ཆོས་ཚ་སྡེ་བ་ཕྱུག་འགྱུར་གྱི་ལམ་དུ་ཁྲིད་མཁན།ཞུའུ་ཡུན་ཅོན།
2020.07.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཞོགས་པའི་ཉི་ཟེར་དྲོད་འཇམ་གྱིས་བུམ་ཆེན་ཁོག་ལ་ཤར་བ་ན། ཉིན་གསར་བ་ཞིག་གི་མགོ་བརྩམས་བྱུང་། ཞུའུ་ཡུན་ཅོན་གྱིས་སྟོད་གོས་གྱོན་ཏེ། ཁོ་རང་གི་མཚོན་བྱར་གྱུར་བའི་ཀོ་བའི་ཞྭ་མོ་གྱོན་ནས། ནམ་རྒྱུན་དང་འདྲ་བར་མལ་ཁང་ནས་ཕྱིར་ཐོན་ཏེ། ཕྱུགས་ཁང་དུ་སླེབས།

ཞུའུ་ཡུན་ཅོན་ཕྱུགས་ཆས་སྟེར་སའི་འགྲམ་དུ་བསྡད་དེ་ཕྱུགས་ཟོག་གིས་གཟན་ཆས་ཟ་བར་ལྟ་བཞིན་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་འདུག འདི་ནི་ང་ཚོས་ད་ལོའི་ཟླ་བཞི་བར་མགོ་ལོག་ནས་སྐོར་ཐེངས་གཉིས་པར་ཉོས་ཡོང་བའི་ནོར་གནག་དྲུག་ཅུ་རེ་གཉིས་བོ་ཡིན་པ་དང་། ཤ་ཤེད་རྒྱས་པ་ཧ་ཅང་བཟང་ཞེས་ཞུའུ་ཡུན་ཅོན་གྱིས་ཧྲན་ཞི་སྐད་གདངས་ཀྱིས་དེ་ལྟར་བཤད་བྱུང་།

2018ལོའི་ཟླ3པར། ཞུའུ་ཡུན་ཅོན་རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་མཚོ་སྔོན་ཀུང་ཟིས་མངགས་པ་བརྒྱུད། རང་ཉིད་ཆེས་ཆ་རྒྱུས་ཡོད་པའི་བྱ་བའི་ལས་རྐང་དང་ཁ་བྲལ་ནས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཧར་དགེ་གྲོང་རྡལ་ཆོས་ཚ་སྡེ་བར་ཡོང་ནས་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་ཁུར།

ཆོས་ཚ་སྡེ་བ་ནི་ཧར་དགེ་གྲོང་རྡལ་ཤར་བྱང་ཕྱོགས་སུ་གནས་ཡོད་པ་དང་། ས་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་བརྒྱ་དང་གྱ་གཅིག་ལྷག་ཡོད་ལ། ད་ལྟ་རོང་འབྲོག་ཁྱིམ་ཚང་བརྒྱ་དང་ང་དགུ་དང་མི་དྲུག་བརྒྱ་རེ་དྲུག་ཡོད་ཅིང་། ནད་ཀྱིས་དབང་གིས་དབུལ་བོར་གྱུར་བ་དང་ངལ་རྩོལ་པ་མེད་པའི་ཧ་ཅང་དབུལ་ཕོངས་ཡིན་པའི་ཁྱིམ་ཚང་ཉེར་གཅིག་དང་མི་བདུན་ཅུ་དོན་བདུན་ཡོད་པ་རེད།

སྡེ་བ་འདིའི་ས་རྒྱ་ཆེ་ཞིང་མི་གྲངས་ཉུང་བ་དང་། ཁྱིམ་ཚང་རེ་རེའི་བར་དུ་སྤྱི་ལེ་གཉིས་ནས་གསུམ་ཡོད་པ་དང་། ཐ་ན་དེ་ལས་ཀྱང་རིང་ཞིང་། རླངས་འཁོར་མེད་པ་དང་ལམ་ཡང་མེད། སྡེ་བའི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་ཆེད། ཞུའུ་ཡུན་ཅོན་དང་སྡེ་བར་སྡོད་པའི་རུ་མི་རྣམས་ཁྱིམ་ཚང་རེ་རེར་གནས་ཚུལ་འདྲི་རྟོགས་བྱེད་པར་སོང་བ་དང་། སྐབས་ལན་རེར་ལམ་ནས་གཞན་གྱི་རླངས་འཁོར་ལ་འཕྲད་དུས་ཡོད་ཀྱང་། མང་ཆེ་བར་རྐང་ཐང་དུ་འགྲོ་བཞིན་ཡོད་པ་རེད།

མུ་མཐའ་མེད་པའི་རྩྭ་ཐང་དང་། ཀྱག་ཀྱོག་འདབ་རྫབ་ཀྱིས་ཁེངས་པའི་ལམ་ཕྲན་གྱིས་ཁོའི་སྤུས་བཟང་གི་ལྷམ་དེ་ཡང་གྱོན་ས་མི་འགྲོ་བ་ཞིག་ཏུ་བཟོས། ཁོའི་རྒྱབ་ཁུག་ནང་དུ་དྲིལ་སྒྲོག་བྱེད་སྤྱད་ཀྱི་རྒྱུ་ཆ་དང་དབུལ་ཕོངས་ཁྱིམ་ཚང་གི་གནས་ཚུལ་བྲིས་ཡོད་པའི་ཟིན་ཐོ་ཞིག་ཡོད་པར་མ་ཟད། ད་དུང་ཟ་རྒྱུ་དང་ཆུ་འཐུང་སྤྱད་ཡང་བཟུང་ཡོད། འབྲོག་ཁུལ་ས་མགོ་མཐོ་བ་དང་། ནམ་ཟླར་འགྱུར་ལྡོག་ཆེ་བས། ཁོ་ཚོ་དུས་ངེས་མེད་དུ་ལམ་ནས་འགོག་སྲིད། ལྷག་པར་དུ་དབྱར་སར་ཐོན་སྐབས། གངས་ཞུ་བའི་ཆུ་ཕྲན་གྱི་ནང་བརྒལ་དགོས་པ་དང་དེའི་གྲང་འཁྱག་ནི་རུས་རྐང་ལ་གཟེར་བ་ཞིག་རེད། ཧྲལ་ཧྲུལ་དུ་གྱུར་བའི་རྐང་མགོའི་ལྷམ་གྱིས་ཁོ་ཚོའི་དཀའ་སྡུག་བརྗོད་བཞིན་ཡོད་ལ། ཁོ་ཚོའི་དཀའ་སྡུག་དེ་ཟིན་ཐོར་ཡང་འགོད་བཞིན་ཡོད་པ་རེད།

འབྲོག་པ་མང་ཚོགས་མང་ཆེ་བས་རྒྱ་སྐད་མི་གོ་བས། བརྗེ་རེས་བྱས་ན་དཀའ་ངལ་ཡོད་པ་རེད། ཁོ་ཚོས་ས་དེ་རུ་རྒྱ་སྐད་ཅུང་ཟད་གོ་བའི་སྡེ་བའི་ལས་བྱེད་པ་ཁྲིད་ཡོང་ནས་ལོ་ཙྰ་བྱེད་དུ་འཇུག་བཞིན་ཡོད་ཅིང་། སྐད་ཆ་བཤད་པ་དང་ལག་བརྡ་སྟོན་པ་སོགས་ལ་བརྟེན་ནས། མང་ཚོགས་ཀྱི་གཞི་རྩའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས། དཀའ་ངལ་མང་པོ་བརྒྱུད་མཐར། ཁོ་ཚོ་དུས་ཡུན་ཟླ་གཅིག་གི་རིང་ལ། སྡེ་བ་ཡོངས་ཀྱི་འབྲོག་ཁྱིམ་ཚང་མར་བསྐྱོད་པ་དང་། སྡེ་བའི་གནས་ཚུལ་རྣམས་འབྲི་དེབ་ཀྱི་སྟེང་དུ་བྲིས་ཡོད་པ་དང་། སེམས་སུ་བཟུང་ཡོད།

ཆོས་ཚ་སྡེ་བ2017ལོར་དབུལ་ཐར་བྱས་ཀྱང་། དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་བྱ་བ་དེ་སྔར་བཞིན་དཀའ་ཚེགས་ལྡན་པ་ཞིག་རེད། ཞུའུ་ཡུན་ཅོན་སྡེ་བར་བསྡད་རྗེས། སྡེ་བའི་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་རྒྱུ་དེ་བྱ་བ་མཐོར་འདེགས་དང་སྲ་བརྟན་དུ་གཏོང་བའི་མགོ་རྩོམ་ས་བྱས་ཏེ། ཕྱོགས་མང་པོ་ནས་མ་དངུལ་བརྩོན་ལེན་བྱས་ཏེ། སྔ་གཞུག་ཏུ་ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། གཟན་ཆས་ལས་སྣོན་རྟེན་གཞི་འཛུགས་སྐྲུན་གྱི་ལས་གཞི་སོགས་ལས་ནས་གྲུབ།

བྱ་བ་དེ་སྒྲུབ་པའི་གོ་རིམ་ཁྲོད་དུ། ཞུའུ་ཡུན་ཅོན་དུས་ཡུན་རིང་བོར་གཉིད་མ་ཡོང་བ་དང་ཟ་མ་ཡང་མ་འཕྲོད་པས། མ་གཞི་མགོའི་སྐྲ་ལོ་ཉུང་ངུ་དེ་ཡང་ལྷུང་མགོ་ཚུགས། མཚམས་ལན་རེར་ཉིན་གང་བོར་སྟབས་བདེ་ཐུག་པ་ཡང་འཐུང་དགོས་པ་བྱུང་། སྨུག་ཕྱིའི་འོད་ཀྱིས་ཁོའི་གདོང་ཡང་ནག་པོ་ནག་པོ་ཞིག་ཏུ་བསྒྱུར་འདུག

མང་ཚོགས་ཀྱི་ཆེད་དུ་ང་ཚོས་ཡོད་ཚད་ཕུལ་ཀྱང་རིན་ཐང་ཡོད་པར་འདོད་ཡོད།

ད་ལོ་ལོ་ན་ང་བརྒྱད་ལ་སོན་པའི་ཨ་མ་ལྕགས་མོ་ཐར་ནི་སྡེ་བའི་ནང་གི་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ཞིག་ཡིན་པ་དང་། ཁྱིམ་དུ་མི་བཞི་ཡོད་ལ། བཟའ་ཟླ་ཚེ་ལས་འདས་ཟིན། གོང་ན་ལོ་ན་དགུ་བཅུ་གོ་གཉིས་ཅན་གྱི་མིག་གཉིས་ལོང་བར་གྱུར་བའི་ཨ་ནེ་ཡོད་པ་དང་། འོག་ན་ལོ་ན་བཅུ་གཅིག་ཅན་གྱི་སློབ་གྲྭར་འགྲོ་བཞིན་པའི་བུ་སྐལ་ཚ་བོ་ཞིག་ཀྱང་ཡོད། བུ་སྐལ་ནི་ཁོ་མོའི་འཚོ་བའི་བརྟེན་ས་གཅིག་པུ་ཡིན་པ་རེད། ཡིན་ནའང་ལོ་གཉིས་གྱི་སྔོན་ལ་བུ་སྐལ་ཁོ་མོ་དང་ཁ་བྲལ་ནས་རང་ཉིད་ཀྱི་ཨ་ཕའི་སར་སོང་བ་རེད།

ཞུའུ་ཡུན་ཅོན་ཐེངས་དང་པོར་ལྕགས་མོ་ཐར་གྱི་ཁྱིམ་དུ་ཐོན་དུས། མིག་མདུན་གྱི་རྣམ་པ་དེས་ཁོའི་སེམས་སྡུག་ཏུ་བཅུག ཁང་བ་ནི་སྲིད་གཞུང་གིས་རོགས་སྐྲུན་བྱས་པའི་ལས་གཞིའི་ཁང་བ་ཡིན་པ་དང་། ཁྱིམ་ནང་གྲལ་དག་མིན་ལ། རིན་ཐང་ཅན་གྱི་ཁྱིམ་ཆས་གཅིག་ཀྱང་མེད་པ་རེད། གསལ་ལ་མི་གསལ་བའི་གློག་འོད་ཀྱི་འོག་ཏུ། རྒན་མོའི་རྒྱབ་གཟུགས་དེ་རིད་ཅིང་ཉམས་ཐག་ཤིག་ཏུ་སྣང་ཡོད།

གཉེར་མས་ཁེངས་པའི་གདོང་ལ་འཚོ་བའི་དཀའ་སྡུག་གི་རྣམ་པ་དེ་ཤར་ཡོད་ཅིང་། དུས་ཡུན་རིང་བོར་ལས་ཀ་ལས་པ་ལས་དབྱིབས་འགྱུར་ཡོད་པའི་ལག་པའི་མཛུབ་མོའི་རྩ་ཕྱིར་འབུར་ཅིང་སྔོན་པོར་གྱུར་འདུག  བསམ་ཡུལ་ལས་འདས་པ་ཞིག་ལ་མིག་མདུན་གྱི་རིད་ཅིང་ནད་མང་པོའི་རྒན་མོ་འདི་ནི་ཁྱིམ་གྱི་འཚོ་བའི་བརྟེན་ས་ཉག་གཅིག་ཡིན་པ་རེད།

ཨ་མ་ལྕགས་མོ་ཐར་གྱིས་ཁྱིམ་དུ་མི་ཆ་མེད་ཅིག་ཡོང་བཞིན་པ་མཐོང་རྗེས། ཅི་བྱེད་འདི་བྱེད་མེད་པར་གྱུར་ཏེ། འཚབ་འཚུབ་ཀྱིས་ལག་གཉིས་ཕུར་ཕུར་བྱེད་བཞིན་ཉམས་ཆུང་གི་རྣམ་པ་ཞིག་ཤར་འདུག མཚན་མོ་དེར། ཞུའུ་ཡུན་ཅོན་གཉིད་མ་ཡོང་། ཁོས་སེམས་ནས“ངེས་པར་དུ་ཁྱིམ་ཚང་འདི་ལ་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་དུ་འཇུག་རྒྱུའི”དམ་བཅས།

ཐོན་ལས་དབུལ་སྐྱོར་ནི་དབུལ་ཐར་གྱི་ཡུན་རིང་ཐབས་ཇུས་ཤིག་རེད། ཞུའུ་ཡུན་ཅོན་གྱིས་རྟོག་དཔྱོད་ཞིབ་འཇུག་བྱས་པ་བརྒྱུད། གྲོང་རྡལ་གྱི་འབྲེལ་འདྲིས་ལས་བྱེད་པ་དང་། སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”དང་ཐེངས་མང་པོར་བརྗེ་རེས་གྲོས་སྡུར་བྱས་པ་བརྒྱུད། ས་དེའི་ཁོར་ཡུག་དང་དམངས་སྲོལ་ཐོན་ལས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ནས། སྡེ་བས་བཀོལ་སྤྱོད་བྱེད་བཞིན་མེད་པའི་ས་བཀོལ་ནས་ནོར་གནག་གསོ་སྤེལ་མཉམ་ལས་ཁང་གཙོ་བོ་བྱས་ཏེ། སྒྲིག་ཆས་ཆ་ཚང་བའི་ས་ཞིང་འཁོར་རྒྱུག་གཟན་ཆས་འདེབས་འཛུགས་ཐོན་ལས་སྦྲེལ་ཐག་གི་དབུལ་སྐྱོར་བྱ་བ་སྤེལ་ཏེ། སྡེ་བ་དེའི་འཕེལ་རྒྱས་ལ་སྟོབས་ཤུགས་གསར་བ་བསྩལ།

མི་རྣམས་རྨི་ལམ་གྱི་ཞིང་ཁམས་འགྲིམས་པའི་སྐབས་སུ། ཞུའུ་ཡུན་ཅོན་གྱི་མལ་ཁང་ནང་གི་གློག་འོད་དུས་རྒྱུན་བཀར་ཡོད། བྱེད་ཐབས་རེ་རེ་བཟོས་པ་དང་། རེ་རེ་ཡར་ཞུ་བརྒྱབ་པས། འཆར་གཞི་རེ་རེ་གྲུབ། ནན་ཏན་དང་ཞིབ་ཚགས་ཀྱི་སྒོ་ནས་མཐུན་སྦྱོར་དང་དཀའ་ཚེགས་ལ་མ་འཛེམ་པར་ཕྱོགས་མང་པོར་རྒྱུགས་མཐར། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀུང་ཟིའི་རོགས་སྐྲུན་བྱས་པའི་ཆོས་ཚ་སྡེ་བའི་ནོར་གནག་གསོ་སྤེལ་མཉམ་ལས་ཁང་གི་ལས་གཞི་དེ་ལས་ནས་འགྲུབ་ཐུབ་པ་བྱུང་།

2019ལོའི་ཟླ11པར། ཐོག་དང་པོའི་ནོར་གནག་བརྒྱ་དང་གཅིག་གསོ་ཁ་ནས་བུད་པ་དང་བསྟུན་ནས། མཉམ་ལས་ཁང་གི་ཕྱིར་འཚོང་ཡོང་སྒོ་སྒོར་མོ་འབུམ་དྲུག་དང་སྟོང་དགུ་ལ་སླེབས་པ་དང་། ཡོང་སྒོ་རྐྱང་རྐྱང་སྒོར་མོ་འབུམ་གཅིག་དང་ཁྲི་བཞི་སྟོང་བདུན་ལ་སླེབས་ཡོད་པ་རེད། མིག་མདུན་གྱི་ཁེ་ཕན་ཁོ་ན་མི་བསམ་པར་མིག་རྒྱང་རིང་དགོས། ཞུའུ་ཡུན་ཅོན་གྱིས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་རྩ་འཛུགས་བྱས་ཏེ་མཉམ་ལས་ཁང་གི་ཡོང་སྒོ་བགོ་བྱ་རྒྱག་པ་དང་འཕེལ་རྒྱས་གནད་དོན་ཐད་ལ་ནན་ཏན་གྱིས་ཞིབ་འཇུག་བྱས། སྡེ་བས་སྒོར་མོ་ཁྲི་བཞི་དང་སྟོང་བཞི་བླངས་ནས་ཡིག་ཚགས་བཙུགས་པ་དང་བྱང་བུ་བཟོས་པའི་ཁྱིམ་ཚང་བཅོ་བརྒྱད་ལ་ཡོང་སྒོ་སྒོར་མོ་སྟོང་གཉིས་དང་ལྔ་བརྒྱ་རེ་བགོས་པ་དང་། མཐའ་འཁོབ་ས་ཁུལ་དུ་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་སོ་དགུ་ལ་སྒོར་མོ་སྟོང་གཅིག་རེ་བགོ་བྱ་བརྒྱབ་ལ། དེའི་ལྷག་མའི་སྒོར་མོ་རྣམས་མཉམ་ལས་ཁང་གི་ཐོན་སྐྱེད་མུ་མཐུད་དུ་རྒྱ་སྐྱེད་པའི་ཐད་ལ་བཀོལ།

ཡོང་སྒོ་བགོ་བྱ་བརྒྱབ་པའི་ཉིན་མོ་དེར་ཞུའུ་ཡུན་ཅོན་གཉིད་སྐྱིད་པོ་ཞིག་ལོག

ཞུའུ་ཡུན་ཅོན་གྱིས་ཡིད་ཆེས་བརྟན་པོའི་སྒོ་ནས་ད་ལྟ་ང་ཚོའི་བྱ་བ་གཙོ་བོ་ནི་ནོར་གནག་རེ་གཉིས་པོ་གསོ་སྤེལ་བཟང་པོ་བྱས་ནས་གཟན་ཆས་བཟོ་གྲྭ་འཁོར་བསྐྱོད་བྱེད་རྒྱུ་དེ་ཡིན། ལོ་མཇུག་ལ་མུ་མཐུད་དུ་ཡོང་སྒོ་བགོ་བྱ་བརྒྱབ་ནས་མང་ཚོགས་ཡིད་ཚིམས་སུ་འཇུག་རྒྱུ་ཞེས་བཤད།

དབུལ་སྐྱོར་ལས་གཞི་བདམས་གསེས་བྱེད་པའི་བྱ་བ་དེ་ཁྱིམ་ཚང་རེ་རེར་སོང་ནས་རྟོག་དཔྱོད་བྱས་པ་དང་། ནོར་གནག་ཉོ་བ་དང་།  གསོ་སྤེལ་བྱེད་པ། གཟན་ཆས་ལས་སྣོན་འཁོར་ཁང་འཆར་འགོད་བྱས་ནས། འཛུགས་སྐྲུན་བྱེད་པ་སོགས་ནས་ལས་མགོ་རྩོམ་པའི་སྔོན་གྱི་གྲ་སྒྲིག་བྱ་བ་སོ་སོ་དང་། ལས་ཀ་ལས་པའི་བརྒྱུད་རིམ་ཡོངས་ལ་ལྟ་ཞིབ་མཛུབ་སྟོན་དང་དོ་དམ་བྱེད་པའི་ཐད་ལ་ཞུའུ་ཡུན་ཅོན་གྱིས་རང་གི་ཡོད་ཚད་ཀྱིས་བྱ་བ་སྒྲུབ་པ་དང་། བྱ་བ་རེ་རེ་བཟང་པོར་སྒྲུབས།

ཨ་མ་ལྕགས་མོ་ཐར་གྱིས་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཐུབ་པར་རོགས་རམ་བྱེད་ཆེད། ཞུའུ་ཡུན་ཅོན་གྱིས་སྡེ་བའི་ནང་གི་རོགས་རེས་མ་དངུལ་བཀོལ་ནས་ཁོ་མོ་ཚང་ལ་མ་མོ་ཉེར་བཞི་ཉོས་པ་དང་། མ་མོ་འདི་དག་ཁོ་མོའི་ཁྱིམ་ཚང་གི་ཡོང་སྒོ་འབྱུང་ཁུངས་གཙོ་བོ་ཞིག་ཏུ་གྱུར།

ལྕགས་མོ་སྐྱིད་ཀྱིས་གདོང་ལ་འཛུམ་ཞིག་ལངས་ནས་བྱང་ཆ་མི་ལྡན་པའི་རྒྱ་སྐད་ཀྱིས“ཏང་དང་རྒྱལ་ཁབ་ཀྱིས་ང་ཚོར་ལས་བྱེད་པ་བཟང་པོ་ཞིག་མངགས་པས། ང་ལ་ན་ནིང་སྒོར་མོ་སྟོང་གཉིས་དང་ལྔ་བརྒྱའི་ཡོང་སྒོ་བགོ་བྱ་བརྒྱབ་པ་དང་། མ་མཐའི་འཚོ་བའི་འགན་སྲུང་ཡང་ཉམས་སུ་མྱོང་ཐུབ་པ་བྱུང་། ཁང་བའི་ནང་ད་དུང་མཐིལ་ཤིང་གསར་བ་ཞིག་ཀྱང་བཏིངས་ཡོད། ང་ཚོའི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་རེད”ཞེས་བཤད།

ཞུའུ་ཡུན་ཅོན་གྱིས་དགོད་ཞོར་དུ་བཤད་རྒྱུར། ད་ལྟ་མོ་རང་ང་ཚོ་ཐོག་དང་པོར་ཁོ་མོ་ཚང་ལ་ཡོང་བའི་སྐབས་ལས་ཇེ་བཟང་ལ་སོང་ཡོད་པ་དང་། གདོང་ལའང་འཛུམ་མཐོང་རྒྱུ་ཡོད་པ་རེད་ཞེས་བཤད།

ལྕགས་མོ་སྐྱིད་ཚང་ཁོ་ན་མ་ཡིན་པར་སྡེ་བ་ཡོངས་ཀྱི་དབུལ་ཕོངས་ཁྱིམ་ཚང་རྣམས་དབུལ་བོ་ཐར་ཏེ་ཕྱུག་པོའི་ལམ་དུ་བསྐྱོད་ཆེད། ཡངས་པའི་རྩྭ་ཐང་དང་ཕྱོགས་བཞི་མཚམས་བརྒྱད་ལ་ཁྱབ་པའི་སྦྲ་གུར་ནང་དུ། ཞུའུ་ཡུན་ཅོན་གྱི་རྒྱབ་གཟུགས་དང་རྐང་རྗེས་རེ་རེ་ཕབ་ཡོད།

ད་ལྟ། ཕྱུགས་གསོ་བའི་བྱ་བ་གླེང་སྐབས། ཞུའུ་ཡུན་ཅོན་གྱི་བཤད་པ་ཐམས་ཅད་ལ་གནས་ལུགས་ལྡན་པས། ཁོ་རང་ཆེད་ལས་ཅན་གྱི་ཕྱུགས་རྫི་ལྟ་བུ་ཞིག་ཏུ་གྱུར་ཡོད། ཞུའུ་ཡུན་ཅོན་གྱིས་ཕྱུགས་གསོ་བ་བརྟེན་ནས་ཆོས་ཚ་སྡེ་བའི་མང་ཚོགས་ཀྱི་སྣེ་ཁྲིད་དེ་འབྱོར་འབྲིང་གི་འཚོ་བའི་ལམ་ཆེན་སྟེང་དུ་ཤུགས་ཀྱིས་བསྐྱོད་བཞིན་ཡོད་པ་རེད།

“ཇི་ལྟར་ཆེས་གནད་འགག་གི་སྐབས་སུ་སླེབས་ན། དཀའ་ངལ་དེ་ལྟར་ཆེ”ཞེས་པ་ནང་བཞིན། ད་ལོ་ནི་དབུལ་ཐར་བྱ་བ་མཇུག་བསྡུ་བའི་གནད་འགག་གི་ལོ་ཡིན་པ་དང་། བྱ་བར་རེ་བ་སྔར་ལས་ཆེ་ལ། གནོན་ཤུགས་སྔར་ལས་ལྗིད། གནད་འགག་གི་སྐབས་འདིར། སྡེ་བར་སྡོད་པའི་བྱ་བའི་རུ་ཁག་གིས་མུ་མཐུད་དུ་སྡེ་བར་སྡོད་པའི་ཐོག་མའི་བསམ་འདུན་མུ་མཐུད་དུ་ལག་བསྟར་བྱས། ཞུའུ་ཡུན་ཅོན་གྱིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་ན། དབུལ་ཐར་གྱི་གྲུབ་འབྲས་སྲུང་དགོས་པ་དང་། རྩ་འཛུགས་ཀྱི་མངགས་བཅོལ་དང་མང་ཚོགས་ཀྱི་ཡིད་ཆེས་སྟོང་ཟད་དུ་གཏོང་མི་ཉན། མང་ཚོགས་ཀྱི་འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་སྐྱིད་དུ་གཏོང་བར་ང་ཚོར་གཞོལ་ཐབས་མེད་པའི་འགན་འཁྲི་ཡོད་ཅེས་བཤད།

ལོ་ཙཱ། ཚེ་རིང་སྒྲོལ་མ།