དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས།
2020.09.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

—སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོ་གནང་བ།

“དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་ནི་བོད་ལྗོངས་ཀྱི་བྱ་བ་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་ལ། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས།”

ཉེ་ལམ་འཚོགས་པའི་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་དཔག་བབ་བསྟུན་དང་ཁྱོན་ཡོངས་ཁོང་དུ་ཆུད་པ་བྱས་ཏེ། དུས་རབས་གསར་བའི་བོད་ལྗོངས་བྱ་བའི་འཕེལ་རྒྱས་སྔར་ལས་ཆེན་པོ་ཡོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ས་གནས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་བོད་ལྗོངས་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

བོད་ལྗོངས་སློབ་ཆེན་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ཁང་གི་ཞིབ་འཇུག་མི་སྣ་བཅུ་ཕྲག་འགའ་བརྙན་འཕྲིན་འཕྲུལ་ཆས་ཀྱི་མདུན་དུ་བསྡད་ནས་བཞུགས་མོལ་ཚོགས་འདུར་བལྟས་རྗེས། སྤྲོ་སེམས་འཁོལ་བའི་ངང་གྲོས་བསྡུར་བྱས།

བོད་ལྗོངས་སློབ་ཆེན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་ཚེ་བརྟན་བཀྲ་ཤིས་ཀྱིས་བཤད་རྒྱུར། “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས། བཅོས་སྒྱུར་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལོ་རྒྱུས་བཅས་ཀྱི་སློབ་གསོ་དང་དེ་བཞིན་བོད་ལྗོངས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་གལ་ཆེའི་རང་བཞིན་ཏེ། བོད་ལྗོངས་ཀྱི་དོན་དངོས་དང་འཚམ་ལ་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན”ཟེར།

ད་ལོ་ལོ་ང་བདུན་ལ་སླེབས་པའི་ཚེ་བརྟན་བཀྲ་ཤིས་ཀྱིས་དུས་ཡུན་རིང་པོའི་ནང་རྒྱ་བོད་འབྲེལ་བའི་ལོ་རྒྱུས་སློབ་ཁྲིད་དང་ཞིབ་འཇུག་གི་བྱ་བ་གཉེར་བཞིན་ཡོད། ཁོང་གིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་བོད་ལྗོངས་སློབ་ཆེན་གྱིས་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སོགས་ཀྱི་ནང་དོན་སློབ་དེབ་ནང་བཅུག་ནས“བོད་ལྗོངས་ནི་གནའ་སྔ་མོ་ནས་བཟུང་ཀྲུང་གོ་དང་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པའི”བསམ་བློ་དེ་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཡོད་ལ། ད་དུང་རྒྱ་བོད་འབྲེལ་བའི་ལོ་རྒྱུས་དང་མི་རིགས་འགྲོ་འོང་དང་བསམ་བློ་བརྗེ་རེས། མཉམ་འདྲེས་སོགས་ཀྱི་ཞིབ་འཇུག་ཁ་ཕྱོགས་ཀྱང་ནང་དུ་འདུས་ཡོད།

སློབ་ཆེན་གྱི་ལས་འགན་ནི་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེ་ཡིན་ལ། བོད་ལྗོངས་འཕེལ་རྒྱས་གཏོང་རྒྱུ་དེ་སྔར་བཞིན་གྲུབ་ཆ་ལུགས་མཐུན་དང་བྱང་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་ཅིག་དང་ཁ་འབྲལ་ཐབས་མེད།

“སྤྱི་ཁྱབ་ཧྲུའུ་ཅི་ཡིས་བཟོ་ཞིང་གསོ་རིག་སོགས་ལ་དཀོན་པའི་ཤེས་ལྡན་མི་སྣ་སྔར་ལས་མང་བ་གསོ་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་ཡོད། འདི་ནི་ང་ཚོའི་གོམ་སྟབས་རྗེས་མར་འབད་བརྩོན་བྱ་དགོས་པའི་ཁ་ཕྱོགས་ཡིན།”ལོ་ཕྱེད་ལྷག་གི་རིང་ལ། བོད་ལྗོངས་སློབ་ཆེན་བོད་ལྗོངས་དཔལ་འབྱོར་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ཐུབ་བསྟན་མཁས་གྲུབ་རོང་འབྲོག་ཁུལ་དུ་བསྡད་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཤིང་། རྒྱ་ཆེའི་རོང་འབྲོག་ཁུལ་དུ་ཤེས་ལྡན་པ་དང་། ལྷག་པར་དུ་སྨན་བཅོས་དང་ཞིང་ཕྱུགས་ལས། རིག་གནས་ཡུལ་སྐོར་ཞབས་ཞུ་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་རྩལ་ནུས་རང་བཞིན་ལྡན་པའི་གོ་ཆོད་ཤེས་ལྡན་མི་སྣ་དཀོན་པས་ཁོ་ལ་མྱོང་ཚོར་ཟབ་མོ་བྱུང་།

ཐུབ་བསྟན་མཁས་གྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར། བོད་ལྗོངས་སློབ་ཆེན་གྱིས་བཟོ་སྐྲུན་དང་འཕྲིན་གཏོང་། གསོ་རིག་སོགས་ཁྱབ་ཁོངས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་ཆབས་ཅིག མཐོ་སྒང་ཚན་རིག་ལག་རྩལ་དང་ཕུལ་བྱུང་མི་རིགས་རིག་གནས་ཀྱི་ཚན་ཁག་ཆེན་པོ་གཉིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བཞིན་ཡོད་ལ། བོད་ལྗོངས་ཀྱི་འཕེལ་རྒྱས་ཐད་ཆེད་ལས་རྩལ་ནུས་ལྡན་པའི་དངོས་སྤྱོད་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།

བོད་ལྗོངས་ཀྱི་འཕེལ་རྒྱས་ནི་བོད་འབྲེལ་ལས་དོན་གྱི་གཙོ་གནད་ཞིང་ཆེན་གྱིས་ཤུགས་སྒྲིལ་རོགས་ལས་བྱས་པ་དང་ཁ་འབྲལ་ཐབས་མེད།

མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འབད་བརྩོན་ལྷོད་མེད་འོག ད་ལོའི་ཟླ་གཉིས་པར། ཀན་སུའུ་ཞིང་ཆེན་བུའུ་བེ་གྲོང་ཁྱེར་དུ་གནས་པའི་དཔའ་རིས་བོད་རིགས་རང་སྐྱོང་རྫོང་རྫོང་དབུལ་པོའི་གྲས་ནས་དངོས་སུ་ཕྱིར་འཐེན་བྱས་པས། ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་གི་གནས་ལས་སྒྲོལ་ཐུབ་པ་བྱུང་ཡོད།

“སྤྱི་ཁྱབ་ཧྲུའུ་ཅི་ཡིས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཐད་འབད་བརྩོན་སྔར་བས་ཆེ་བ་བྱེད་དགོས་ཞེས་ནན་བཤད་གནང་ཡོད་པས། འདིའི་ཐད་ནས་ང་ཚོར་ཡིད་ཆེས་ཡོད།” དཔའ་རིས་བོད་རིགས་རང་སྐྱོང་རྫོང་གི་ཏང་ཨུའི་ཧྲུའུ་ཅི་ལིས་ཕིན་གྱིས་བཤད་རྒྱུར། དབུལ་ཐར་བརྒྱུད་རིམ་ཁྲོད་ས་གནས་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་ལ་དགའ་འོས་པའི་འགྱུར་ལྡོག་བྱུང་ཡོད། ཁྱོད་རང་དབུལ་ཐར་བྱེད་དགོས་ཞེས་པ་ནས་ང་རང་དབུལ་ཐར་བྱེད་རྒྱུ་ཡིན་པས་འདུ་ཤེས་ཡོད་པས། མང་ཚོགས་དབུལ་ཐར་གྱི་ནང་གནས་སྒུལ་ཤུགས་ཆེ་རུ་སོང་བ་དང་དབུལ་སྐྱོར་ལས་བྱེད་པ་ཚོས་བྱ་བ་སྒྲུབ་པར་སེམས་ཤུགས་སྔར་ལས་ཆེན་པོ་ཡོད།

ལིས་ཕིན་གྱིས་བཤད་རྒྱུར། གོ་རིམ་རྗེས་མར། དཔའ་རིས་རྫོང་གིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་མཐིལ་རྟོལ་འགན་སྲུང་། སྐྱེ་ཁམས་དབུལ་སྐྱོར་སོགས་ཀྱི་བྱ་བ་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་ཡིནཔ་དང་། དེ་དང་ཆབས་ཅིག ཡང་བསྐྱར་དབུལ་བོར་འགྱུར་བར་སྔོན་འགོག་གི་བྱ་བ་ཏན་ཏིག་ངང་བཟང་བོར་བསྒྲུབ་རྒྱུ་ཡིན་ལ། ཕྱོགས་གཅིག་ནས་ཐོན་ལས་ལ་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ལས་ཞུགས་ལ་དམ་འཛིན་བྱས་ཏེ། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་རྒྱུན་མཐུད་ངང་ཇེ་མང་དུ་གཏོང་དགོས།

སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་པུའུ་ཀྲང་ཀའོ་ལི་ཞིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཡིས་བཏོན་པའི“ཕྱོགས་ཡོངས་ནས་རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག གཞི་རིམ་རྩ་འཛུགས་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་བྱེད་དགོས་པའི”བླང་བྱ་ལྟར། རྔ་བ་ཁུལ་གྱིས“རྔ་བའི་ཤེས་ལྡན་མི་སྣའི་འཆར་གཞི”བརྒྱུད་ནས་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱ་རྒྱུ་རེད། རི་ཁུལ་དང་འབྲོག་ཁུལ་གཙོར་བྱས་ནས་ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་མུ་མཐུད་དག་ཐེར་བྱས་ཏེ།  ད་ལོར་ནུས་པ་མེད་པའི་ཡུལ་ཚོ་དང་སྡེ་བ་གཞི་རྩའི་ཆ་ནས་མེད་པ་བཟོ་རྒྱུར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།

ལྷ་ས་གྲོང་ཁྱེར་དུ“པེ་ཅིང་ལམ”ཡོད་པ་དང་། གཞིས་ཀ་རྩེ་གྲོང་ཁྱེར་དུ“ཧྲང་ཧའེ་ལམ”ཡོད་པ་སོགས་བོད་ལྗོངས་སུ་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱིས་མིང་བཏགས་པའི་བགྲོད་ལམ་རེ་རེ་ཡོད་པ་དང་། བོད་ལྗོངས་མི་དམངས་ཀྱིས་བོད་སྐྱོར་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་ལ་བརྩེ་སེམས་ཟབ་མོ་བཅངས་ཡོད་པ་བདེན་དཔང་བྱས་ཡོད།

“ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་པས། ང་ཚོ་བོད་ལྗོངས་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པར་སྐུལ་ལྕག་ཆེན་པོ་ཐེབས་བྱུང་།” ཧྲང་ཧའེ་གྲོང་ཁྱེར་གྱི་བོད་ལྗོངས་ལ་རོགས་སྐྱོར་བྱེད་པའི་ལས་བྱེད་པ་ཁག་དགུ་པའི་ཤེས་ལྡན་མི་སྣའི་སྣེ་ཁྲིད་པ་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་མིན་ཝུན་ཧའེ་ཡིས་བཤད་རྒྱུར། ཧྲང་ཧའེ་ཡིས་བོད་ལྗོངས་ལ་རོགས་སྐྱོར་བྱས་ནས་ལོ་ངོ་ཉེར་ལྔ་ཡི་ལོ་རྒྱུས་ཡོད་པ་དང་། རྩ་ཆེའི་ཉམས་མྱོང་མང་པོ་བསགས་ཡོད་ལ། གོ་རིམ་རྗེས་མར“རིག་གནས་ཡུལ་སྐོར་གྱིས་སྣེ་ཁྲིད་པ་དང་ཐོན་ལས་གསུམ་པ་མཉམ་འདྲེས་བྱེད་པ། ཞིང་སྡེ་དར་སྤེལ། བློ་གྲོས་ནུས་ལྡན”བཅས་ཀྱི་ལས་ཀའི་གཙོ་གནད་ལ་དམིགས་ནས་བོད་ལྗོངས་རོགས་སྐྱོར་བྱ་བ་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

“བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཚང་མར་དུས་རབས་ཀྱི་ཁྱད་ཆོས་གང་ལེགས་མངོན་ཡོད་པ་དང་། ཏང་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་གནས་བབ་ལ་བརྡར་ཤ་གསར་ཤོས་བཅད་པ་དེར་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན་ཡོད། བོད་ལྗོངས་སུ་ལས་ཀ་དང་འཚོ་བ་རོལ་ནས་ལོ་སོ་ལྔ་འགོར་བའི་བོད་རང་སྐྱོང་ལྗོངས་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་བང་ཏི་ཅོན་གྱིས་བོད་ལྗོངས་ཀྱི་འགྱུར་ལྡོག་ཆེན་པོ་ལ་མིག་མཐོང་ལག་ཟིན་བྱུང་ཡོད་པ་དང་། བོད་ལྗོངས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་བདེན་དཔང་བྱས་ཡོད།

བང་ཏི་ཅོན་གྱིས་བཤད་རྒྱུར། “དུས་རབས་གསར་བའི་ཏང་གི་བོད་སྐྱོང་ཐབས་ཇུས་ཀྱིས་མཛུབ་ཁྲིད་བྱེད་པ་དང་། བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ན། མཐུན་སྒྲིལ་འབྱོར་ཕྱུག་དང་འཆམ་མཐུན་མཛེས་སྡུག་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཐུབ་ངེས་རེད་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།