དཀོན་མཆོག་རྟ་མགྲིན་གྱི་རེ་འདུན་གསུམ།
2020.09.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

མིག་ལ་མཛེས་པའི་ཐང་ག་རེ་རེ་དང་རྔམ་བརྗིད་ལྡན་པའི་རྡོ་བརྐོས་རེ་རེ་ཡིས།  བོད་ཀྱི་སྒྱུ་རྩལ་པས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དོན་གཉེར་བྱེད་བཞིན་པ་མཚོན་གྱི་ཡོད། རེབ་གོང་རིག་གནས་ལ་ཡུན་རིང་གི་ལོ་རྒྱུས་ལྡན་ཞིང་།   རེབ་གོང་ནི་རང་ཞིང་གི་རྒྱལ་ཁབ་རིམ་པའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་གཅིག་པུ་ཡིན་པར་མ་ཟད།  ས་གནས་མང་ཚོགས་ལ་རིག་གནས་ཐོན་ལས་ཀྱིས་དབུལ་ཐར་མཁྲེགས་གཏོར་བྱེད་པའི་བཤུལ་ལམ་ཞིག་གསར་དུ་བཏོད་ཡོད་པ་རེད།

གཙང་ཞིང་ཁོད་སྙོམས་པའི་གཞུང་ལམ་བརྒྱུད་ནས་འགྲོ་དུས། རླངས་འཁོར་གྱི་སྒེའུ་ཁུངས་ལས་མཐོང་བའི་ལམ་འགྲམ་གྱི་ལྗོན་པ་དག་ནི་རྒྱུན་ཆད་མེད་པར་ཕྱི་ཕྱིར་འགྲོ་བ་དང་ཀུན་ནས་མཚུངས་ཤིང་།  དེ་ལྟར་མདུན་དུ་བསྐྱོད་ཚེ་གནའ་ཉམས་དོད་ཅིང་བབ་ཆགས་པའི་སྡེ་བ་ཞིག་མིག་ལ་སྣང་ཞིང་དེ་ནི་རེབ་གོང་སྒྱུ་རྩལ་གྱི་དར་ཡུལ་དུ་གྲགས་པའི་སེང་གེ་གཤོང་སྡེ་བ་རེད།

ཁྱིམ་ཚང་རེ་རེ་ལ་ཐང་ག་འབྲི་བཞེངས་བྱེད་སའི་ཁང་པ་ཡོད་ལ་མི་རེ་རེས་ཐང་ག་འབྲི་བཞེངས་བྱེད་ཤེས་པ་ནི་སེང་གེ་གཤོང་སྡེ་བའི་དོན་དངོས་ཀྱི་གནས་ཚུལ་རེད། རིག་གནས་ཀྱི་མཁའ་དབུགས་སྟུག་པོ་དེ་འདྲར་བརྟེན་ནས་ཡུལ་དེ་རུ་ལྷ་རིས་སྒྱུ་རྩལ་པ་གྲགས་ཅན་མང་དུ་བྱུང་ཞིང་། ད་ལྟ་གནས་དེ་ནི་རེབ་གོང་སྒྱུ་རྩལ་གྱི་འབྱུང་ཡུལ་དུ་གྱུར་ཡོད་པས་སྡེ་བའི་ས་ཕྱོགས་ཀུན་དུ་སྤུས་ལེགས་ཀྱི་ཐང་ག་སྣ་ཚོགས་མཐོང་ཐུབ་པར་མ་ཟད། ལྷ་རིས་སྒྱུ་རྩལ་པ་དག་གིས་དཀའ་སྤྱད་སྒོས་ལྷ་རིས་འབྲི་བཞེངས་བྱེད་པའི་སྣང་བརྙན་དག་ཀྱང་གསལ་བོར་མཐོང་ཐུབ།

སེང་གེ་གཤོང་མ་མགོ་སྡེ་བའི་ཀླུ་སྒྲུབ་སྒྱུ་རྩལ་གླིང་དུ་སོང་ཚེ། བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་འཛུགས་སྐྲུན་གྱི་མཐའ་རུ་སྡོང་བོ་ཆེན་པོ་མང་པོ་བཙུགས་འདུག འཛུགས་སྐྲུན་ཀྱི་ལོགས་གཉིས་སུ་ཐོག་རྩེག་གསུམ་ཅན་གྱི་ཁང་པ་གཉིས་ཡོད་པ་དང་། ཁང་པ་དེའི་སྒོ་གཅིག་གི་སྟེང་དུ་དབུལ་སྐྱོར་འཁོར་ཁང་ཞེས་བྲིས་འདུག སྒྱུ་རྩལ་གླིང་དེ་ནི་ས་གནས་དེའི་ལྷ་རིས་སྒྱུ་རྩལ་པ་བཀྲ་ཤིས་རྒྱ་མཚོ་དང་ཆོས་གྲགས་སྤུན་གཉིས་ཀྱིས་བཙུགས་པ་ཞིག་རེད། ཁོ་རང་སྤུན་གཉིས་ཕྱུག་པོར་ཆགས་རྗེས་སུ་སྤྱི་ཚོགས་ལ་དྲིན་གཟོ་རྒྱུ་མི་བརྗེད་པར། དབུལ་ཕོངས་ས་ཁུལ་ནས་ཡོང་བའི་སློབ་མ་རྣམས་ལ་རིན་མེད་སྒོས་བཟའ་བཏུང་དང་སྡོད་གནས་སོགས་གནས་དེ་རུ་བཀོད་སྒྲིག་བྱེད་བཞིན་ཡོད་པས།  སྒྱུ་རྩལ་གླིང་དེ་ཐུན་རིན་རྫོང་གི་གཅིག་བསྡུས་ཀྱིས་ལྷ་རིས་སྒྱུ་རྩལ་པ་གསོ་སྦྱོང་བྱེད་པའི་ལྟེ་གནས་གཙོ་བོ་ཞིག་ཏུ་གྱུར་ཡོད།

དབུལ་ཐར་འཁོར་ཁང་དུ་དཀར་གཙང་གི་བྲིས་རས་དག་སྐུད་པ་དཀར་པོ་སྲ་མོ་ཞིག་གིས་འབྲི་སྒྲོམ་གྱི་སྟེང་དུ་གཏན་འཁེལ་བྱས་འདུག་པ་དང་། སྒོ་འགྲམ་གྱི་འབྲི་སྒྲོམ་ཞིག་གི་སྟེང་དུ་ཚགས་ཞིབ་པའི་ཐང་གའི་སྤྱི་ཁོག་ཅིག་གཞི་ནས་ལེགས་གྲུབ་བྱུང་འདུག་པ་དང་། ལོ་ན་ཉི་ཤུར་སོན་པའི་དཀོན་མཆོག་རྟ་མགྲིན་གྱིས་ཐང་ག་དེའི་ངོས་ཡོངས་སུ་མཇུག་མཐའི་རྒྱན་སྤྲོས་བྱེད་བཞིན་འདུག ངས་འདི་ནས་ཐང་ག་འབྲི་བཞེངས་བྱེད་པར་སྦྱོང་བ་བྱས་ནས་ལོ་ངོ་གཉིས་འགོར་སོང་། ད་དུང་མུ་མཐུད་དུ་འབད་བརྩོན་བྱས་ནས་ཐང་ག་འབྲི་བཞེངས་བྱེད་པའི་ལག་རྩལ་སྔར་ལས་ཇེ་མཐོར་གཏང་དགོས་ཞེས་དཀོན་མཆོག་རྟ་མགྲིན་གྱིས་ཁེངས་སྐྱོང་དང་བཅས་ཏེ་གསར་འགོད་པར་བཤད། དཀོན་མཆོག་རྟ་མགྲིན་ནི་ཆུང་དུས་ནས་ཐང་ག་འབྲི་བཞེངས་བྱེད་པའི་ལས་ལ་ཧ་ཅང་སྤྲོ་བ་ཡོད་མཁན་ཞིག་ཡིན། ཁོ་ཚང་གི་ཁྱིམ་གྱི་ཆ་རྐྱེན་ཞན་པ་དང་ཕ་རྒན་ལ་ལག་རྩལ་ཆེན་པོ་མེད་པས་དཀོན་མཆོག་རྟ་མགྲིན་གྱིས་ཐང་ག་འབྲི་བཞེངས་བྱེད་པར་སྦྱོང་བ་བྱེད་རྒྱུའི་རེ་འདུན་དེ་མུ་མཐུད་དུ་མངོན་འགྱུར་བྱེད་མ་ཐུབ། ཐུན་རིན་རྫོང་གིས་ཤུགས་ཆེན་པོས་དབུལ་སྐྱོར་འཁོར་ཁང་གསར་དུ་བཙུགས་པ་དང་བསྟུན་ནས།  དཀོན་མཆོག་རྟ་མགྲིན་གྱིས་ཐང་ག་འབྲི་བཞེངས་བྱེད་པའི་ཕུགས་འདུན་དེ་ཡང་འདི་ནས་མངོན་འགྱུར་བྱེད་ཐུབ་པ་བྱུང་སོང་། འདི་ནས་སློབ་རིན་སོགས་ཅི་ཡང་མ་སྤྲད་པར་དགེ་རྒན་གྱི་ཆེད་ལས་མཛུབ་སྟོན་ལ་ཉན་ཐུབ་ཅིང་། ལོ་མཇུག་ཏུ་ཐོན་དུས་ད་དུང་ཡོང་འབབ་ཅུང་ཙམ་ཡང་ཡོད་ཅེས་དཀོན་མཆོག་རྟ་མགྲིན་དགའ་སྤྲོ་དང་བཅས་ཏེ་བཤད།

ཉིན་རེ་རེའི་དུས་ཚོད་བདུན་གྱི་སྟེང་དུ་དཀོན་མཆོག་རྟ་མགྲིན་སློབ་གྲོགས་ཚོ་དང་མཉམ་དུ། ལྷ་རིས་སྒྱུ་རྩལ་ཁང་དུ་ཡོང་ནས་བྲིས་རས་གཏན་འཁེལ་བྱེད་པ་དང་གཙང་སྤྲ་བྱེད་པ་སོགས་བྱས་ནས་ཉིན་གཅིག་གི་བྱ་བའི་མགོ་རྩོམ་པར་གྲ་སྒྲིག་བྱེད་ཀྱི་ཡོད།

ཐོག་དང་པོར་ཡོང་བའི་སྐབས་སུ་ཤོག་བུའི་སྟེང་དུ་གཞི་རིས་འབྲི་བར་ཉིན་རྒྱུན་དུ་ཐེངས་ཁ་ཤས་ལ་འབྲི་དགོས་ཀྱི་ཡོད་ཅེས་དཀོན་མཆོག་རྟ་མགྲིན་གྱིས་བཤད། གཞི་རིས་འབྲི་རྒྱུ་ནི་གཞི་རྩའི་ཤེས་བྱ་ཡིན་པས་ཐང་ག་ཞིག་ཡག་པོར་འཁྱོངས་ཐུབ་མིན་དེ་གཙོ་བོ་གཞི་རིས་ལ་འབྲེལ་བ་ཡོད་པ་ཞིག་ཡིན། དེའི་སྟབས་ཀྱིས་དགེ་རྒན་རྣམས་ཀྱིས་གཞི་རིས་འབྲི་བའི་ཐད་ཀྱི་བླང་བྱ་ཧ་ཅང་མཐོ།ད་ལྟའི་བར་དུ་ཉིན་རྒྱུན་དུ་ཕྱིར་ཉལ་ཁང་དུ་ལོག་རྗེས་སུ། དགེ་རྒན་གྱིས་ཁོ་ཚོར་མ་གཉིད་སྔོན་དུ་ཤོག་བུའི་སྟེང་དུ་གཞི་རིས་རེ་འབྲི་དགོས་པའི་བླང་བྱ་འདོན་གྱིན་ཡོད།  ཉལ་ཁང་དུ་ཐོན་རྗེས་དཀོན་མཆོག་རྟ་མགྲིན་གྱིས་ལས་བྱའི་འབྲི་དེབ་ལེན་དུས། ལས་བྱ་འབྲི་དེབ་ཀྱི་རྒྱབ་ངོས་སུ་དགེ་རྒན་གྱིས་ཁོས་བྲིས་པའི་གཞི་རིས་ལ་དག་བཅོས་ཀྱང་བྱས་འདུག དཀོན་མཆོག་རྟ་མགྲིན་གྱི་རྨང་གཞི་ཅུང་ལེགས། དེ་བས་ཁོ་ལ་ཡར་ཐོན་ཡང་ཆེན་པོ་འདུག ང་ཚོས་ཁོ་ལ་རེ་བ་ཆེན་པོ་བཅངས་ཡོད་ཅེས་དཀོན་མཆོག་རྟ་མགྲིན་གྱི་དགེ་རྒན་གྱིས་གསར་འགོད་པར་བཤད།

ཁོའི་ལག་རྩལ་ཕ་རྒན་ལས་བརྒལ་ཏེ་ཁྱིམ་དུ་ཐང་ག་འབྲི་བཞེངས་བྱེད་པའི་ལག་རྩལ་པ་ཆེས་བཟང་ཤོས་སུ་གྱུར་ཏེ།  ཕ་མ་ལ་རོགས་རམ་བྱས་ནས་ཁྱིམ་གྱི་འཚོ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་རྒྱུ་དེ་ནི་དཀོན་མཆོག་རྟ་མགྲིན་གྱི་རེ་འདུན་གསུམ་གྱི་ཁྲོད་ཀྱི་གཅིག་རེད། དུས་ཡུན་རིང་བོར་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ནས། དཀོན་མཆོག་རྟ་མགྲིན་གྱིས་ད་ལྟ་རང་ཉིད་གཅིག་པུས་ཐང་ག་འབྲི་བཞེངས་བྱེད་ཐུབ་ཀྱི་ཡོད་པས་ལོ་རེ་རེའི་ཡོང་འབབ་ཀྱང་མུ་མཐུད་དུ་ཇེ་མཐོར་འགྲོ་བཞིན་ཡོད་པ་དང་། སྔོན་ཆད་དེ་འདྲའི་ཕྱུག་པོ་མིན་པའི་ཁོ་ཚང་གི་འཚོ་བ་ཡང་ད་ལྟ་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བཞིན་ཡོད།

ངས་མུ་མཐུད་དུ་འབད་བརྩོན་བྱས་ནས་རྗེས་ཕྱོགས་སུ་རང་ཉིད་ལྷ་རིས་སྒྱུ་རྩལ་པ་ཞིག་བྱེད་རྒྱུ་ཡིན། དེ་ནི་དཀོན་མཆོག་བསྟན་འཛིན་གྱི་རེ་འདུན་གཉིས་པ་རེད། ལྷ་རིས་སྒྱུ་རྩལ་གྱི་ཐད་ནས་དཀོན་མཆོག་བསྟན་འཛིན་ལ་རང་ཉིད་ཀྱི་བསམ་ཚུལ་ཡོད་པ་སྟེ།  ལྷ་རིས་འབྲི་བཞེངས་བྱེད་ས་ཡོད་ཚེ་རང་གི་ཁྱིམ་མི་རྣམས་ལ་བདག་སྐྱོང་བྱེད་ཐུབ་པར་མ་ཟད། ད་དུང་ཐང་ག་འབྲི་བཞེངས་སྐོར་གྱི་ལག་རྩལ་ཐད་ནས་རང་གི་ཕ་རྒན་ལ་བསམ་ཚུལ་བརྗེ་རེས་བྱེད་ཆོག་པ་དང་། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི་ཕྱི་རོལ་ཏུ་སོང་ནས་སྔར་ལས་མང་པའི་ལྷ་རིས་སྒྱུ་རྩལ་པ་དག་གི་གམ་ནས་བྲིས་རིས་ལག་རྩལ་སྦྱང་ནས་ཐང་ག་འབྲི་བཞེངས་བྱེད་པའི་ལག་རྩལ་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་ཐུབ།

ང་ལ་མཚོན་ན་ནམ་ཞིག་གི་ཚེ་ན་རང་ཉིད་ཀྱང་མི་སྟོང་ཕྲག་གིས་རེབ་གོང་ཐང་ག་འབྲི་བཞེངས་བྱེད་པའི་འགྲན་སྡུར་ཁྲོད་ཞུགས་རྒྱུའི་རེ་འདུན་ཡོད། འདི་ནི་དཀོན་མཆོག་བསྟན་འཛིན་གྱི་རེ་འདུན་གསུམ་པ་རེད།ཉིས་སྟོང་བཅུ་དགུ་ལོའི་ཟླ་བདུན་པར། ཐུན་རིན་རྫོང་རེབ་གོང་རིག་གནས་ཐོན་ལས་གླིང་གིས་མི་སྟོང་གིས་རེབ་གོང་ཐང་ག་འབྲི་བཞེངས་བྱས་ནས་ཐང་ག་རྩེ་གྲས་འགྲེམ་སྟོན་བྱས་ཏེ། ཅི་ཉི་སིའི་འཛམ་གླིང་ཟིན་ཐོར་འགྲན་སློང་བྱེད་པའི་བྱ་འགུལ་སྤེལ། ཅི་ཉི་སིའི་འཛམ་གླིང་ཟིན་ཐོའི་བདེན་དཔང་ར་སྤྲོད་མཁན་གྱིས་ཞིབ་བཤེར་བྱས་པ་བརྒྱུད། བྱ་འགུལ་དེས་མི་མང་པོས་དུས་གཅིག་ཏུ་ཐང་ག་འབྲི་བ་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཐང་ག་འགྲེམ་སྟོན་བྱེད་པའི་ཐད་ནས་ཅི་ཉི་སིའི་འཛམ་གླིང་ཟིན་ཐོ་གཉིས་བསྐྲུན་པ་བདེན་དཔང་བྱས། བྱ་འགུལ་དེས་དཀོན་མཆོག་རྟ་མགྲིན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སོང་།

ལྷ་རིས་སྒྱུ་རྩལ་པ་སྟོང་གཅིག་ལྷག་ཕྱོགས་གཅིག་ཏུ་འཛོམས་ནས་ཐང་ག་འབྲི་བཞེངས་བྱས་ཏེ། བྱ་འགུལ་དེའི་སྟེང་དུ་འཛོམས་པའི་ལྟད་མོ་བ་རྣམས་ལ་འགྲེམ་སྟོན་བྱས། ངས་བལྟས་ན་དེ་ནི་རེབ་གོང་ཐང་གའི་ཡིད་དབང་འཕྲོག་པའི་གསོན་ཤུགས་རེད་ཅེས་དཀོན་མཆོག་བསྟན་འཛིན་གྱིས་བཤད།

འབྲི་སྒྲོམ་གྱི་མདུན་དུ་ལོག་རྗེས་དཀོན་མཆོག་རྟ་མགྲིན་སྐྱིལ་ཀྲུང་དུ་བསྡད་དེ་སྨྱུ་གུ་དང་ཚོན་རྩི་བླངས་ཤིང་། གཟུགས་པོ་སྒུར་ཙམ་བྱས་ནས་ཐང་ག་འབྲི་བཞེངས་བྱེད་ཀྱིན་འདུག   སྐབས་དེའི་ཁོའི་བློ་རྩེ་གཅིག་སྒྲིམ་གྱི་མིག་མདངས་ལས་ཐང་གའི་སྒྱུ་རྩལ་འབྲི་བཞེངས་བྱེད་མཁན་ཞིག་གི་སེམས་ནང་གི་རེ་འདུན་གསུམ་གསལ་བོར་མངོན་འདུག

                                                                                                           ལོ་ཙཱ་བ། གཡང་འབུམ་རྒྱལ།