མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་འབའ་མདོ་སྡེ་བའི་འཕོ་འགྱུར། 
2020.09.17 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 37

འབའ་ལུང་ཡུལ་ཚོ་འབའ་མདོ་སྡེ་བ། 

སྦྲང་ཆར་བསིལ་མས་ས་གཞི་ཡོད་ཚད་ལྗང་ནེམ་ནེམ་ཞིག་ཏུ་བཏང་འདུག ང་ཚོ༼མཚོ་ལྷོའི་འཕོ་འགྱུར་གསར་བར་བལྟ། དག་ཞིང་མཚོ་ལྷོར་ཡང་བསྐྱར་འགྲིམ༽ཞེས་པའི་བཅར་འདྲིའི་ཚོགས་པ་ས་ཚིགས་གསུམ་པ་སྟེ། ཐུན་ཏེ་རྫོང་འབའ་ལུང་ཞང་འབའ་མདོ་སྡེ་བར་ཐོན། འབའ་མདོ་སྡེ་བ་ནི་ཐུན་ཏེ་རྫོང་གི་ནུབ་ཕྱོགས་ཀྱི་སྤྱི་ལེ་སུམ་ཅུའི་མཚམས་སུ་ཆགས་ཡོད་པ་དང་། སྡེ་བ་ཧྲིལ་བོར་ཁྱིམ་ཚང་བརྒྱ་དང་བཅུ་གསུམ་དང་མི་བཞི་བརྒྱ་རེ་གཅིག་ཡོད་ལ། ཞིང་ཕྱུགས་ལས་གཉིས་ཀ་མཉམ་དུ་གཉེར་བཞིན་པའི་སྡེ་བ་ཞིག་རེད།

ལོ་ངོ་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཇ་རྟའི་སྡོང་རྒན། 

འབའ་མདོ་སྡེ་བ་ནི་རྨ་ཆུའི་ཁུགས་སོ་གཉིས་པ་རུ་ལྷིང་འཇགས་ཀྱིས་གནས་ལ། དྲོད་གྲང་རན་ཞིང་སྣོད་བཅུད་ཀྱི་བཀོད་པ་ཤིན་ཏུ་མཛེས། ས་འདི་ན་ལོ་ངོ་ལྔ་བརྒྱའི་ལོ་རྒྱུས་ལྡན་པའི་གནའ་བོའི་ཇ་རྟའི་ནགས་ཚལ་ཡོད་པར་མ་ཟད། རྫོང་རུ་རིག་གནས་ཀྱི་ཕ་ས་ཡིན་པས། ལྟ་སྐོར་དུ་ཡོང་མཁན་གྱི་མི་གྲངས་ཡང་ལོ་རེར་ཇེ་མང་དུ་འགྲོ་བཞིན་གདའ། ང་ཚོ་གསར་འགོད་པ་སྡེ་བའི་ཧྲུའུ་ཅིའི་སྣེ་ཁྲིད་དེ་འབའ་མདོ་སྡེ་བའི་ཁྱིམ་ཚང་དུ་གནས་ཚུལ་ལ་རྒྱུས་ལོན་བྱེད་དུ་འགྲོ་སྐབས་མིག་ལམ་དུ་མངོན་པ་ནི་ཁྲལ་ཆིལ་ལེར་བཞད་པའི་མེ་ཏོག་སྣ་ཚོགས་དང་།  ཤིང་གཅལ་གྱི་ལམ། སྡོང་བོའི་བར་གསེང་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་རས་གུར་མགྲོན་ཁང་ཕུབ་ཡོད་པ་དེ་རེད། མིག་མདུན་གྱི་མཛེས་སྡུག་དེས་ང་ཚོ་གསར་འགོད་པ་རྣམས་རེ་ཞིག་ཧ་ལས་སུ་བཅུག ང་ཚོས་ས་མགོའི་མཐོ་ཚད་ལ་མུས་སྟོང་གསུམ་ཡན་ཡོད་པའི་ས་ཆ་རུ་མེ་ཏོག་སྣ་ཚོགས་ཀྱི་བཀྲགས་མདངས་ལ་རོལ་མྱོང་བྱེད་ཐུབ་རྒྱུ་ཞིག་བློ་ཡུལ་ལའང་འཆར་མ་མྱོང་།  

འབའ་མདོ་སྡེ་བ་ཉེ་འཁོར་གྱི་ལྡུམ་ར། 

རྒྱུས་ལོན་བྱས་པ་བརྒྱུད། ཉིས་སྟོང་བཅོ་བརྒྱད་ལོར།  ཐུན་ཏེ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་འབའ་ལུང་ཡུལ་ཚོའི་སྡེ་བ་ཉི་ཤུ་རྩ་གཉིས་ཁྲོད་འབའ་མདོ་སྡེ་བ་དེ་ཞིང་སྡེ་དར་སྤེལ་གྱི་ཁྲོད་བཞག་ནས་འཛུགས་སྐྲུན་བྱས་པ་དང་།  མ་དངུལ་སྒོར་མོ་བྱེ་བ་བཞི་དང་ས་ཡ་གཉིས་འབུམ་དྲུག་ཁྲི་གསུམ་བཏང་སྟེ། སྡེ་བ་ནས་གླིང་ག་གཏོང་ས་དང་། ཤིང་གཅལ་གྱི་ལམ། སྣུམ་ལམ། ཨར་འདམ་གྱི་ལམ། སྡོད་ཁང་། སྤྱོད་ཁང་སོགས་ལས་ཏེ། མི་རྣམས་ལ་ཞིང་སྡེ་ནས་ཡུལ་སྐོར་ཁམས་གཡེང་བྱེད་ས་ཡག་པོ་ཞིག་སྐྲུན་པ་ཡིན་ཞིང་། འབའ་མདོ་སྡེ་བའི་མི་རྣམས་ཀྱིས་སྲིད་ཇུས་བཟང་པོའི་རོགས་རམ་དང་ས་གནས་རང་གི་ཁྱད་སྟོབས་ལ་བརྟེན་ནས་ཁྱིམ་ཚང་མགྲོན་ཁང་དང་ཟ་མ་གཡོས་སྦྱོར་སོགས་བྱས་ཏེ་འགྲུལ་བ་སྣེ་ལེན་བྱས་པས། ཡོང་སྒོ་ལོ་རེ་ནས་ལོ་རེར་ཇེ་བཟང་དུ་འགྲོ་བཞིན་ཡོད་པ་རེད།

འབའ་མདོ་སྡེ་བའི་སྔོན་ཆད་ཀྱི་ཧྲུའུ་ཅི་པད་མ་བསྟན་འཛིན། 

འབའ་མདོ་སྡེ་བའི་སྔོན་ཆད་ཀྱི་ཧྲུའུ་ཅི་པད་མ་བསྟན་འཛིན་གྱིས་ལོ་ངོ་མང་པོའི་རིང་ལ་སྡེ་བའི་ཧྲུའུ་ཅིའི་འགན་ཁུར་མྱོང་བས། སྡེ་བའི་མི་རྣམས་ཀྱི་བསམ་བློ་རྗེས་ལུས་ཡིན་པ་དང་། ཐབས་སྡུག་གི་འཚོ་བའི་རྣམ་པ་དེ་ཁོས་མིག་གིས་མཐོང་ཞིང་སེམས་ཀྱིས་མྱངས་ཡོད་པ་རེད། ཁོས་བཤད་རྒྱུར། འབའ་མདོ་སྡེ་བ་སྔོན་ཆད་དབུལ་ཕོངས་སྡེ་བ་ཞིག་ཡིན་ཡང་། ད་ལོ་ནས་བཟུང་སྡེ་བ་ཧྲིལ་བོ་དབུལ་ཐར་བྱས་ཡོད། དམངས་ཕན་སྲིད་ཇུས་སྣ་ཚོགས་སྡེ་བ་འདི་ནས་དངོས་འབེབ་བྱས་པ་བརྒྱུད། ད་ལྟ་སྡེ་མི་རྣམས་ལ་ཡོང་སྒོ་བཙལ་སའི་ཐབས་ལམ་མང་པོ་ཡོད་པར་གྱུར། ཡོང་སྒོ་ཇེ་མཐོར་སོང་བ་དང་བསྟུན་ནས་མི་རྣམས་ཀྱི་བསམ་བློ་ཡང་རྒྱ་ཆེ་རུ་སོང་བ་དང་། ཕན་ཚུན་མཐུན་སྒྲིལ་ཡང་ཧ་ཅང་བཟང་། 2018ལོ་ནས་བཟུང་། ཐུན་ཏེ་རྫོང་ཏང་ཨུ་དང་སྲིད་གཞུང་གིས་མ་དངུལ་འབོར་ཆེན་བཏང་སྟེ་ང་ཚོའི་སྡེ་བ་འཛུགས་སྐྲུན་བྱས་པས། ལོ་འདི་འགར་མང་ཚོགས་ཀྱི་འཚོ་བ་གོང་འཕེལ་རྒྱ་ཆེན་པོ་སོང་ཡོད་ཞེས་བཤད།

འབའ་མདོ་སྡེ་བའི་ཧྲུའུ་ཅི་སངས་རྒྱས་འབུམ། 

འབའ་མདོ་སྡེ་བའི་ཧྲུའུ་ཅི་སངས་རྒྱས་འབུམ་ནི་མི་ལོ་ཆུང་གྲུང་ཤ་དོད་པོ་ཅན་ཞིག་ཡིན་པ་དང་། ཁོ་རང་སྡེ་བའི་མ་འོངས་པའི་འཕེལ་རྒྱས་ཐད་ལ་ཡིད་ཆེས་ཀྱིས་ཁེངས་འདུག ཁོས་དགའ་སྤྲོའི་ངང་ནས་བཤད་རྒྱུར། ད་ལྟ་ང་ཚོའི་སྡེ་བར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། མ་འོངས་པར་ང་ཚོས་སྡེ་བ་འདི་ནས་ཡུལ་སྐོར་བ་སྣེ་ལེན་བྱེད་སའི་མགྲོན་ཁང་དང་ཟ་ཁང་སོགས་གཉེར་ཏེ། མི་སྔར་ལས་མང་པོ་སྣེ་ལེན་བྱེད་རྒྱུའི་འཆར་གཞི་ཡོད་ཟེར།

འབའ་མདོ་སྡེ་བའི་སྡེ་མི་ཚེ་བྷོ། 

འབའ་མདོ་སྡེ་བའི་ཁྱིམ་ཚང་སུ་ཚང་ལ་སོང་ནའང་། མགོ་ཤིང་ཁང་གྲུ་བཞི་བྲེ་འདྲ་འདྲ་ཕུབ་མེད་མཁན་གཅིག་ཀྱང་མེད། སྡེ་མི་ཚེ་བྷོ་ལ་མཚོན་ན། དཀའ་སྡུག་གི་འཚོ་བའི་གོ་རིམ་མང་པོ་བརྒྱུད་མྱོང་མཁན་ཞིག་རེད། ཁོས་བཤད་རྒྱུར། ངེད་ཚང་ལ་བཟའ་མི་བཞི་ཡོད་པ་དང་སྔོན་ཆད་འདུག་ས་མེད་པའི་ཚད་ལ་ལྷུང་ནས་འཚོ་བའི་ཆ་རྐྱེན་ཤིན་ཏུ་སྡུག  ད་ལྟ་འཚོ་བའི་ཆ་རྐྱེན་ཇེ་བཟང་དུ་སོང་ཡོད། ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ལ་མགོ་ཁང་བ་ཡང་བཟང་བོ་ཞིག་ལས་ནས་ད་ལྟ་དེའི་ནང་འགྲུལ་བ་ཡང་སྣེ་ལེན་བྱེད་ཐུབ་ཡོད་ཟེར། འབའ་མདོ་སྡེ་བས་རྨ་ཆུའི་ཁུགས་སོ་གཉིས་པ་དང་། ཇ་རྟའི་ནགས་ཚལ། རྫོང་རུ་རིག་གནས་བཅས་ལ་བརྟེན་ནས། 2019ལོ་ནས་བཟུང་རྫོང་རུ་རྟགས་མའི་རྐང་རྒྱུགས་འགྲན་སྡུར་སྤེལ་མགོ་བརྩམས་པ་དང་། ད་ལོའི་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་རྐང་རྒྱུགས་འགྲན་སྡུར་སྐབས་གཉིས་པ་བསྡུར་འཆར་ཡོད་ལ། དེ་ལས་ཞིང་སྡེའི་ཡུལ་སྐོར་དང་ལུས་རྩལ་བྱ་འགུལ་གཉིས་ཟུང་འབྲེལ་ཡག་པོ་བྱས་ཏེ། འབའ་མདོ་སྡེ་བར་འཕེལ་རྒྱས་ཀྱི་ལམ་ཆེན་ཞིག་བཏོད་ཡོད་པ་རེད།

འབའ་མདོ་སྡེ་བ་ཉེ་འཁོར་གྱི་ལྡུམ་ར། 

ཡུན་རིང་གི་བདེ་སྐྱིད་འཚོ་བ་ནི་རང་ཉིད་ཀྱི་རྩོལ་བ་ལ་བརྟེན་དགོས། དཀའ་སྡུག་གི་འཚོ་བར་མགོ་མི་སྒུར་བའི་འབའ་མདོ་མང་ཚོགས་རྣམས་འོད་སྟོང་འཕྲོ་བའི་བདེ་སྐྱིད་ཀྱི་འཚོ་བར་བརྩོན་པའི་ལམ་དུ་ནམ་ཡང་གོམ་ཁ་ལྷོད་མི་སྲིད།

གསར་འགོད་པ། ཚེ་རིང་སྒྲོལ་མ། ཐུབ་བསྟན་རྡོ་རྗེ། ཐུབ་བསྟན།

རྩོམ་སྒྲིག་འགན་ཁུར་བ། ཨ་བརྟན་རྒྱལ། 

ལྟ་སྐུལ་བ། དབང་གྲགས་ཚེ་རིང་། 

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།