“རྩྭ་ཐང་གི་རྫི་གླུ”ནས“གྲོང་རྡལ་གྱི་གཏམ་རྒྱུད།”
2020.07.29 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

 ཟླ6པའི་ཚེས12ཉིན། གསར་འགོད་པ་ཏུའུ་ལན་རྫོང་རྒུ་རི་ཡུལ་ཚོ་ཕྱུགས་ར་གསེར་ཐང་འབྲོག་དམངས་གཞིས་ཁུལ་དུ་སོང་བ་ན། ཁོད་སྙོམས་པའི་ཨར་འདམ་གྱི་ལམ་དང་། མཛེས་པའི་ཐང་ཆེན། རྔམ་བརྗིད་ལྡན་པའི་བོད་ལུགས་ཀྱི་སྡོད་ཁང་། གྲལ་འགྲིག་པའི་ཚོང་ཁང་མང་པོ་བཅས་ཀྱིས་མིག་དབང་འཕྲོག་བྱུང་། དེ་དག་མཐོང་བ་ན། ས་དེར་འཚོ་གཞེས་གནང་བའི་མི་རྣམས་ཀྱི་ཕ་མེས་ཡང་མེས་ཀྱིས་སྔོན་ཆད་རི་མགོ་ནས་ཕྱུགས་རྗེས་སྙེག་པའི་འཚོ་བ་རོལ་མྱོང་ཞེས་ན་རྣར་མི་འགྲོ་བའི་ཚོད་རེད།

རྒུ་རི་ཡུལ་ཚོ་དེ་འདྲ་ཆེ་རྒྱུ་མེད་དེ། ཤུག་མང་དང་སྦྲེ་ལུང་། གྲུ་བཞི་བཅས་རང་བྱུང་སྡེ་བ་གསུམ་ཡོད་པའི་བོད་རིགས་ཡུལ་ཚོ་རྐྱང་བ་ཞིག་རེད། ལོ་བཅུའི་ཡར་སྔོན་དུ། རྩྭ་ས་བསྲུངས་ནས་ཕྱུགས་ཟོག་འཚོ་བའི་འཚོ་བ་རོལ་སྟངས་དེ“རྒུ་རི”ཡུལ་ཚོའི་མིའི་སེམས་སུ་རྒྱུན་འབྱམས་སུ་སོང་བའི་ཁར། འགྲིམ་འགྲུལ་སྟབས་མི་བདེ་བ་དང་། ཆ་འཕྲིན་འབྱོར་དལ་བ་བཅས་ཀྱི་དབང་གིས་རྒུ་རི་ཡུལ་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་དེ་འདྲ་མཐོ་རྒྱུ་མེད།

ཏུའུ་ལན་རྫོང་རྒུ་རི་ཡུལ་ཚོ་ཕྱུགས་ར་གསེར་ཐང་གཞིས་ཁུལ་གྱི་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་གུ་རུས་ཕྱིར་དྲན་བྱེད་ཞོར་བཤད་རྒྱུར། དཀའ་ཁག་དེ་ཙམ་གྱིས་མི་ཚད་དེ། བསྟུད་མར་ལོ་འགར་གངས་སྐྱོན་བྱུང་སྟབས་དཀའ་ཁག་དང་སྡུག་བསྔལ་ཚད་མེད་མྱངས་སུ་བཅུག “མུ་མཐུད་དུ་འདི་ལྟར་འཚོ་བ་རོལ་ན་མི་འགྲིག་པས།  འཚོ་རྟེན་གཞན་ཞིག་ཅིས་ཀྱང་འཚོལ་དགོས”། རྒུ་རི་ཡུལ་ཚོ་ཏང་ཨུ་དང་སྲིད་གཞུང་གིས་གྲོས་སྡུར་བྱས་ནས་གནས་སྤོར་བྱེད་རྒྱུའི་གྲོས་ཐག་བཅད།

2009ལོར། ཞིང་ཆེན་ཡོངས་ཀྱིས་འབྲོག་པ་གཞིས་ཆགས་ཀྱི་བཟོ་འགོད་ལག་བསྟར་བྱས་སྟབས། རྒུ་རི་ཡུལ་ཚོས་གོ་སྐབས་དམ་འཛིན་བྱས་ཏེ།  ཁྱིམ་ཚང་རེར་སྒོར་ཁྲི་གསུམ་སྟོང་ལྔ་ཡི་ཁ་གསབ་རོགས་རམ་བྱེད་པའི་ཚད་གཞི་ལྟར། ཕྱུགས་ར་གསེར་ཐང་གི་གཟན་རྩྭའི་ས་ཁུལ་དུ་གཅིག་བསྡུས་སྒོས་འབྲོག་པ་གཞིས་ཆགས་ཀྱི་ཁང་མིག150ལས་པ་རེད།

ཁང་པ་ལས་ཚར་མོད། འོན་ཀྱང་དེར་འདུག་འདོད་ཡོད་པའི་མི་ཁ་ཤས་མ་གཏོགས་མེད་པ་རེད། ཐོ་འགོད་བྱས་པའི་ཁྱིམ་ཚང10ལས་མང་ཆེ་ཤོས་ལས་བྱེད་པ་ཚོའི་གཉེན་ཉེ་རེད། ཐེངས་མང་པོར་ཡང་ཡང་སྐུལ་སློང་བྱས་མོད། སྔ་གཞུག་ཏུ་གནས་སྤོར་བྱས་པའི་ཁྱིམ་ཚང60ལས་མ་བརྒལ་བ་རེད། འོན་ཀྱང་རི་འགོ་ནས་མར་ཡོང་བའི་མི་རྣམས་ཀྱིས་ངེས་ཤེས་ཤིག་རྙེད་པ་ནི།  ཁོ་ཚོས་ཚོད་དཔག་བྱས་པ་ལྟ་བུའི་རྙོག་འཛིང་ཞིག་མིན་ལ། འཚོ་བ་ཡང་ཁོ་ཚོས་སེམས་ཁུར་བྱས་པ་ལྟ་བུའི་དཀའ་སྡུག་ཆེ་བ་ཞིག་མ་རེད། སོ་ཕག་གི་ཁང་པའི་ནང་བསྡད་ན་བག་ཕེབས་ལ། ཆུ་དང་གློག་བཀོལ་སྤྱོད་དང་། ཉོ་སྒྲུབ་དང་སྨན་བཅོས། སློབ་ཞུགས་བཅས་སྟབས་བདེ་ཡིན་པ་མ་ཟད། ཡོང་སྒོ་འཚོལ་བའི་གོ་སྐབས་ཀྱང་མང་པོ་ཡོད་པས་དགའ་སྤྲོ་ཚད་མེད་སྐྱེས། ཡུན་གྱིས་རི་འདབས་ཀྱི་གནས་ཚུལ་སྣ་ཚོགས་ཐོས་པས་རི་མགོའི་མི་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་ངང་གནས་སྤར།

མི་མང་ཤོས་རི་ལས་བབས་ཏེ་གཞིས་ཆགས་ནའང་། ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་ནི་སྔར་བཞིན་རྒུ་རི་ཡུལ་ཚོའི་མང་ཚོགས་ཀྱི་ཡོང་འབབ་གཙོ་བོའི་གྲས་ཀྱི་གཅིག་ཡིན་སྟབས། ཞང་ཏང་ཨུ་དང་སྲིད་གཞུང་གིས་ཁྱིམ་ཚང་རེ་རེའི་ནོར་ལུག་དང་རྩྭ་ས་ཧྲག་སྡེབ་བྱས་ཏེ་རྒུ་རི་ཡུལ་ཚོའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད། མཉམ་ལས་ཁང་གིས་ཁྱིམ་ཚང་མཉམ་འབྲེལ་སྒོས་བདག་གཉེར་བྱེད་པའི་བྱེད་སྟངས་སྤྱད་དེ། ཕྱིར་འཚོང་བྱས་པའི་ནོར་ལུག་ཡོད་ཚད་མཉམ་ལས་ཁང་གིས་གཅིག་གྱུར་སྒོས་ཕྱིར་འཚོང་བའི་འགན་འཁུར་པ་དང་། མ་རྐང་དུ་ཞུགས་པའི་སྡེ་དམངས་ཀྱིས་ཁེ་སྤོགས་ལོངས་སྤྱོད་བྱེད་བཞིན་ཡོད།

རྒུ་རི་ཡུལ་ཚོ་ཕྱུགས་ར་གསེར་ཐང་འབྲོག་དམངས་ཀྱི་བདེ་སྐྱིད་འཚོ་བའི་དབུ་ཁྱུད་འདི་ལྟར་བྲིས་བྱུང་། 2013ལོར་རྒུ་རི་ཡུལ་ཚོའི་སྡེ་བ་གསུམ་གྱི་ཁྱིམ་ཚང117གྱི་འབྲོག་དམངས་ཀྱིས་མ་དངུལ་སྒོར་བྱེ་བ་གཅིག་ས་ཡ་ལྔ་འབུམ་བདུན་ཁྲི་བརྒྱད་གྲབས་གསོག་བྱས་ཏེ་ཚོང་ལས་རང་བཞིན་གྱི་ཁྲོམ་ར་ལས་པ་དང་། ཕྱིར་གླ་བའི་རྣམ་པ་སྤྱད་དེ། ཡོང་འབབ་རྒྱུན་ཆད་མེད་པར་ཇེ་མང་དུ་བཏང་།

ཏུའུ་ལན་རྫོང་ཅིན་ཀོའུ་ལི་བཟོ་ལས་ཉོ་ཚོང་ཚད་ཡོད་འགན་ལེན་ཀུང་སིའི་སྤྱི་གཉེར་པ་སྟོབས་ལྡན་གྱིས་བཤད་རྒྱུར། “2018ལོར། ང་ཚོས་ཁང་པ་འགའ་ཕྱིར་གླས་ཏེ། ལོ་རེར་སྒོར་འབུམ་བཞི་ཁྲི་ལྔ་ཡི་གླ་དངུལ་ལོན་པ་དང་། དུས་མཇུག་ཏུ་ཁང་པ་ཚང་མ་གླ་གཏོང་བྱས་ཚེ། སྒོར་འབུམ་བདུན་ལྷག་གི་གླ་དངུལ་ལོན་ཐུབ། གཞུག་ཕྱོགས་ང་ཚོས་ད་དུང་ལྟག་རྒྱབ་ཀྱི་ས་ཁོངས་སུ་མགྲོན་ཁང་དང་གཞིས་ཁུལ་བཅས་ལས་པའི་བྱེད་ཐབས་སྤྱད་དེ།  མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་རྩིས་ཡོད།”ཟེར།

འབྲོག་དམངས་གཏན་སྡོད་བྱས་པ་དེས། ཁོ་ཚོར་ཏང་དང་སྲིད་གཞུང་གི་གཟིགས་སྐྱོང་སྲིད་ཇུས་ཧ་ཅང་མང་པོ་ལོངས་སྤྱོད་བྱེད་དུ་བཅུག་པ་དང་། འཚོ་བ་དང་བསམ་བློ་ལ་འཕོ་འགྱུར་ཆེན་པོ་བྱུང་ལ། དཔལ་འབྱོར་གྱི་ཡོང་ཁུངས་སྔར་ལས་ཇེ་མང་དུ་སོང་།

སྡེ་མི་བདེ་བྷོ་ཚང་གིས་ས་ཞིང་འདེབས་ཞོར་དུ་རྡོ་བརྐོས་ཀྱི་ཚོང་གཉེར་ཏེ། ཁྱིམ་ཚང་གི་ཡོང་འབབ་ཇེ་མང་ནས་ཇེ་མང་དུ་སོང་། བདེ་བྷོས་བཤད་རྒྱུར། “སྔོན་ཆད་ང་ཚོས་འབྲོག་ཁུལ་དུ་འཚོ་བ་རོལ་བ་ཡིན། ཁོར་ཡུག་ཞན་པར་མ་ཟད། བྱིས་པ་སློབ་གྲྭར་འགྲོ་བ་དང་། རྒན་པ་སྨན་པར་སྟོན་པ་སོགས་ལ་སྟབས་མི་བདེ།   ས་འདིར་གནས་སྤར་ནས་ད་ལྟའི་བར་ལོ9འགོར་སོང་། འཚོ་བའི་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་ཡིན་ལ། རྡོ་བརྐོས་ཀྱི་ཚོང་ཡང་ཤིན་ཏུ་བཟང་བས་ངེད་ཚང་གི་འཚོ་བའང་ཇེ་ཕྱུག་ནས་ཇེ་ཕྱུག་རེད། ”ཟེར།

ད་ལྟ། བདེ་བྷོ་ཚང་དང་འདྲ་བར། ཚང་མའི་འཚོ་བའི་རེ་ལྟོས་ཇེ་ཆེ་ནས་ཇེ་ཆེ་རེད། “སྔོན་ཆད་རི་མགོ་ནས་ཕྱུགས་འཚོས་པ་དང་། སྡོད་ས་ནི་རང་གིས་ཕུབ་པའི་སྦྲ་གུར་ཡིན། དུས་རྒྱུན་ཆར་རླུང་ཁྲོད་དུ་ཕར་འགྲོ་ཚུར་འོང་བྱེད་དགོས། ད་ལྟ་གྲོང་ཁྱེར་དང་གྲོང་རྡལ་དུ་གཏན་སྡོད་བྱས་ཏེ། ཡངས་ཤིང་གསལ་བའི་ཁང་པའི་ནང་འདུག་ཐུབ་པ་བྱུང་བས། བཟང་བའི་ལོ་རབས་བཤད་ཀྱང་བཤད་མི་ཚར། ”“ད་ལྟ་ཆུ་གློག་སྤྱོད་རྒྱུ་སྟབས་བདེ་ལ། ཐ་ན་ཨར་འདམ་གྱི་ལམ་ཁྱིམ་ཚང་གི་སྒོ་ཁར་ཐོན་ཡོད།......”ལོ་འདི་འགའི་འགྱུར་ལྡོག་གླེང་ཡོང་ཚེ། འབྲོག་པ་མང་ཚོགས་ཀྱི་གདོང་ལ་སྤྲོ་དགས་ཁེངས་ཡོད།

ལམ་བགྲོད་དཀའ་བ་དང་། ཆུ་འཐུང་དཀའ་བ། གློག་སྤྱོད་དཀའ་བ། ནད་སྟོན་དཀའ་བ། སློབ་གྲྭར་འགྲོ་དཀའ་བ། ཉོ་སྒྲུབ་བྱེད་དཀའ་བ། འཚོ་གནས་བྱེད་དཀའ་བ་བཅས་ནས་ད་ལྟ་སྡོད་ཁང་གྲལ་འགྲིག་པ་དང་། རྨང་གཞིའི་སྒྲིག་བཀོད་ཆ་ཚང་བ། འགྲིམ་འགྲུལ་སྟབས་བདེ་བ། ཡོང་འབབ་སྣ་མང་ཅན་ཡིན་པ། ཡོང་འབབ་ཇེ་མང་དུ་གཏོང་བའི་ཐབས་ལམ་མང་བ་བཅས་སུ་གྱུར་ཡོད། ད་ལྟ། སྒུག་རི་ཡུལ་ཚོའི་འབྲོག་པ་མང་ཚོགས80﹪ཡིས་ཕྱུགས་ར་གསེར་ཐང་འབྲོག་དམངས་གཏན་སྡོད་ས་ཁུལ་དུ་འཚོ་གནས་དང་ཐོན་སྐྱེད་བྱེད་བཞིན་ཡོད། ཐག་ཉེ་ས་ནས་ལས་ཀ་ལས་པ་དང་། སྨན་པར་བསྟེན་པ། སློབ་གྲྭར་འགྲིམ་པ་དང་། ཐབས་ལམ་མང་པོ་སྤྱད་དེ་འབྲོག་དམངས་ཀྱི་ལས་ཞུགས་ཡོང་འབབ་ཇེ་མང་དུ་གཏོང་བར་ཁག་ཐེག་ནན་མོ་བྱས་ཏེ། མིང་དོན་དང་མཚུངས་པའི་སྒོ་ནས་འབྲོག་དམངས་ཀྱི་ཐོབ་ཐང་བསྒྱུར་བ་དང་། ཁོ་ཚོར་གནས་སྤོར་དང་། གཏན་སྡོད། ཕྱུག་འགྱུར་བཅས་བྱེད་ཐུབ་པར་བྱས་ཡོད།

དབྱར་དུས་ཀྱི་ཕྱུགས་ར་གསེར་ཐང་གི་འབྲོག་དམངས་གཏན་སྡོད་ཁུལ་ནི་སྙན་འཇེབས་ལྡན་པའི་དམངས་གླུ་ཞིག་དང་འདྲ་བར། དུས་རབས་གསར་པའི་འབྲོག་དམངས་ཀྱི་བདེ་སྐྱིད་འཚོ་བ་བླངས་ཡོད།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།