ཆེར་ཕྱིན་ནས། དབུལ་ཐར་ཕྱུག་འགྱུར་གྱི་སྒོ་མོ་ཆེ་རུ་ཕྱེ་ཐུབ་པ་བྱུང་ཡོད”ཅེས་ལྷུན་གྲུབ་ཀྱིས་དེ་ལྟར་བཤད་བྱུང་།
མིག་སྔར། བཟོ་གྲྭ་འདིར་དངུལ་མགར30ལྷག་ཡོད་པ་དང་དངུལ་མགར་རེའི་ལོ་རེའི་ཡོང་འབབ་སྒོར་ཁྲི4ཡས་མས་ཡིན། ཀུང་སི་འདི་བཙུགས་པའི་ཚུན་དུ་བསྡོམས་པས་མ་དངུལ་སྒོར་ས་ཡ་ལྔ་འབུམ་དྲུག་ལྷག་བཏང་སྟེ། ས་གནས་རང་གི་དངུལ་མགར100ཙམ་གསོ་སྐྱོང་དང་མང་ཚོགས30ལྷག་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་ཡོད་པ་རེད།
ཀུང་སིའི་སྦྱིན་བདག་ལྷུན་གྲུབ་ཀྱིས་རང་གི་རྩེར་སོན་གྱི་བཟོ་རྩལ་དང་གཞུང་དྲང་བའི་རང་གཤིས་ལ་བརྟེན་ནས་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ལག་ཤེས་བཟོ་རྩལ་འདི་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ་གཡུར་དུ་ཟ་བའི་གྲུབ་འབྲས་མང་པོ་བླངས་ཡོད་པའི་དབང་གིས། 2010ལོར་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་གཉིས་པའི་བཟོ་རྩལ་པ་དང་། 2014ལོར་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་དང་པོའི་དམངས་ཁྲོད་བཟོ་རྩལ་པ། 2018ལོར་གཟུགས་འདས་རིག་གནས་ཤུལ་བཞག་གི་ལས་གཞི་སྟེ་རེབ་གོང་སྒྱུ་རྩལ(གསེར་དངུལ་བཞེངས་བསྐྲུན)རྫོང་རིམ་པའི་རྒྱུད་འཛིན་པ། 2020ལོར་ཁུལ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་སོགས་ཀྱི་མཚན་སྙན་མང་པོ་བསྩལ་ཡོད་པར་མ་ཟད། ད་དུང་ཁོས་བཞེངས་པའི་བྱང་ཆུབ་མཆོད་རྟེན་གཉིས་བོད་ལྗོངས་ཀྱི་དགོན་སྡེ་གྲགས་ཅན་ས་སྐྱ་དགོན་པ་དང་སེ་ར་དགོན་པ་གཉིས་སུ་བཞུགས་ཡོད་ལ། 2016ལོར་ཁོས་བཞེངས་པའི་བྱང་ཆུབ་མཆོན་རྟེན་ཞིག་རྒྱལ་ཁབ་རྟེན་མཛོད་ཁང་གིས་ཉར་ཚགས་བྱས་ཡོད། གཞན་ད་དུང་ཁོས་བཞེངས་པའི་ལྷ་སྐུ་སྐོར་ཞིག་ལ་ཁུལ་དང་ཞིང་ཆེན་རིམ་པའི་བྱ་དགའ་མང་པོ་ཐོབ་ཡོད་པ་རེད།
བཅར་འདྲིའི་མཇུག་རྫོགས་ཁར་ལྷུན་གྲུབ་ཀྱིས་གསར་འགོད་པར་བཤད་རྒྱུར། “བོད་མི་རིགས་ཀྱི་ལྷ་སྐུ་དང་མཆོད་ཆས་བཞེངས་བསྐྲུན་ལག་ཤེས་བཟོ་རྩལ་འདིས་རང་མི་རིགས་ཀྱི་ཕུན་སུམ་ཚོགས་ཤིང་ཐུན་མོང་མ་ཡིན་པའི་རིག་གནས་མང་པོ་ཞིག་རྒྱུན་འཛིན་བྱས་ཡོད་པས། མ་འོངས་པར་ངས་སྔར་བཞིན་ནུས་ཤུགས་ཡོད་ཚད་ཀྱིས་ལག་ཤེས་བཟོ་རྩལ་འདི་འཛིན་སྐྱོང་སྤེལ་གསུམ་དང་། མང་ཚོགས་སྔར་ལས་མང་པོ་དབུལ་ཐར་ཕྱུག་འགྱུར་གྱི་ལམ་དུ་འཁྲིད་པར་འབད་པ་ལྷོད་མེད་བྱེད་རྒྱུ་ཡིན”ཟེར།
རང་ཉིད་ཕྱུག་པོར་གྱུར་ཡང་སེམས་ན་སྔར་བཞིན་མང་ཚོགས་བཅངས་བའི་སྡིངས་ཀ་རེབ་གོང་གསེར་དངུལ་ཟངས་སྐུ་བཞེངས་བསྐྲུན་འགན་འཁྲི་ཚད་ཡོད་ཀུང་སིའི་སྦྱིན་བདག་ལྷུན་གྲུབ་ཀྱིས། རང་གི་སེར་པོ་གསེར་དང་དཀར་པོ་དངུལ་ལྟ་བུའི་ཡིད་སེམས་དྭངས་མས་བོད་མི་རིགས་ཀྱི་དངུལ་ཆས་ལག་ཤེས་བཟོ་རྩལ་འདི་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ། རྒྱ་ཆེའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་གྱི་སྒོ་མོ་ཆེ་རུ་ཕྱེ་ཡོད་པར་ང་ཚོས་བསྟོད་པའི་མཐེ་བོང་བསྒྲེང་འོས་ལ་བསྔགས་པའི་མེ་ཏོག་དེ་བས་ཀྱང་གཏོར་འོས་སོ།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།