མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར།
2020.09.16 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 0

 ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《དབུལ་ཐར་མཁྲེགས་གཏོར་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་གསུམ་འགུལ་སྐྱོད་སྐོར་གྱི་མཛུབ་སྟོན་བསམ་འཆར》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི《〈“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་འཕེལ་རྒྱས་འཆར་འགོད〉པར་འགྲེམ་བྱས་པའི་སྐོར་གྱི་བརྡ་ཐོའི》(རྒྱལ་སྤེལ〔2017〕ཨང11པ)བླང་བྱ་གཞིར་བཟུང་ནས། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ཆ་རྐྱེན་མགྱོགས་མྱུར་སྒོས་ཇེ་ལེགས་སུ་བཏང་ནས། རོང་འབྲོག་ཁུལ་གྱི་མི་དམངས་མང་ཚོགས་བདེ་འཇགས་དང། གྲོན་ཆུང། བདེ་བླག་ངང་ཕྱིར་སྐྱོད་བྱེད་པའི་དགོས་མཁོ་སྔར་བས་ལེགས་པར་སྐོང་དགོས་ཤིང། ད་ལྟ་ཞིང་ཆེན་སྲིད་གཞུང་འཐད་པ་བྱུང་བ་བརྒྱུད། ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་གཤམ་གྱི་བསམ་འཆར་འདི་བཏོན་པ་སྟེ།

གཅིག ཞིང་ཆེན་ཡོངས་ཀྱི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱ་དགོས།

རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ནི་རོང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་སྤྱི་ཚོགས་ཀྱི་སྤྱི་ཕན་རང་བཞིན་གྱི་བྱ་གཞག་དང་དམངས་ཚིས་ལས་གཞི་ཞིག་ཡིན་པ་དང། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུ་ནི། བགྲོད་ལམ་སྐྱེལ་འདྲེན་དོ་སྙོམས་ཅན་གྱི་ཞབས་ཕྱིའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རོང་འབྲོག་མང་ཚོགས་ཀྱི“ཕྱིར་སྐྱོད་ལ་རླངས་འཁོར་ཡོད་པའི”གཞི་རྩའི་དམངས་ཚིས་དགོས་མཁོར་འགན་སྲུང་བྱེད་པ་ཡིན་ལ། གྲོང་ཁྱེར་དང་ཞིང་སྡེའི་སྤྱི་པའི་ཞབས་ཕྱི་དོ་སྙོམས་ཅན་ལ་སྐུལ་འདེད་གཏོང་བའི་བྱེ་བྲག་གི་འགུལ་སྐྱོད་ཅིག་ཡིན་པར་མ་ཟད། རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་སྒྱུར་དང། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་ཇེ་མཐོར་གཏོང་བ། ཞིང་སྡེ་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་སོ་སོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་“སྲུང་སྐྱོབ་གཉིས་”ལག་བསྟར་དང།  བྱེ་བྲག་གི་བྱེད་ཐབས་ཀྱིས་ “ལྔ་བཞིའི་འཐབ་ཇུས”ལག་ལེན་ནན་ཏན་བྱས་ནས“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བའི་མཐོ་ཚད་ནས།  ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་བསམ་བློའི་ངོས་འཛིན་ཇེ་ཆེར་གཏོང་དགོས་ཤིང། ཏང་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་གྱིས་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་གྱི་སྤྱི་ཕན་རང་བཞིན་གྱི་ངེས་གནས་ཁ་གསལ་བཟོས་ཏེ། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་དང་དམངས་ཚིས་ལས་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་གོང་འཕེལ་གཏོང་རྒྱུའི་རྨང་གཞིའི་སྒྲིག་བཀོད་དང་། སྒྲིག་སྲོལ་རྐྱེན་སྲོལ། སྲིད་ཇུས་བྱ་ཐབས་བཅས་གང་མགྱོགས་སྒོས་འཐུས་ཚང་དུ་གཏོང་དགོས་ལ། རོང་འབྲོག་ཁུལ་གྱི་བགྲོད་ལམ་སྐྱེལ་འདྲེན་དོ་སྙོམས་ཅན་གྱི་ཞབས་ཕྱིའི་ཆུ་ཚད་ཤུགས་ཆེན་པོས་ཇེ་མཐོར་བཏང་སྟེ། རོང་འབྲོག་མང་ཚོགས་ཀྱི་ཕྱིར་སྐྱོད་ཀྱི་དགོས་མཁོ་སྔར་བས་ལེགས་པོར་སྐོང་ཐུབ་པ་བྱ་དགོས།

གཉིས། སྤྱིའི་བླང་བྱ།

“སྲིད་གཞུང་གིས་གཙོ་ཁྲིད་བྱས་ཏེ་འགན་འཁྲི་དོན་འཁྱོལ་དང། སྲིད་ཇུས་ཀྱིས་འགན་སྲུང་བྱས་ཏེ་ཚོང་ར་འཁོར་རྒྱུག་བྱེད་པ། མི་གཞི་རྩར་བཟུང་ནས་ཡུལ་བབ་དང་བསྟུན་པ”བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  གྲོང་ཁྱེར་དང་ཞིང་སྡེ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་རྒྱུ་དེ་སྤྱིའི་བསམ་ཕྱོགས་སུ་འཛིན་པ་དང་། རོང་འབྲོག་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་སྤྱིའི་བླང་བྱར་བཟུང་ནས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་མོ་དང་གཙོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་དང། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་ཚོང་རའི་དཔལ་འབྱོར་གྱི་ཆོས་ཉིད་དང་མཐུན་པ་དང། རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པ། ས་གནས་སྲིད་གཞུང་གི་ནོར་སྲིད་ཀྱི་འདེགས་སྐྱོར་ནུས་པ་དང་མཐུན་པ། མཚོ་སྔོན་ཞིང་ཆེན་གྱི་ད་ལྟའི་དུས་རིམ་གྱི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ཆུ་ཚད་དང་མཐུན་པ་བཅས་བྱ་དགོས།

2019ལོའི་ལོ་མཇུག་བར། ཞིང་ཆེན་ཡོངས་ཀྱི་ཆ་རྐྱེན་འཛོམས་པའི་སྒྲིག་གཞི་ཅན་གྱི་གྲོང་ཚོ་ཚང་མར་འགྲུལ་འཁོར་ཤར་གཏོང་ཐུབ་པ་དང། ལོ3ནས5བར་གྱི་དུས་ཡུན་ནང་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་རྒྱུན་མཐུད་འཕེལ་རྒྱས་ཀྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ཏེ།  རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ“ཤར་གཏོང་ཐུབ་པ་དང་རྒྱུན་མཐུད་ཐུབ་པར”འགན་སྲུང་བྱེད་པ་དང་། མི་གྲངས་འདུས་སྡོད་ཅུང་མང་བའི་རོང་འབྲོག་ཁུལ་དུ་གྲོང་ཁྱེར་དང་ཞིང་སྡེའི་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཅན་གྱི་ཆུ་ཚད་མངོན་གསལ་སྒོས་ཇེ་མཐོར་བཏང་ནས། རོང་འབྲོག་མང་ཚོགས་བདེ་འཇགས་དང་། བདེ་མྱུར། གྲོན་ཆུང་བཅས་ཀྱི་སྒོ་ནས་ཕྱིར་སྐྱོད་ཐུབ་པ་ཕལ་ཆེར་མངོན་འགྱུར་བྱ་དགོས་པ་དང་། མི་གྲངས་སྡོད་གནས་ཁ་ཐོར་ཡིན་པའི་རོང་འབྲོག་ཁུལ་དུ་མཐའ་སྲུང་རང་བཞིན་གྱི་འགྲིམ་འགྲུལ་ཞབས་ཕྱི་ཁྱོན་ཡོངས་ལ་ཁྱབ་པར་བྱས་ཏེ་རོང་འབྲོག་མང་ཚོགས་ཀྱི་ཕྱིར་སྐྱོད་ཀྱི་གནད་དོན་ནུས་ལྡན་ངང་ཐག་གཅོད་བྱ་དགོས།

གསུམ། ལས་འགན་དང་བྱེད་ཐབས་གཙོ་བོ།

(གཅིག) ཚན་རིག་དང་མཐུན་པའི་སྒོ་ནས་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་འཆར་འགོད་བཟོ་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་སོ་སོས་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནས་བབ་དང། ས་ཁོངས་ཀྱི་ཁྱད་ཆོས། མི་གྲངས་ཁྱབ་ཚུལ། རོང་འབྲོག་ཁུལ་གྱི་གཞུང་ལམ་ཆ་རྐྱེན། རོང་འབྲོག་མང་ཚོགས་ཀྱི་འགྲོ་སྐྱོད་དགོས་མཁོ་དང་འགྲུལ་བའི་མང་ཉུང་གི་ཆོས་ཉིད་སོགས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་གཏོང་རྒྱུའི་འཆར་འགོད་ཞིབ་འཇུག་བྱས་ནས་གཏན་འབེབས་བྱེད་དགོས་པར་མ་ཟད་ལག་བསྟར་རྩ་འཛུགས་བྱ་དགོས་ལ། འཆར་འགོད་སྔོན་ལ་ལག་བསྟར་དང་འཆར་འགོད་ཀྱིས་སྣེ་ཁྲིད་ཐུབ་པ་བྱ་དགོས། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ལ་ཕན་པ་དང་རོང་འབྲོག་མང་ཚོགས་ཀྱི་ཕྱིར་སྐྱོད་གནད་དོན་རིམ་པ་མང་བས་ཐག་གཅོད་བྱ་རྒྱུ་དེ་གཞི་རྩའི་དམིགས་ཚད་དུ་བྱས་ནས། འགྲོ་ལམ་འགྲིམ་འགྲུལ་དྲ་རྒྱ་དང་ས་ཚིགས་ཀྱི་བཀོད་ཁྱབ་ལ་ཕྱོགས་བསྡུས་བསམ་གཞིགས་བྱེད་པ་དང་། གྲོང་ཁྱེར་དང་ཞིང་སྡེའི་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཅན་གྱི་འཕེལ་རྒྱས་བསམ་ཕྱོགས་ལ་བརྩི་སྲུང་བྱེད་པ། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་སྤྱི་སྤྱོད་རླངས་འཁོར་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་ལམ་ཐིག་རོང་འབྲོག་ཁུལ་དུ་སྲིང་རྒྱུར་ཁྲིད་སྟོན་བཅས་བྱས་ཏེ། སྤྱི་སྤྱོད་རླངས་འཁོར་དང་། ལམ་ཐིག ས་ཁོངས་གཉེར་སྐྱོང་། གཏན་འཇགས་སྐྱེལ་འདྲེན། ཁ་ཆད་དང་ལེན་སོགས་རིམ་པ་མང་བ་དང་སྟབས་བདེ་བའི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ཞབས་ཕྱི་དྲ་རྒྱ་འགྲུབ་པར་སྐུལ་འདེད་གཏང་དགོས།

(གཉིས) རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་རྒྱུར་ཤུགས་སྣོན་བྱ་དགོས། འགྲུལ་འཁོར་ཤར་གཏོང་གི་ཆ་རྐྱེན་མི་འཛོམས་པའི་རོང་འབྲོག་ཁུལ་གྱི་གཞུང་ལམ་མཐོར་འདེགས་གཏོང་བའི་ལས་གཞི་གང་མགྱོགས་སྒོས་ལག་བསྟར་བྱེད་པ་དང་། ལམ་ངོས་དོག་པ་རྒྱ་བསྐྱེད་པའི་ལས་གཞི་དང་། བདེ་སྲུང་སྒྲིག་བཀོད་ལས་གཞི་སོགས་ལག་བསྟར་བྱས་ནས། ཤུགས་ཆེན་པོས་རོང་འབྲོག་ཁུལ་གྱི་གཞུང་ལམ་ཤར་གཏོང་ཐུབ་པའི་ཆ་རྐྱེན་ལེགས་སྒྱུར་བྱ་དགོས། རོང་འབྲོག་ཁུལ་གྱི་གཞུང་ལམ་སྲིང་བ་དང་དྲ་རྒྱ་གྲུབ་པ་སོགས་ཀྱི་ལས་གཞིའི་འཛུགས་སྐྲུན་ལ་ཤུགས་ཆེན་པོས་སྐུལ་འདེད་བཏང་ནས། རྫོང་གི་གཞུང་ལམ་གཙོ་བོ་ཡིན་པ་དང་། ཡུལ་ཚོ་དང་ཞིང་སྡེའི་གཞུང་ལམ་རྨང་གཞི་ཡིན་པའི་གཞུང་ལམ་འབྲེལ་མཐུད་དང་། བཀོད་པ་ལུགས་མཐུན། བདེ་འཇགས་བདེ་མྱུར་བཅས་ཀྱི་རོང་འབྲོག་ཁུལ་གྱི་གཞུང་ལམ་དྲ་བ་གང་མགྱོགས་སྒོས་འགྲུབ་པར་བྱ་དགོས། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་གཞུང་ལམ་འགྲུལ་སྐྱེལ་དང། སྦྲག་སྲིད་མྱུར་སྐྱེལ། ཟོང་འདྲེན་མཛོད་ཉར། དམངས་བདེ་ཞབས་ཕྱི་སོགས་གཞི་གཅིག་ཏུ་འདུས་པའི་ཞང་གྲོང་གི་སྐྱེལ་འདྲེན་ཞབས་ཕྱི་ས་ཚིགས་འཛུགས་སྐྲུན་བྱ་དགོས། སྤྱི་སྤྱོད་རླངས་འཁོར་ཅན་དུ་སྒྱུར་བའི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ལམ་ཐིག་སྟེང་ངལ་གསོ་བྱེད་སའི་ས་ཚིགས་བསྐྲུན་དགོས། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། བདག་སྐྱོང་། དོ་དམ། སྐྱེལ་འདྲེན་བཅས་ཀྱི་ཡུན་ཕན་རྐྱེན་སྲོལ་གང་མགྱོགས་སྒོས་འཐུས་ཚང་དུ་གཏོང་དགོས།

(གསུམ)ཚད་ལྡན་གྱི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ཚོང་རའི་བྱེད་པོ་གསོ་སྐྱོང་བྱ་དགོས།

གཞི་ཁྱོན་ཅན་དང་། རུབ་བསྡུ་ཅན། ཡིད་རྟོན་བཟང་བའི་བགྲོད་ལམ་འགྲིམ་འགྲུལ་ཁེ་ལས་དང་། སྤྱི་སྤྱོད་འགྲིམ་འགྲུལ་ཁེ་ལས་ཀྱིས་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ཚོང་ར་གསར་འབྱེད་བྱེད་པར་རྒྱབ་སྐྱོར་བྱ་དགོས། གསར་དུ་ཡོང་བའི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་གཉེར་སྐྱོང་པས་ཀུང་སི་ཅན་གཉེར་སྐྱོང་བྱ་རྒྱུར་སྐུལ་མ་གཏང་དགོས། བདེ་འཇགས་བརྟན་ལྷིང་གི་སྔོན་འགྲོའི་ཆ་རྐྱེན་འོག་ད་ཡོད་ཀྱི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ལམ་ཐིག་ཁག་ཅིག་ཀུང་སི་ཅན་དུ་སྒྱུར་བཀོད་བྱེད་པར་རྒྱབ་སྐྱོར་བྱ་དགོས།

(བཞི) རོང་འབྲོག་ཁུལ་གྱི་དོན་དངོས་དང་འཚམ་པའི་འགྲུལ་འཁོར་བཀོད་སྒྲིག་བྱ་དགོས། ཡུལ་བབ་དང་བསྟུན་ཞིང་བདེ་འཇགས་ངང་སྤྱོད་གོ་ཆོད་པའི་རྩ་དོན་ལྟར། ས་བབ་ཀྱི་ཆ་རྐྱེན་དང་། གཞུང་ལམ་གྱི་གནས་ཚུལ། འགྲིམ་འགྲུལ་དགོས་མཁོ་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས། སྤྱོད་གོ་ཆོད་ཅིང་རྒྱལ་ཁབ་ཀྱི་ཚད་གཞི་དང་མཐུན་པའི་ཞིང་སྡེའི་འགྲུལ་འཁོར་འདེམས་སྦྱོར་བྱ་རྒྱུ་དང་། ཆ་རྐྱེན་འཛོམས་པའི་ས་ཁུལ་དུ་རོང་འབྲོག་ཁུལ་གྱི་འགྲུལ་འཁོར་གསར་སྣོན་དང་གསར་སྒྱུར་བྱེད་སྐབས་སྔོན་ལ་ནུས་ཁུངས་གསར་བའི་རླངས་འཁོར་སྤྱོད་དགོས།  རྫོང(གྲོང་ཁྱེར་དང། ཆུས། སྲིད་འཛིན་ཨུ་ལྷན)མཁར་ནས་ཞང་གྲོང་དང་། ཞང་གྲོང་ནས་ཞང་གྲོང་བར་གྱི་རོང་འབྲོག་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་ལམ་ཐིག་སྟེང་འགྲུལ་འཁོར་འབྲིང་གྲས་ཡན་བཀོལ་བར་སྐུལ་མ་གཏང་དགོས། ཕྱིར་སྐྱོད་དགོས་མཁོ་ཉུང་བའི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ལམ་ཐིག་ལ་འགྲུལ་འཁོར་འདུག་སྟེགས་དགུ་དང་དེའི་མན་གྱི་འགྲུལ་འཁོར་ཆུང་གྲས་བཏང་ཆོག ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་དང་།  ཞིང་ཆེན་སྤྱི་བདེ་ཐིན་སོགས་ཀྱིས་དོ་དམ་ལམ་ལུགས་འཐུས་ཚང་དུ་བཏང་ནས། རོང་འབྲོག་ཁུལ་གྱི་འགྲོ་ལམ་འགྲུལ་འཁོར་འདུག་སྟེགས་དགུ་དང་དེའི་མན་གྱི་འགྲུལ་འཁོར་ཆུང་གྲས་ཀྱི་འགྲོ་སྐྱོད་ལག་ཁྱེར་དང་འགྲིམ་འགྲུལ་འགྲོ་ལུགས་གཉེར་བའི་ལས་དོན་ཚད་ལྡན་དུ་གཏང་དགོས། རོང་འབྲོག་ཁུལ་གྱི་འགྲུལ་འཁོར་མཚོན་རྟགས་རིམ་བཞིན་གཅིག་གྱུར་ཡོང་བར་བྱས་ནས་ས་ཁོངས་རང་བཞིན་གྱི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ཞབས་ཕྱིའི་སྤུས་རྟགས་བསྐྲུན་དགོས།

(ལྔ) སྣ་མང་ཅན་དང་ཁྱད་པར་ཅན་གྱི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་གཉེར་སྐྱོང་བྱེད་སྟངས་ལག་བསྟར་བྱ་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་སོ་སོས་ས་གནས་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་དང། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ལམ་ཐིག་བཀོད་སྒྲིག་ལུགས་མཐུན་བྱེད་པ། ཐེངས་གྲངས་དང་ལམ་ཐིག་གཏན་འཁེལ་དང། ས་ཁོངས་གཉེར་སྐྱོང་། རེས་འཁོར་འཁོར་སྐྱོད། མང་ཉུང་སྡེབ་སྦྱོར། ཁ་ཆད་ལྟར་གཏན་ལ་འབེབས་པ་སོགས་ཀྱི་གཉེར་སྐྱོང་རྣམ་པ་སྤྱད་དེ། འགྲུལ་འཁོར་གྱི་འཁོར་སྐྱོད་ལས་ཆོད་དང་གཉེར་སྐྱོང་ཕན་འབྲས་ཇེ་མཐོར་གཏང་དགོས། གྲོང་ཁུལ་ཉེ་འཁོར་གྱི་ཞང་གྲོང་དང་། གྲོང་ཚོ་ཅུང་གཅིག་འདུས་ཡིན་པའི་ས་ཁུལ་ལ་གྲོང་ཁྱེར་དང་ཞིང་སྡེའི་འགྲིམ་འགྲུལ་སྐྱེལ་འདྲེན་གཞི་གཅིག་ཅན་དང་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་སྤྱི་སྤྱོད་རླངས་འཁོར་ཅན་དུ་འགྱུར་བའི་བླང་བྱ་ལྟར། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་སྤྱི་སྤྱོད་རླངས་འཁོར་ཅན་གྱི་གཉེར་སྐྱོང་བྱེད་སྟངས་ཚོད་ལྟ་བྱས་ནས་འབབ་ཚུགས་ཇེ་མང་དུ་གཏོང་བ་དང། རེས་མོས་འཁོར་རྒྱུག་དང་ལམ་ཐིག་གཏན་འཁེལ་གྱི་འཁོར་རྒྱུག་ལག་བསྟར་བྱས་ཏེ་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་དྲ་རྒྱ་དང་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་དྲ་རྒྱ་འབྲེལ་མཐུད་ལུགས་མཐུན་དང་མཉམ་འདྲེས་ནུས་ལྡན་ཡོང་རྒྱུར་སྐུལ་འདེད་གཏང་དགོས། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ཁེ་ལས་ཀྱིས་གཞུང་ལམ་འགྲུལ་འཁོར་འགན་གཙང་ལེན་སྒོས་ལས་གཉེར་བྱེད་རྒྱུར་སྐུལ་ལྕག་གཏོང་དགོས་པ་དང་། དུས་བཅད་ལྟར་འགྲུལ་འཁོར་གཏོང་བའི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་དབོར་འདྲེན་ནུས་པ་སྤྱད་དེ་འགྲུལ་འཁོར་འགན་གཙང་ལེན་གྱིས་བདག་གཉེར་བྱས་ཏེ། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ཞབས་ཕྱིའི་ཚད་གཞི་ཁག་ཐེག་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་སྣ་མང་ལས་གཉེར་བྱས་ཆོག

(དྲུག) ལུགས་མཐུན་གྱི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་རིན་གོང་འོས་འཚམ་སྒོས་གཏན་འབེབས་བྱ་དགོས།

སྲིད་གཞུང་གིས་མཛུབ་སྟོན་དང་མང་ཚོགས་ཀྱིས་ཁས་ལེན་བྱེད་པའི་རྩ་དོན་གཞིར་བཟུང་ནས། རྫོང(གྲོང་ཁྱེར་དང། ཆུས། སྲིད་འཛིན་ཨུ་ལྷན)རིན་གོང་གཙོ་འགན་ལས་ཁུངས་ཀྱིས་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་འགན་ལས་ཁུངས་དང་མཉམ་དུ་ལམ་གྱི་གནས་ཚུལ་དང་ཐེངས་གྲངས། སྐྱེལ་འདྲེན་རྩ་འཛུགས་སོགས་ཀྱི་རྣམ་པ་ལྟར་ས་གནས་དེ་གའི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་རིན་གོང་གཏན་འཁེལ་བྱེད་པ་དང། རོང་འབྲོག་ཁུལ་དུ་འགྲུལ་འཁོར་འགན་གཙང་ལེན་སྒོས་འགྲིམ་འགྲུལ་དང་ཁ་ཆད་ལྟར་འགྲིམ་འགྲུལ་བྱེད་སྐབས་ཚོང་རས་གོང་ཚད་གཏན་འཁེལ་བྱས་ཆོག

(བདུན) རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ཚོང་རའི་ཆོག་འཐུས་དང་ཕྱིར་འབུད་རྐྱེན་སྲོལ་ཚད་ལྡན་བཟོ་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་སོ་སོས་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ལམ་ཐིག་ཤར་བགྲོད་ཆ་རྐྱེན་ལ་ཞིབ་བཤེར་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི《ཞིང་སྡེའི་གཞུང་ལམ་འགྲིམ་འགྲུལ་ལམ་ཐིག་ཤར་བགྲོད་ཆ་རྐྱེན་གྱི་ཞིབ་བཤེར་སྒྲིག་ལམ》(འགྲིམ་སྐྱེལ་སྤེལ[2014]ཨང258པ)གྱི་བླང་བྱ་ལྟར། སྤྱི་བདེ་སོགས་ལས་ཁུངས་སྒྲིག་འཛུགས་བྱས་ནས་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ལམ་ཐིག་ཤར་གཏོང་བྱེད་རྩིས་ཡོད་པའི་གཞུང་ལམ་ཤར་བགྲོད་ཆ་རྐྱེན་ལ་མཉམ་འབྲེལ་གྱིས་ཞིབ་བཤེར་བྱ་དགོས། རྫོང་རིམ་པའི་འགྲིམ་འགྲུལ་སྐྱེལ་འདྲེན་གཙོ་གཉེར་ལས་ཁུངས་ཀྱིས་མཉམ་འབྲེལ་ཞིབ་བཤེར་བསམ་འཆར་གཞིར་བཟུང་ནས་འབྲེལ་ཡོད་གཉེར་སྐྱོང་ཆོག་འཐུས་འགྲོ་ལུགས་བསྒྲུབ་དགོས། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་འཆར་འགོད་ལྟར། སྐྱེལ་འདྲེན་གྱི་གཞི་ཁྱོན་དང་ལས་གཉེར་བྱེད་ཁོངས་ལ་ཚོད་འཛིན་ནན་མོ་བྱས་ཏེ། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ཚོང་རའི་ཕྱིར་འབུད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། རོང་འབྲོག་ཁུལ་གྱི་འགྲུལ་འཁོར་གྱི་ལག་ཁྱེར་སྣ་ཚོགས་གཉེར་སྒྲུབ་དང་། ཞིབ་བཤེར་གོ་རིམ། འགྲོ་ལུགས་བཅས་སྟབས་བདེ་རུ་བཏང་ནས། ལས་ཀའི་ལས་ཕྱོད་དང་ཞབས་ཕྱིའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་དགོས། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་དོ་དམ་དཔུང་ཁག་འཛུགས་སྐྱོང་བྱེད་རྒྱུར་ཤུགས་བསྣན་ནས། མི་སྣ་དང་ལས་ཀའི་འགྲོ་གྲོན་རིམ་པ་དེ་ནོར་སྲིད་ཀྱི་སྔོན་རྩིས་ནང་འཇུག་དགོས། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ཞབས་ཕྱིའི་སྤུས་ཚད་ཚད་ལྡན་དུ་བཏང་ཏེ། གཉེར་སྐྱོང་མཁན་གྱི་བྱང་ཚད་ཇེ་མཐོར་བཏང་ནས། རོང་འབྲོག་ཁུལ་གྱི་མི་དམངས་མང་ཚོགས་ཕྱིར་སྐྱོད་པར་ཞབས་འདེགས་སྔར་བས་ཡག་པོ་ཞུ་དགོས།

(བརྒྱད) རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱ་དགོས། གྲོང་ཁྱེར(ཁུལ)དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་སོ་སོས་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་བྱ་བ་དེ་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་དཔྱད་ཞིབ་དོ་དམ་མ་ལག་ཁྲོད་བཅུག་ནས། ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང། རྫོང་དང་ཡུལ་ཚོ་(གྲོང་རྡལ)མི་དམངས་སྲིད་གཞུང་གིས་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཞིང་ཆེན་ཡོངས་སུ“རྫོང་གིས་དོ་དམ་དང་། ཡུལ་ཚོས་འགན་གཙང་ལེན། གྲོང་ཚོས་དོན་འཁྱོལ་བྱེད་པའི”སྲིད་ཇུས་གཅིག་གྱུར་གྱིས་ལག་བསྟར་བྱས་ཏེ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་གཙོ་ཁྲིད་དང། ཡུལ་ཚོ་(གྲོང་རྡལ)མི་དམངས་སྲིད་གཞུང་གིས་བྱེ་བྲག་གིས་དོན་འཁྱོལ་བྱེད་པའི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་དགོས། སྤྱི་བདེ་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས་རོང་འབྲོག་ཁུལ་གྱི་གཞུང་ལམ་འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་ལ་བཅོས་སྐྱོང་ནན་མོ་བྱ་དགོས་ལ། འགྲིམ་འགྲིམ་འགྲུལ་འདྲེན་ལས་ཁུངས་ཀྱིས་འགྲིམ་འགྲུལ་མགོ་ཁུངས་ཀྱི་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་རྒྱུར་དངོས་གནས་ཤུགས་སྣོན་པ་དང། ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་སྐུལ་འདེད་བཏང་ནས། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་འཕེལ་རྒྱས་ལ་འགན་སྲུང་བྱ་དགོས། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ལས་གཉེར་བྱེད་མཁན་གྱིས་རོང་འབྲོག་ཁུལ་གྱི་འགྲུལ་འཁོར་གྱི་བརྙན་ཟློས་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་སོགས་སྒྲིག་བཀོད་སྣ་ཚོགས་ཁྱབ་གདལ་དང་བཀོལ་སྤྱོད་བྱེད་པར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ནས། རོང་འབྲོག་ཁུལ་གྱི་འགྲུལ་འཁོར་ལ་འགུལ་རྣམ་ལྟ་སྐུལ་དོ་དམ་བྱ་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ཚོང་རའི་ལྟ་སྐུལ་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་པ་དང། སྤྱི་བདེ་དང་། འགྲིམ་འགྲུལ་སྐྱེལ་འདྲེན།    ཚོང་རའི་ལྟ་སྐུལ་དོ་དམ་སོགས་འབྲེལ་ཡོད་ལས་ཁུངས་སྒྲིག་འཛུགས་བྱས་ཏེ་ཁྲིམས་འགལ་ངང་རོང་འབྲོག་ཁུལ་དུ་འགྲིམ་འགྲུལ་བྱེད་པར་བཅོས་སྐྱོང་ནན་མོ་བྱས་ནས།  རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ཚོང་ར་གཙང་སེལ་བྱས་ཏེ་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ཡོང་བར་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས།

བཞི། འགན་སྲུང་བྱེད་ཐབས།

རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་གྱི་སྤྱི་ཕན་རང་བཞིན་གྱི་ངེས་གནས་གསལ་ཐག་ཆོད་པར་བྱས་ཏེ། དོན་གཅོད་དབང་ཆ་དང་འགྲོ་སྒོའི་འགན་འཁྲི་ཕན་ཚུན་འཚམ་པའི་བླང་བྱ་ལྟར། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་སྤྱི་པའི་ནོར་སྲིད་ཁ་གསབ་འགན་སྲུང་རྐྱེན་སྲོལ་དང་རྒྱབ་སྐྱོར་བྱ་ཐབས་བསྐྲུན་དགོས།

(གཅིག) ཞིང་ཆེན་རིམ་པས་ཞིང་སྡེའི་འགྲིམ་འགྲུལ་འཕེལ་རྒྱས་གཏོང་རྒྱུའི་མ་དངུལ་ཇེ་ཉུང་དུ་འགྲོ་བར་གཅིག་གྱུར་འཆར་འགོད་བྱ་དགོས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་ཞིང་སྡེའི་འགྲིམ་འགྲུལ་བཅོས་སྣུམ་རིན་གོང་བཅོས་སྒྱུར་གྱི་ནོར་སྲིད་ཁ་གསབ་ཁྲོད་རིན་གོང་འཕར་བའི་ཁ་གསབ་མ་དངུལ་གཅིག་འདོམས་བཀོལ་སྤྱོད་བྱས་ཏེ། སྒྲིག་ཁོངས་གྲོང་ཚོར་འགྲུལ་འཁོར་ཤར་གཏོང་གི་ལས་འགན་ལྗིད་བའི་ས་ཁུལ་དང་། “བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི”བྱེད་ཐབས་སྤྱད་དེ་སྔོན་ལ་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་བྱ་བར་སྐུལ་སྤེལ་མགྱོགས་པའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་པའི་ཐད་བཀོལ་དགོས། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིན་གྱིས་མ་དངུལ་བགོ་བཤའ་དང་བཀོལ་སྤྱོད་མཛུབ་སྟོན་བྱ་བ་ལེགས་པོར་བསྒྲུབ་པ་དང། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་གཏན་འཁེལ་ལྟར་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ཐད་གཅིག་གྱུར་ ་་གིས་བཀོལ་སྤྱོད་བྱ་དགོས།

(གཉིས) གྲོང་ཁྱེར(ཁུལ)དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་རྒྱུན་མཐུད་འཕེལ་རྒྱས་གཏོང་རྒྱུའི་འགན་སྲུང་སྲིད་ཇུས་གཏན་འབེབས་བྱ་དགོས། གྲོང་ཁྱེར(ཁུལ)དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་གཏོང་རྒྱུའི་ཆེད་སྤྱོད་མ་དངུལ་བཙུགས་ཏེ། ཞིང་སྡེའི་འགྲིམ་འགྲུལ་འབར་སྣུམ་གྱི་ཁ་གསབ་འགྲོ་གྲོན་མ་དངུལ་གཅིག་གྱུར་འཆར་འགོད་ཀྱིས་བཀོལ་སྤྱོད་བྱེད་དགོས་པ་དང། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་གྱི་ཁ་གསབ་རོགས་དངུལ་སྲིད་ཇུས་ཁག་དང་རྒྱལ་ཁབ་ཀྱིས་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་ལས་གཉེར་བྱེད་མཁན་དང། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་རྒྱལ་ཁབ་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱས་ཏེ། འགྲིམ་འགྲུལ་ཁེ་ལས་ཀྱིས་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་གཏོང་རྒྱུའི་ཧུར་བརྩོན་རང་བཞིན་ཇེ་མཐོར་གཏང་དགོས།

(གསུམ) རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་གཏོང་རྒྱུའི་རྩ་འཛུགས་འགོ་ཁྲིད་ལ་དངོས་གནས་ཤུགས་སྣོན་བྱ་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་སོ་སོས་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་དཔྱད་ཞིབ་གདེང་འཇོག་རྐྱེན་སྲོལ་དང་གྲོང་ཁྱེར་དང་ཞིང་སྡེའི་འགྲིམ་འགྲུལ་ཞབས་ཕྱིའི་སྤུས་ཚད་དཔྱད་བསྡུར་རྐྱེན་སྲོལ་བཙུགས་ནས། སྒྲིག་ཁོངས་སུ་ཚུད་པའི་གྲོང་ཚོར་འགྲུལ་འཁོར་སྐྱོད་ཚད་དང་། སྤྱི་སྤྱོད་རླངས་འཁོར་ཅན་གྱི་འཁོར་སྐྱོད་ཚད། རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་དམངས་ཕན་སྲིད་ཇུས་བཅས་དོན་འཁྱོལ་བྱས་ཚུལ་དང་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། བདག་སྐྱོང་དང་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི་མ་དངུལ་གཏོང་སྤྲོད་མཐུད་འབྲེལ་བྱ་དགོས། རྫོང་རིམ་པའི་མི་དམངས་སྲིད་གཞུང་གིས་སྣེ་ཁྲིད་དང་འབྲེལ་ཡོད་ལས་ཁུངས་ལས་གྲུབ་པའི་བྱ་བའི་སྒྲིག་གཞི་བཙུགས་ཏེ། ཁོངས་གཏོགས་ས་ཁུལ་གྱི་རོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ལས་དོན་ལ་བྱེ་བྲག་གི་སྐུལ་འདེད་བྱ་དགོས། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།