མཚོ་སྔོན་ཡུལ་སྐོར་གྱི་ཚ་རླབས་དུས་ལྟར་འཕྱུར་བ།
2020.08.28 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 0

ཞོགས་པར་མགྲོན་ཁང་དང་གསོལ་མགྲོན་ཁང་སོ་སོའི་སྒོ་ཁ་རུ་ཡུལ་སྐོར་འགྲུལ་སྐྱེལ་རླངས་འཁོར་ཆེན་པོ་མང་པོ་ཕྲེང་སྒྲིག་པ་དང་། དགོང་མོར་ཐང་ཏའོ637ཐང་ཆེན་དུ་ཡུལ་སྐོར་པ་འཚང་ཁ་ཤིག་ཤིག་བྱེད་པ། དགོང་ཟས་ཟོས་རྗེས་གླ་གཏོང་རླངས་འཁོར་གཅིག་ཀྱང་འབོད་མི་ཐུབ་ལ། “ཏི་ཏི་གླ་འཁོར”བོས་ནའང་མི་བཅུ་ཕྲག་གི་རྗེས་ལ་ཕྲེང་བསྒྲིག་དགོས་པ་སོགས་སྣང་ཚུལ་འདི་དག་ལས་ང་ཚོས་ཤེས་ཐུབ་པ་ནི། མཚོ་སྔོན་ཞེས་པའི་ཚ་བྱོལ་གནས་མཆོག་འདིའི་ཡུལ་སྐོར་ཚ་རླབས་འཕྱུར་བཞིན་ཡོད་པ་དེ་རེད།

1.གསོལ་མགྲོན་ཁང་དུ་མི་སྡོད་པའི་ཚད95%ལ་སླེབས་པ།

ཟླ8པའི་ཚེས10ཉིན། ཟི་ལིང་གྲོང་ཁྱེར་ཐེམ་ཆེན་ཟམ་པའི་ཉེ་འགྲམ་གྱི་ཝེ་ཡེ་ན་རྒྱལ་སྤྱིའི་གསོལ་མགྲོན་ཁང་གི་སྒོ་ཁ་རུ། ཡུལ་སྐོར་ཁང་གི་མིང་སྦྱར་ཡོད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེན་པོ་འགའ་གསོལ་མགྲོན་ཁང་དེའི་རླངས་འཁོར་འཇོག་ཡུལ་དུ་བཞག་ཡོད། དེ་ལས་གཞན་ཞིང་ཆེན་གཞན་པའི་འཁོར་བྱང་ཡིན་པའི་རླངས་འཁོར་མི་ཉུང་བ་ཞིག་ཀྱང་དེར་བཞག་ཡོད་པ་དང་། ཡུལ་སྐོར་པ་འགའ་ཤས་ཤིག་གིས་རྡོག་ཁྲེས་དྲུད་ནས་ཞག་སྡོད་ཀྱི་འགྲོ་ལུགས་སྒྲུབ་བཞིན་ཡོད།

“ང་ཚོས་མདང་དགོང་དྲ་ཐོག་ནས་མལ་ཁང་མངག་ཉོ་བྱས་པ་ཡིན། ད་ལོར་མལ་ཁང་མངག་ཉོ་བྱེད་སླ་བ་དང་། མངག་ཉོ་བྱེད་མི་ཐུབ་པའི་གནས་ཚུལ་མེད”ཅེས་སི་ཁྲོན་ནས་ཡོང་བའི་ཡུལ་སྐོར་པ་ལྕམ་མོ་ཞིས་ལགས་ཀྱིས་དེ་ལྟར་བཤད།

གསར་འགོད་པས་དྲ་ཐོག་ནས་ཡུལ་སྐོར་མངག་ཉོ་བྱེད་པའི་སྟེགས་བུའི་སྟེང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ7པའི་ཟླ་དཀྱིལ་གྱི་ཚུན་དུ། རང་ཞིང་གི་གསོལ་མགྲོན་ཁང་དུ་ཞག་སྡོད་བྱེད་པའི་མངག་ཉོ་ཚད་རྒྱུན་ཆད་མེད་པར་ཇེ་མང་དུ་སོང་འདུག “དྲ་གྲགས་ཡུལ་སྐོར་བྱེད་ཡུལ”གྱི་འགུག་ཤུགས་འོག ཟི་ལིང་གྲོང་ཁྱེར་གྱི་མགྲོན་ཁང་དུ་མགྲོན་པོ་སྡོད་པའི་ཚད་ཇེ་མང་སོང་བར་མ་ཟད། མིན་ཡོན་དང་ཝུའུ་ལན། ཏུའུ་ལན། ཚྭ་འདམ་ཆེ་བ་སོགས་ཀྱི་གསོལ་མགྲོན་ཁང་དང་མགྲོན་ཁང་། ཞིང་པའི་སྤྲོ་སྐྱིད་ཁང་སོགས་སུའང་མངག་ཉོ་བྱེད་མཁན་ཤིན་ཏུ་མང་།

“ཉིན་འདི་འགའི་རིང་ལ། གསོལ་མགྲོན་ཁང་དུ་སྡོད་པའི་ཚད95%ཡན་ལ་སླེབས། དེའི་ནང་གི་མང་ཆེ་བ་གཞན་ཡུལ་ནས་མཚོ་སྔོན་ལ་ཡུལ་སྐོར་དུ་ཡོང་བའི་ཡུལ་སྐོར་པ་རེད།”ཅེས་ཝེ་ཡེ་ན་རྒྱལ་སྤྱིའི་གསོལ་མགྲོན་ཁང(ཐེམ་ཆེན་ཟམ་པའི་ཡན་ལག་ཁང)གི་ཡན་ལག་སྤྱི་ཁྱབ་ཚོང་གཉེར་པ་ལའོ་ཞའོ་ཧྥུན་གྱིས་དེ་ལྟར་བཤད།

གསར་འགོད་པས་གསོལ་མགྲོན་ཁང་མང་པོ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་མལ་ཁང་མངག་ཉོའི་དུས་གཞུང་ན་ནིང་དང་བསྡུར་ན་ཅུང་འཕྱི་ཡོད་རུང་། ཟླ7པའི་ཟླ་དཀྱིལ་ཚུན་དུ་མགྲོན་ཁང་དུ་སྡོད་པའི་ཚད་མངོན་གསལ་གྱིས་ཇེ་མང་དུ་སོང་།

མིག་སྔར། ཟི་ལིང་གྲོང་ཁྱེར་གྱི་དཔལ་འབྱོར་རང་བཞིན་གྱི་གསོལ་མགྲོན་ཁང་དང་མནའ་འབྲེལ་གསོལ་མགྲོན་ཁང་། སྐར་རིམ་གསོལ་མགྲོན་ཁང་བཅས་ཀྱི་མངག་ཉོ་རིན་གོང་སྤྱིར་བཏང་དུ་སྒོར200ནས་སྒོར600བར་ཡིན་ལ། མངག་ཉོ་བྱས་པའི་ཉིན་དེར་བསྡད་ཆོག་མོད། འོན་ཀྱང་། ཚྭ་ཁ་དང་མཚོ་སྔོན་པོ། ན་གོར་མོ་སོགས་ལྗོངས་ཁུལ་གཙོ་བོ་དག་གི་མཐའ་འཁོར་གྱི་མལ་ཁང་ཉོ་དཀའ་ཞིང་། གསོལ་མགྲོན་ཁང་ཁ་ཤས་ཀྱི་སྡོད་ཁང་མིག་སྔར་བཙོང་ཚར་འདུག །

2.རླངས་འཁོར་གླས་པའི་སྒེར་བསྐོར་ཡུལ་སྐོར་ཡུན་གྱིས་དར་བ།

“རླངས་འཁོར་འདི་ང་ཚོས་གླས་པ་ཡིན། ཉིན་འགའ་ལ་གླས་ནས་མཚོ་སྔོན་གྱི་དྲ་གྲགས་ཡུལ་སྐོར་བྱེད་ཡུལ་དུ་ལྟད་མོ་བལྟ་རུ་འགྲོ་བསམ་པ་ཡིན”ཞེས་ཀོས་ཀྲོའུ་ནས་ཐོན་པའི་སྐུ་ཞབས་ཨན་ལགས་ཀྱིས་ཁྱིམ་མི་གང་བོ་འཁྲིད་ནས་མཚོ་སྔོན་གྱི་མཛེས་ལྗོངས་ལ་བལྟ་རུ་འགྲོ་རྩིས་འདུག

སྐུ་ཞབས་ཨན་ཚང་གི་བཟའ་མི་གང་བོ་བཞིན་གནམ་གྲུར་བསྡད་དེ་ཟི་ལིང་ལ་ཐོན་རྗེས། རླངས་འཁོར་གླས་ནས་སྒེར་བསྐོར་ཡུལ་སྐོར་བྱེད་མཁན་གྱི་ཡུལ་སྐོར་པ་ཇེ་མང་ནས་ཇེ་མང་རེད།

“ང་ཚོས་ཟླ་ངོ་གཅིག་གི་སྔོན་ལ་ཡུལ་སྐོར་ལམ་ཐིག་འདེམས་མགོ་བརྩམས་པ་ཡིན། མཚོ་སྔོན་པོ་དང་ཚྭ་ཁ། ཏུང་ཐའེ་ཅི་ནི་མཚེའུ་སོགས་ཀྱི་ལྗོངས་ཁུལ་ཚང་མར་ང་ཚོ་ལྟད་མོར་བལྟ་རུ་འགྲོ་རྩིས་ཡོད། ཐེངས་འདིའི་ཡུལ་སྐོར་ནི་རྨི་ལམ་ལྟར་སྐྱིད་པའི་ཡུལ་སྐོར་ཞིག་ཡིན་པའི་ཡིད་ཆེས་ཡོད”ཅེས་སྐུ་ཞབས་ཨན་ལགས་ཀྱིས་དེ་ལྟར་བཤད།

གསར་འགོད་པས། རླངས་འཁོར་གླ་བའི་ཀུང་སི་མང་པོ་ཞིག་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་སྤྱི་ཡོངས་ནས་རླངས་འཁོར་གླས་པའི་གྲངས་ཀ་ན་ནིང་ལས་མང་། རླངས་འཁོར་གླས་པའི་ཡུན་ཀྱང་ཇེ་རིང་དུ་སོང་བའི་རྣམ་པ་བྱུང་།

“ང་ཚོ་ཀུང་སིའི་རླངས་འཁོར་ཉིན་རེར་ཧ་ལམ150རེ་ཕྱི་རུ་རྒྱུག་བཞིན་ཡོད། ན་ནིང་གི་དུས་མཉམ་དང་བསྡུར་ན་ཇེ་མང་དུ་སོང་ཡོད། དེའི་ཁར། ད་ལོར་མཚོ་སྔོན་དུ་ཡང་བསྐྱར་དྲ་གྲགས་གནས་སྐོར་ལྗོངས་ཁུལ་གསར་པ་འགའ་ཇེ་མང་དུ་སོང་ཡོད་པས། རླངས་འཁོར་གླས་པའི་དུས་ཡུན་ཀྱང་ཇེ་རིང་དུ་སོང”ཞེས་མཚོ་སྔོན་ཧྥན་ཧིན་རླངས་འཁོར་ཕྱིར་འཚོང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཚོང་གཉེར་པ་ཡུས་ཅིན་ཝུན་གྱིས་དེ་ལྟར་བཤད།

གསར་འགོད་པས་ཟི་ལིང་གྲོང་ཁྱེར་རླངས་འཁོར་བོགས་གཡར་ལས་རིགས་མཐུན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ། ཟི་ལིང་གྲོང་ཁྱེར་གྱི་རླངས་འཁོར་བོགས་གཡར་ཚོང་ཁྲོམ་གྱི་ཉིན་རེར་རླངས་འཁོར4000རེ་ཕྱི་རུ་གླ་བཞིན་ཡོད། ཉིན་རེར་རླངས་འཁོར་གླས་པའི་གྲངས་ཀ་ན་ནིང་གི་དུས་མཉམ་དང་བསྡུར་ན20%འཕར་བ་དང་། རླངས་འཁོར་གླ་བའི་དུས་གཞུང་ཀྱང་ན་ནིང་དང་བསྡུར་ན་ཅུང་ཙམ་ཇེ་རིང་དུ་སོང་འདུག སྔོན་དཔག་བྱས་ན་དུས་གཞུང་གི་ཉིན45ལ་བསླེབ་ཐུབ་པས། སྤྱི་ཁྱབ་ནས་རླངས་འཁོར་བོགས་གཡར་བྱས་པའི་གནས་ཚུལ་ན་ནིང་གི་དུས་མཉམ་ལས་བཟང་། །

3.འགྲུལ་པ་སྐྱེལ་བའི་ཚད་རིམ་བཞིན་ཇེ་མང་དུ་སོང་བ།

“ནམ་མཁའ་ཤིན་ཏུ་སྔོ། ངོ་མས་ཡག་གི མྱུར་དུ་ང་རང་པར་ཞིག་ལེན་རོགས”ཞེས་ཟི་ལིང་མེ་འཁོར་འབབ་ཚིགས་ཀྱི་སྐྱེ་དངོས་མཛེས་ལྗོངས་བཟོས་མའི་མདུན་དུ། ཀན་སུའུ་ཞིང་ཆེན་ཅིན་ཁྲང་ནས་ཡོང་བའི་ལྕམ་མོ་ཞིས་ལགས་ཀྱིས་རང་ཉིད་ཀྱི་འགྲོ་རོགས་ལ་རང་ཉིད་པར་ལེན་དུ་བཅུག

ཟླ8པའི་ཚེས11ཉིན་གྱི་དུས་ཚོད16གི་སྟེང་། ཟི་ལིང་མེ་འཁོར་འབབ་ཚིགས་ཀྱི་འབུད་སྒོ་ཁ་རུ་མི་ཚོགས་ལང་ལོང་དུ་འཁོར་བཞིན་གདའ། ལས་བྱེད་པས་བྲེལ་འཚུབ་ཀྱིས་འགྲུལ་པ་རྣམས་ལ་སྒོར་འགྲོ་བའི་ལམ་སྟོན་བཞིན་འདུག སྒོར་བུད་རྗེས་ཡུལ་སྐོར་པ་མི་ཉུང་བ་ཞིག་གིས་ཟི་ལིང་མེ་འཁོར་ས་ཚིགས་ཀྱི་ཐང་ཆེན་ནས་དྲན་རྟེན་འདྲ་པར་ལེན་བཞིན་འདུག

“ཉིན་འདི་དག་ལ་ཡུལ་སྐོར་པ་སྔོན་ཆད་དང་བསྡུར་ན་མངོན་གསལ་གྱིས་ཇེ་མང་དུ་སོང་ཡོད”ཅེས་ཡུལ་དངོས་ཀྱི་ལས་བྱེད་པ་ཞིག་གིས་དེ་ལྟར་བཤད།

ཟླ7པའི་ཟླ་དཀྱིལ་ནས་བཟུང་སྟེ། ཟི་ལིང་མེ་འཁོར་འབབ་ཚིགས་སུ་ཉིན་རེར་ཡུལ་སྐོར་པ་ཐོན་པའི་ཚད་རིམ་བཞིན་ཇེ་མང་དུ་སོང་། ཉིན་རེར་ཧ་ལམ་མི་ཁྲི2ཡས་མས་ཡོད། གཞི་གྲངས་ལས་ཤེས་གསལ་ལྟར་ན། འགྲུལ་པའི་ཁྲོད་ནས་མཚོ་སྔོན་ལ་ཡུལ་སྐོར་དུ་ཡོང་བའི་མི་གྲངས་ཀྱང་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད།

ཟི་ལིང་གི་གནམ་གྲུར་སྡོད་པའི་འགྲུལ་པའང་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། གསར་འགོད་པས་ཟི་ལིང་གནམ་གྲུ་ཐང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ7པའི་ཚེས30ཉིན་ནས་བཟུང་། ཟི་ལིང་གནམ་གྲུ་ཐང་དུ་འགྲུལ་པ་ཐོན་ཚད་མི་ཐེངས་ཁྲི3ལས་བརྒལ། ཟླ8པའི་ཚེས1ཉིན་མི་ཐེངས་ཁྲི3.3ལ་སླེབས་པ་དང་། ན་ནིང་གི་དུས་གཞུང་དང་བསྡུར་ན2%འཕར་ཡོད། མི་ཐེངས་ཁྲི3ཁྲོད་ཀྱི་ཕྱེད་ཀ་ནི་ནང་དུ་ཡོང་མཁན་དང་ཕྱེད་ཀ་ནི་ཕྱིར་སྐྱོད་མཁན་རེད། དེའི་སྔོན་དུ་ནང་དུ་ཡོང་མཁན་གྱིས་ཧ་ལམ48%ཡས་མས་ཟིན། ཉེ་ལམ། ཡུལ་སྐོར་དུ་ཡོང་བའི་འགྲུལ་པ་ཇེ་མང་དུ་སོང་བ་དང་། མཚོ་སྔོན་གྱི་ཡུལ་སྐོར་གནད་ཆེའི་ཞིང་ཆེན་གྱི་ཕན་འབྲས་མངོན་གསལ་ཡིན་པས། ཡུལ་སྐོར་པའི་ཡོང་ཁུངས་ཀྱིས་མཁའ་འགྲུལ་གྱི་གཞི་གྲངས་ཇེ་མང་དུ་འགྲོ་བར་སྐུལ་ཁྲིད་བྱས་ཡོད།

དྲ་ངོས་ནས་ཡུལ་སྐོར་མངག་ཉོ་བྱེད་པའི་སྟེགས་བུའི་སྟེང་དུ་གསལ་པོར་མཚོན་པ་སྟེ། ཞའེ་ཁྲིན་དྲ་བ་དང་། གང་དུ་འགྲོ་བའི་དྲ་བ། ཧྥེ་ཀྲུའུ་སོགས་ཀྱི་མངག་ཉོའི་སྟེགས་བུའི་སྟེང་དུ། ཟླ7པ་ནས་བཟུང་། ཁྲུང་ཆིན་དང་སི་ཁྲོན། ཧྲང་ཧའེ། པེ་ཅིན། ཁྲེན་ཏུའུ། ཀོང་ཀྲོའུ། ཞི་ཨན་སོགས་ས་ཆ་ནས་ཟི་ལིང་དུ་ཡོང་བའི་མེ་འཁོར་འཛིན་བྱང་ལྷག་མ་མང་པོ་མེད་ལ། གནམ་གྲུའི་འཛིན་བྱང་ཡང་རིན་གོང་བཅུ་ཆའི་ལྔ་མར་བཅག་པའི་འཛིན་བྱང་བཙོང་རྒྱུ་མེད། འཕུར་ཐེངས་ཁ་ཤས་དགོང་མོའི་དུས་ཚོད་དུ་རིན་གོང་མར་བཅག་པའི་འཛིན་བྱང་ཁ་ཤས་བཙོང་རྒྱུ་ཡོད། །

                                                 རྩོམ་སྒྲིག་པ། གཡང་འབུམ་རྒྱལ།