རྩྭ་ཐང་གི་བུ་རྒོད་པོ།
2020.09.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 118

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་དཔལ་སྦྱིན་སོག་རིགས་ཞང་ཝུའུ་ལན་ཁ་བཏགས་སྡེ་བའི་དབུལ་ཐར་ཁྱིམ་ཚང་སྟེ། ལོ་ན་༤༣ལ་སོན་པའི་སོག་པོའི་ཕོ་རྒོད་ཚེ་རིང་ལྷུན་འགྲུབ་ཚང་གི་ཁྱིམ་ལ་འཛུལ་དུས།མིག་ལམ་དུ་མཐོང་བ་ནི་གྱང་ངོས་དམར་པོའི་སོ་ཕག་ཆེན་པོ་ཅན་གྱི་ཁང་ཆེན་ཞིག་ཡིན་ལ།འགྲུལ་ཁང་དང་ཉལ་ཁང་ནང་དུ་གཙང་སྦྲ་དོད་པའི་སོ་ཕག་བཏིང་ཡོད།  བརྙན་འཕྲིན་དང་འབོལ་ཁྲི།འཁྱགས་སྒམ་སོགས་ཁྱིམ་སྤྱོད་གློག་ཆས་ཆ་ཚང་འཛོམས་པའི་སྣང་ཚུལ་འདིས་ཁྱིམ་ཚང་འདི་ནི་སྔོན་མར་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཡིན་པ་རྩ་བ་ནས་མཐོང་མི་ཐུབ།

ང་ཚོ་ཡོང་བ་མཐོང་མ་ཐག ཚེ་རིང་ལྷུན་འགྲུབ་ཀྱི་ཆུང་མ་རིན་ཆེན་སྒྲོལ་མས་ལག་གི་ལས་ཀ་བཞག་ནས་ང་ཚོར་སྣེ་ལེན་བྱས་པ་དང་། སིལ་ཏོག་དང་འོ་ཇ་སོགས་དྲངས་ནས་ཁྱིམ་བདག་ཚང་མགྲོན་པོར་དགའ་བའི་སྤྲོ་སེམས་དེ་ལྷག་པར་མངོན་ཡོང་།

“ཁྱིམ་ལ་མགྲོན་པོ་ཡོང་ཡོད་དམ།”ཕྱུགས་འཚོས་ནས་ཐོན་པའི་ཚེ་རིང་ལྷུན་འགྲུབ་ཀྱིས་ཁང་པའི་ཕྱི་ནས་སྐད་མཐོན་པོས་དེ་ལྟར་ཟེར་ཞོར་ནང་ལ་འཛུལ་ཡོང་བ་དང་།གདོང་ལ་འཛུམ་གྱིས་ཁེངས་ནས་མགྲོན་པོ་རྣམས་ལ་ལག་འཇུ་བྱས་ཏེ་འཚམས་འདྲི་ཞུས་པ་དང་།ཁང་པའི་ནང་དེ་མ་ཐག་དགོད་འཛུམ་དང་ཁ་བརྡ་ཡིས་ཁྱབ་སོང་།

དབུལ་པོའི་ཁྱིམ་ཚང་མ་ཡིན་གོང་།ཚེ་རིང་ལྷུན་འགྲུབ་ཚང་གི་འཚོ་བར་སེམས་ཁྲལ་མེད་པ་དང་བདེ་སྐྱིད་ཀྱིས་ཁེངས་ཡོད།ཡིན་ནའང་རྒྱུ་མི་རྟག་རྫ་མགོའི་བསིལ་བ་དང་།སྐྱིད་མི་རྟག་ཕ་ཕྱུག་བུ་མོ་ཞེས་པ་ནང་བཞིན་གཅིག་རྗེས་གཉིས་མཐུད་ཀྱི་ནད་བགེགས་ཀྱིས་གློ་བུར་དུ་ཁྱིམ་ཚང་འདི་གོད་ཆག་གི་སྡུག་ལ་སྦྱར།

འདས་དོན་ལ་ཕྱིར་དྲན་བྱེད་ཐེངས་རེར། ཚེ་རིང་ལྷུན་འགྲུབ་ཀྱི་ཞེ་གཏིང་ནས་སྨྲེང་འདུག

༢༠༠༦ལོར། ཚེ་རིང་ལྷུན་འགྲུབ་ཀྱི་ལོ་3ལ་སོན་པའི་བུ་ཕྲུག་མཚེ་མ་གཉིས་ལྷན་སྐྱེས་ཀྱི་སྙིང་ནད་ཀྱིས་མནར་ནས།སྨན་བཅོས་ཐེངས་མང་བྱས་ཀྱང་བུ་མོ་གཉིས་ཀྱི་ཚེ་སྲོག་སྐྱོབ་མ་ཐུབ་པར་མ་ཟད། ཁྱིམ་ཚང་གིས་དངུལ་བུན་སྒོར་ཁྲི་8ལྷག་ཁུར་དགོས་བྱུང་སོང་།

སྐྱིད་ཀྱི་ཉི་མ་ཤར་བ་ཕར་ཞོག་སྡུག་གི་མུན་པ་ཡེ་ནས་སངས་མ་ཐུབ།

༢༠༡༤ལོར། ཆུང་མ་རིན་ཆེན་སྒྲོལ་མ་ལ་རླངས་འཁོར་གྱི་དོན་རྐྱེན་བྱུང་ནས་རྐང་བ་གཡས་པ་རྨས་སྐྱོན་ཚབས་ཆེན་བཟོས་ནས་སྔ་རྗེས་སུ་ནད་བཅོས་བྱེད་པར་ཁྱོན་བསྡོམས་སྒོར་ཁྲི་18ལྷག་བཏང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པར་འགྲོ་སོང་ཁག་གཅིག་རྩིས་ཞུ་བྱས་ཆོག་མོད།འོན་ཀྱང་སྔ་ཕྱིར་རིམ་རྩིས་བརྒྱབ་ན་སྒོར་འབུམ་ཕྲག་ཁ་ཤས་ཀྱི་སྨན་བཅོས་འགྲོ་སོང་ཤོར་ཡོད། དེའི་ཁར་ཆུང་མས་ཡུན་རིང་ལ་སྨན་བཅོས་ལུས་གསོ་བྱེད་དགོས་པས། སོག་རིགས་གསར་བུ་འདིས་ཕྱུགས་ཟོག་འཚོང་སྒྱུར་བྱས་ནས་བུ་ལོན་འཇལ་བའི་ལམ་དུ་མི་འགྲོ་ཐབས་མེད་བྱུང་སོང་།

ཞིང་བ་འབྲུ་དྲུག་ཞིང་དང་འབྲོག་པ་གཡང་ཟོག་ཕྱུགས་ལ་བརྟེན་པ་ནི་ལས་ཀྱི་བཀོད་པ་ནང་བཞིན། འབྲོག་པ་ཞིག་ལ་མཚོན་ན་ཕྱུགས་ཟོག་བཙོང་ཚར་དུས་འཚོ་བའི་གནས་རྟེན་ཡལ་སོང་བ་བཤད་མ་དགོས་པ་རེད།

དུས་སྐབས་དེ་དག་ལ། ཚེ་རིང་ལྷུན་འགྲུབ་ཀྱི་ལུས་སེམས་གཉིས་ཀ་ངལ་དུབ་ཀྱིས་མནར་ཡོད། ཡིན་ནའང་ཁྱིམ་མི་གང་བོའི་རེ་བའི་སྐྱབས་བཅོལ་ས་ནི་ཁོ་རང་གཅིག་པུ་ལས་མེད་པས། སྐྱ་ཟད་སྔོ་སྡུག་གི་འཚོ་བ་འདི་རྒྱུན་མི་འཁྱོངས་ག་མེད་བྱུང་།

སྡེ་བའི་ཀྲུའུ་རིན་ཚེ་རིང་ལྷུན་པོ་ཡིས་བཤད་རྒྱུར“ཚེ་རིང་ལྷུན་འགྲུབ་ཚང་ནི་ནད་བགེགས་ལས་དབུལ་ཕོངས་སུ་གྱུར་པའི་དཔེ་མཚོན་ཁྱིམ་ཚང་རེད། ”

ལོ་ངོ་༡༤ཡི་སྔོན་དུ་མཚེ་མའི་བུ་མོ་གཉིས་ནད་བཅོས་བྱེད་ཆེད་ཚེ་རིང་ལྷུན་འགྲུབ་ཀྱིས་ཁྱིམ་གྱི་སྒོ་ཕྱུགས་ཡོད་ཚད་བཙོང་བ་དང་། མཐའ་མཇུག་སྒོ་ཟོག་གཉིས་ལས་མེད་པ་མ་ཟད་བུ་ལོན་ཡང་ཆད་འདུགསྐབས་དེར་རྫོང་དམངས་སྲིད་ཅུས་ཀྱིས་གནས་ཚུལ་ཤེས་རྟོགས་བྱས་རྗེས་ཁོ་ལ་རོགས་སྐྱོར་མ་དངུལ་སྒོར་༣༠༠༠བརྩོན་ལེན་བྱས།ཁོས་སྒོར་མོ་འདི་བཀོལ་ནས་རྟ་ཐང་ཧོར་རིགས་རང་སྐྱོང་རྫོང་ནས་སྤྱི་སྤྱོད་རླངས་འཁོར་རྙིང་བ་ཞིག་ཉོས་ཏེ་ཧེ་ཡན་རྫོང་གི་སྐྱེ་ལྡན་ལུད་རྫས་བཟོ་གྲྭའི་ནང་ནས་སྐྱེལ་འདྲེན་གྱི་ལས་ལ་ཞུགས། ལོ་དེ་དག་གི་རིང་ཁོས་སྡུག་ལས་ཅི་ཡང་ལས་མྱོང་།སྐབས་འགར་ངལ་དུབ་ཀྱིས་ཟས་ཀྱང་ཟ་ཁོམ་མེད་ལ། ཕྱིར་ཁྱིམ་དུ་ལོག་དུས་ཀྱང་བུ་ལོན་འདེད་མཁན་ཚོས་བསྒུག་བསྡད་ཡོད།

“༢༠༡༤ལོར་ཆུང་མ་འཁོར་བགེགས་ཀྱི་ནད་བཅོས་བྱེད་པར་སྒོར་ཁྲི་༡༨ཆད་མོད།འོན་ཀྱང་ད་རེས་ནི་རླུང་རྟ་དར་བ་ཞིག་རེད།རྒྱུ་མཚན་ནི་རྒྱལ་ཁབ་ཀྱི་དབུལ་སྐྱོར་སྲིད་ཇུས་ཀྱིས་ངའི་ཁུར་པོ་ཇེ་ཡང་དུ་བཏང་ཡོད།སྐབས་དེར་དབུལ་སྐྱོར་ཅུས་ཀྱིས་ངའི་ཁྱིམ་ཚང་ལ་སྡོད་ཁང་གསར་པ་བསྐྲུན་པ་དང་།དབུལ་སྐྱོར་ཁྱིམ་ཚང་ལ་མ་དངུལ་སྒོར་༡༩༢༠༠ལྷག་གནང་བ་དང་།གྲོང་ཚོའི་སྡེ་ཚན་གྱི་ཞིང་པའི་ཡིད་རྟོན་མཉམ་ལས་ཁང་གིས་རོགས་སྐྱོར་མ་དངུལ་སྒོར་ཁྲི་གཅིག གྲོང་ཚོ་ཨུ་ཡོན་ལྷན་ཁང་གིས་རོགས་སྐྱོར་མ་དངུལ་སྒོར་ཁྲི་གཅིག ཡུལ་ཚོ་སྲིད་གཞུང་གིས་ཁྲུང་ཁྲུང་སྐེ་ནག་མཉམ་ལས་ཁང་ལ་མཐུན་སྦྱོར་བྱས་ནས་ཁྲུང་ཁྲུང་སྐེ་ནག་ཉིས་བརྒྱ་ང་ལ་གསོ་སྤེལ་བྱེད་དུ་བཅུག སྐབས་དེར་ངའི་ཡིད་སེམས་ལ་དྲོད་ཀྱིས་ཁེངས་བྱུང་།”ཞེས་བཤད་དུས་ཚེ་རིང་ལྷུན་འགྲུབ་ཀྱི་མིག་མཐའ་ལ་མཆི་མ་འཁོར་འདུག

དེ་ནས་ཚེ་རིང་ལྷུན་འགྲུབ་ཀྱིས་དངན་པ་ཞིག་འཐེན་རྗེས་མིད་པ་བསལ་ཙམ་བྱེད་ཞོར་མུ་མཐུད་དུ་བཤད་རྒྱུར། ངས་སྒོར་མོ་དེ་དག་བཀོལ་ནས་བྱ་བ་ཞིག་བསྒྲུབ་རྒྱུའི་སེམས་ཐག་བཅད་པ་ཡིན།ངས་སྔོན་ལ་ནོར་༢༠ཉོས་ནས་གསོས་པ་དང་། ལོ་གཉིས་པར་ངས་ཟོག་བཙོང་ནས་སྒོར་ཁྲི་༤.༡ལྷག་བསགས་པ་དང་། ཁྲུང་ཁྲུང་གསོ་སྐྱོང་བྱས་ནས་སྒོར་ཁྲི་1ལྷག་བཙལ། ཐབས་སྡུག་གི་འཚོ་བ་ལ་ཨ་ལན་སྤྲད་པའི་ཚེ་རིང་ལྷུན་འགྲུབ་ཀྱིས་རྟ་ཐང་སོགས་ཉེ་འཁོར་གྱི་གྲོང་སྡེ་ལ་སོང་ནས་ཕྱུགས་ཟོག་ཉོས་ནས་གསོས་ལ་སྡུག་གི་བུ་ལོན་ཡོད་ཚད་གཙང་འཇལ་བྱས།༢༠༡༧ལོར་དབུལ་ཐར་མཁྲེགས་གཏོར་གྱི་གཟི་བརྗིད་ཁྱིམ་ཚང་དུ་དུ་བདམས་པ་དང་།རིན་ཐང་སྒོར་ཁྲི་༡.༩ཟིན་པའི་ཞིང་སྤྱོད་འཁོར་ལོ་རྐང་གསུམ་གྱི་བྱ་དགའ་སོགས་བླངས། ད་ལྟའི་ཆར་ཚེ་རིང་ལྷུན་འགྲུབ་རྒྱལ་ཁའི་ངང་དབུལ་ཐར་བྱུང་བ་མ་ཟད།སྒོར་ཁྲི་བཅུ་ཕྲག་ལྷག་གི་བཅོལ་དངུལ་ཡོད་ལ།གསོས་ཟོག༨༠ལྷག་ལ་བསླེབས་ཡོད།

ཚེ་རིང་ལྷུན་པོས་བཤད་རྒྱུར། “ཚེ་རིང་ལྷུན་འགྲུབ་ལ་འཚོ་བ་ཡི་ཡིད་ཆེས་བསྩོལ་ཆེད།ཁོའི་རི་ན་ཡོད་པའི་ཁང་རྙིང་དེ་ལ་གཞིགས་ནས་དབུལ་སྐྱོར་ཅུས་ཀྱིས་གནས་སྤོས་སྲིད་ཇུས་བརྒྱུད་དེ་སྡོད་ཁང་གསར་པ་བསྐྱར་སྐྲུན་སོགས་བྱས་ནས། མགོ་ལ་ན་ཚ་གང་མང་བྱུང་བའི་ཁྱིམ་ཚང་འདི་ལ་བདེ་སྐྱིད་ཀྱི་ཉི་མ་འཆར་བར་འབད་ཅི་ཐུབ་བྱས། དུས་ཡུན་རིང་པོ་ཞིག་ལ་གོང་རིམ་ན་རོགས་སྐྱོར་གྱི་སྲིད་ཇུས་བཟང་པོ་ཅི་ཡོད་ན་སྡེ་བའི་ནང་དུ་ཚང་མས་དམིགས་སུ་བཀར་ནས་སྔོན་ལ་ཁོང་ལ་བསམ་བློ་གཏོང་བ་སོགས་ནི། ཁོ་རང་འབྱོར་འབྲིང་གི་ལམ་དུ་སྔ་ཙམ་བསྐྱོད་ཐུབ་པའི་ཆེད་དུ་ཡིན།”ཟེར།

ད་སྐབས་ནོར་གསོ་བའི་སྐོར་གྱི་ཁ་བརྡ་བཤད་ཚེ། ཚེ་རིང་ལྷུན་འགྲུབ་ལ་གླེང་མི་ཚར་བའི་སྐད་ཆ་ཡོད་དེ། “ཕྱུགས་ཟོག་ལེགས་པར་འདེམ་རྒྱུ་ནི་གནད་འགག་ཡིན་ཞིང་།ད་ལྟ་ཕྱུགས་རའི་ནང་གི་ཕྱུགས་ཟོག་༢༠ཚང་མ་ངས་བསལ་འདེམ་ཞིབ་མོ་བྱས་ནས་ཉོས་པ་ཡིན། ཆུང་ཤོས་དེ་སྒོར་༧༠༠༠ལྷག་ལ་བཙོང་ཐུབ་པ་དང་། ཆེ་ཤོས་སྒོར་ཁྲི་གཅིག་ལ་བཙོང་ཐུབ་པ་རེད། ཟེར་ཞོར་ཚེ་རིང་ལྷུན་འགྲུབ་ཀྱི་གདོང་ལ་འཛུམ་གྱིས་ཁེངས་འདུག

ཕྱུགས་ཟོག་གསོས་ནས་ཚེ་རིང་ལྷུན་འགྲུབ་རྒྱལ་ཁའི་ངང་དབུལ་ཐར་བྱུང་ཞིང་། དེ་དག་ཡོད་ཚད་ནི་དབུལ་ཐར་གྱི་ལམ་བུའི་སྟེང་དུ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་དང་ཕྱོགས་གང་ཅིའི་ཐད་ཀྱི་རོགས་སྐྱོར་གྱི་སྟོབས་ཤུགས་ཡོད་པས་རེད།

ཏང་གི་སྲིད་ཇུས་བཟང་པོའི་རྗེས་ཟིན་ཐུབ་པ་དང་།སྡོད་ཁང་གསར་པར་འདུག་ཐུབ་པ། ཕྱུགས་ཟོག་ཀྱང་གསོ་ཐུབ་པ་བཅས་ཀྱི་སྐལ་བ་ཡག་པོར་རེག་པས། ང་ཚོའི་འཚོ་བ་བདེ་སྐྱིད་དང་རེ་བས་ཁེངས་ཡོད།”ཆུང་མ་རིན་ཆེན་སྒྲོལ་མས་དགའ་སྤྲོའི་ངང་དེ་ལྟར་བཤད།

ཚེ་རིང་ལྷུན་འགྲུབ་ཀྱི་ཕྱུགས་ཟོག་གསོ་བའི་མ་དཔེ་བཟང་པོ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་འོག་ནས། སྡེ་བའི་ནང་གི་འབྲོག་པ་མང་པོ་ཁོའི་རྗེས་སུ་འབྲེང་བ་དང་། མཉམ་དུ་ཕྱུགས་ཟོག་གསོས་ནས་ཝུའུ་ལན་ཁ་བཏགས་སྡེ་བའི་ཡུལ་མི་ཚོས་ཕྱུགས་ཟོག་གསོ་བའི་སྤྲོ་སེམས་སྔར་ལས་ཇེ་མཐོར་འགྲོ་བཞིན་ཡོད།

བཅར་འདྲི་མཇུག་རྫོགས་དུས། ཚེ་རིང་ལྷུན་འགྲུབ་དང་ཆུང་མ་གཉིས་སྔར་ལྟར་ཕྱུགས་རའི་ནང་དུ་སྐོར་བ་རྒྱག་འགོ་བརྩམས། གཟན་ཆས་སྣོན་པ་དང་འཐུང་ཆུ་སྣོན་པ། ཕྱུགས་རར་བདག་བྱེད་པ་སོགས་ཀྱི་ལས་ལ་བྲེལ་བཞིན་འདུག སྐབས་དེར་ནོར་རའི་ནང་དུ་ནོར་གཡང་གིས་ཁྱབ་པའི་ངུར་སྒྲ་ཞིག་ཀྱང་ལྷང་ལྷང་གྲགས་ཡོང་།

                                                                                    ལོ་ཙཱ་བ། དངོས་སྦྱོང་སློབ་མ་ཚེ་རིང་བསམ་གྲུབ།