དུས་རབས་གསར་པའི་བོད་སྐྱོང་ཐབས་ཇུས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ།
2020.09.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 14

 སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་སྐོར་གླེང་བ།

“རྒྱལ་སྐྱོང་བྱེད་ན་ངེས་པར་དུ་མཐའ་མཚམས་སྐྱོང་དགོས། མཐའ་མཚམས་སྐྱོང་ན་སྔོན་ལ་བོད་ལྗོངས་བརྟན་འཇགས་ཡོང་དགོས། ”བོད་ལྗོངས་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་འབྲེལ་ཡོད།

ཟླ8པའི་ཚེས28ནས་ཚེས29ཉིན་བར། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་པེ་ཅིན་ནས་འཚོགས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་གྱི་བྱ་བའི་གྲུབ་འབྲས་དང་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་བསྡོམས་གནང་བ་དང་། ད་ལྟའི་བོད་ལྗོངས་ལས་དོན་གྱིས་གདོང་གཏོད་དགོས་པའི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་གནང་ལ། དུས་རབས་གསར་པར་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་མོ་དང་བོད་ལྗོངས་ལས་དོན་ལེགས་པོར་སྒྲུབ་པའི་མཛུབ་སྟོན་དགོངས་པར་འགྲེལ་བ་གསལ་པོ་བརྒྱབ་སྟེ། ད་ལྟ་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་བོད་ལྗོངས་ལས་དོན་གྱི་དམིགས་འབེན་ལས་འགན་དང་། བྱེད་ཕྱོགས་སྲིད་ཇུས་གསལ་པོ་བྱས་པ་དང་ཆབས་ཅིག སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཀྱི་བོད་འབྲེལ་ལས་དོན་ལ་བཀོད་སྒྲིག་གལ་ཆེན་མཛད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་ཁྱོན་ཡོངས་གཅིག་འདོམས་དང་། དགོངས་པ་གཏིང་ཟབ་ལ་ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་པས། ཆབ་སྲིད་དང་བསམ་བློ། གཞུང་ལུགས་བཅས་ཀྱི་རང་བཞིན་དྲག་པོ་ལྡན་ལ། མར་ཁེ་སི་རིང་ལུགས་བདེན་དོན་གྱི་གཟི་འོད་འཕྲོ་བཞིན་ཡོད་པས། དུས་རབས་གསར་པའི་བོད་ལྗོངས་ལས་དོན་ལ་མཛུབ་སྟོན་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན།

ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོ་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག བོད་ལྗོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། དཀའ་སྤྱད་འབད་འཐབ་བྱས་ཏེ། ཡུན་རིང་པོར་ཐག་གཅོད་དགོས་སྙམ་རུང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་ལ། ཡུན་རིང་པོར་བསྒྲུབ་དགོས་སྙམ་རུང་སྒྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་པས། ལས་དོན་སོ་སོར་ཁྱོན་ཡོངས་ནས་འཕེལ་རྒྱས་བྱུང་བར་མ་ཟད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཀྱང་བླངས་ཡོད། ད་ལྟ། བོད་ལྗོངས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་སྟེ། དབུལ་ཕོངས་རྫོང་ཡོངས་རྫོགས་དབུལ་ཕོངས་ལས་ཐར་ཞིང་། རྨང་གཞིའི་སྒྲིག་བཀོད་གང་མགྱོགས་སྒོས་འཐུས་ཚང་དུ་བཏང་བ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་སྔར་བས་སྲ་བརྟན་དུ་གྱུར་ཏེ། སྐྱེ་སྟོབས་ཀྱི་དཔལ་འབར་བའི་དར་རྒྱས་ཀྱི་སྣང་ཚུལ་མངོན་ཡོད་པས། ཏང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བྱེད་ཕྱོགས་དང་སྲིད་ཇུས་ལྷད་མེད་ཡང་དག་ཡིན་པ་ལག་ལེན་ལས་ར་སྤྲོད་གང་ལེགས་བྱས་ཡོད་ལ། བོད་ལྗོངས་རྒྱུན་མཐུད་བརྟན་འཇགས་དང་མགྱོགས་མྱུར་ངང་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་བྱ་བའི་སྤྱི་ཡོངས་ལ་བཞག་པའི་བྱས་རྗེས་གལ་ཆེན་ཞིག་རེད།

ཏང་ཀྲུང་དབྱང་གིས་སྔོན་ཆད་ནས་བཟུང་བོད་ལྗོངས་ལས་དོན་ལ་མཐོང་ཆེན་ཚད་མཐོན་པོ་གནང་བཞིན་ཡོད་པ་དང་། བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་དུ་སྔ་གཞུག་ཏུ་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས6འཚོགས་ལ། ཚོགས་ཐེངས་རེར་དངོས་ཡོད་གནས་ཚུལ་ལ་གཞིགས་ཏེ་ཐབས་ཇུས་བཀོད་སྒྲིག་གལ་ཆེན་གནང་ཡོད། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བོད་ལྗོངས་ལས་དོན་གྱིས་གདོང་གཏོད་དགོས་པའི་གནས་བབ་དང་ལས་འགན་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་།  ང་ཚོའི་ཏང་གིས་བོད་ལྗོངས་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་པ་དང་། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བོད་ལྗོངས་བཅོས་སྐྱོང་དང་། བོད་ལྗོངས་བརྟན་བརླིང་། བོད་ལྗོངས་དར་རྒྱས་བཅས་ཡོང་བའི་ཐད་ཀྱི་ཉམས་མྱོང་བཟང་པོ་ཕྱོགས་བསྡོམས་བྱས་པ་དེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་སུ་གྲུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པ་ནང་བཞིན། བོད་ལྗོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་ན། ངེས་པར་དུ་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། རྒྱལ་སྐྱོང་བྱེད་ན་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་ན་སྔོན་ལ་བོད་ལྗོངས་བརྟན་བརླིང་གཏོང་དགོས་པའི་འཐབ་ཇུས་དགོངས་དོན་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་སྲུང་སྐྱོབ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དེ་བོད་ལྗོངས་ལས་དོན་གྱི་གཞི་འཛིན་ས་དང་ཤུགས་འདོན་སར་འཛིན་དགོས་པ་དང་། ཁྲིམས་ལྟར་བོད་ལྗོངས་སྐྱོང་བ་དང་། དམངས་ཕྱུག་དང་བོད་ལྗོངས་དར་རྒྱས་སུ་གཏོང་བ་དང་། བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་པ། དམངས་སེམས་གཅིག་སྒྲིལ་དང་། རྨང་གཞི་བརྟན་པོ་འདིང་བ་བཅས་ཀྱི་རྩ་དོན་གལ་ཆེན་རྣམས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་ལ་གཅིག་གྱུར་འཆར་འགོད་བྱེད་དགོས་པ་དང་། ངེས་པར་དུ་དམངས་ཚིས་ལེགས་བཅོས་དང་། དམངས་སེམས་གཅིག་སྒྲིལ་བྱེད་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་མགོ་ཚུགས་ས་དང་། རྐང་འཛུགས་སར་བརྩི་དགོས་པ་དང་། ངེས་པར་དུ་མི་རིགས་ཁག་གི་འགྲོ་འོང་དང་འབྲེལ་འདྲིས་བརྗེ་རེས་དང་མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། ངེས་པར་དུ་རང་རྒྱལ་ཆོས་ལུགས་ཀྱི་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོབ་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱེད་དགོས། ངེས་པར་དུ་ཏང་གི་འཛུགས་སྐྲུན་དང་ལྷག་པར་དུ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་མོ་ནི་བོད་ལྗོངས་ལས་དོན་ལེགས་པོར་སྒྲུབ་པའི་རྩ་བའི་གཞི་འཛིན་ས་ཡིན་པས། ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས།

ད་ལྟ་འཛམ་གླིང་ལ་ལོ་བརྒྱ་ཕྲག་རིང་བྱུང་མ་མྱོང་བའི་འཕོ་འགྱུར་བྱུང་ཡོད་ལ། རང་རྒྱལ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གནད་འགག་གི་དུས་ལ་སླེབས་ཤིང་། རང་རྒྱལ་འཕེལ་རྒྱས་སུ་གཏོང་བའི་ནང་གི་ཆ་རྐྱེན་དང་ཕྱིའི་ཁོར་ཡུག་ལ་གཏིང་ཟབ་རྙོག་འཛིང་གི་འགྱུར་ལྡོག་འབྱུང་བཞིན་ཡོད། གནས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ཏེ། བོད་ལྗོངས་ལས་དོན་ལེགས་སྒྲུབ་བྱེད་དགོས་ན། ངེས་པར་དུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཇུས་གཞི་ཆེན་མོ་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས། “གནས་ལྔ་གཞི་གཅིག”གི་སྤྱིའི་འགྲེམ་སྟངས་གཅིག་གྱུར་འཆར་འགོད་བྱས་ཏེ་སྐུལ་སྤེལ་བྱེད་པ་རྒྱུན་འཁྱོངས་དང་། “ཁྱོན་ཡོངས་བཞི”ཡི་འཐབ་ཇུས་འགྲེམ་ཚུལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས། བརྟན་འཇགས་ཁྲོད་འཕེལ་རྒྱས་བརྩོན་པའི་བྱ་བའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་འཛུགས་བྱེད་པ་དང་། འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་བཏང་སྟེ། དམངས་ཚིས་འགན་སྲུན་དང་ལེགས་བཅོས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་དགོས། ཏང་གི་རྩ་འཛུགས་དང་སྲིད་དབང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འགོད་ཡོང་བར་ཁག་ཐེག་བྱེད་དགོས་པ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་འགྲོ་བར་ཁག་ཐེག་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཡོང་བར་ཁག་ཐེག་བྱེད་དགོས་པ་དང་། མཐའ་སྲུང་བརྟན་པོ་དང་མཐའ་མཚམས་བདེ་འཇགས་ཡོང་བར་ཁག་ཐེག་བྱས་ཏེ། མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན།འཆམ་མཐུན་མཛེས་སྡུག་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འབད་པ་ཆེན་པོ་བྱེད་དགོས།

“རྔམ་ལྡན་འགག་འཕྲང་ལྕགས་ལྟར་སྲ་ན་ཡང་ད་ལྟ་ང་ཚོ་དེ་ཡི་ཕ་རོལ་བརྒལ།”ད་ལྟའི་གངས་ལྗོངས་ཀྱིས་སྔར་བྱུང་མ་མྱོང་ལ་ལོ་ངོ་སྟོང་ཕྲག་རིང་འཕྲད་དཀའ་བའི་འཕེལ་རྒྱས་ཀྱི་གོ་སྐབས་བསུས་ཏེ། མཆོང་འཕུར་གྱི་གཤོག་པ་བཙུགས་ཡོད། བསམ་སྦྱོར་གཉིས་ཀ་ཏང་ཀྲུང་དབྱང་གིས་བོད་ལྗོངས་ལས་དོན་ཐད་བཏོན་པའི་འཐབ་ཇུས་བཀོད་སྒྲིག་དང་མཐུན་པོ་ཡོང་བ་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་ནས། “འདུ་ཤེས་བཞི”བརྟན་པོ་དང“ཡིད་རྟོན་བཞི”ཇེ་བརྟན། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ལས་འགན་སོ་སོ་དངོས་འབེབས་བྱེད་པ་དང་། དུས་རབས་གསར་པའི་བོད་ལྗོངས་ཀྱི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱས་ཚེ། ང་ཚོས་བོད་ལྗོངས་ཀྱི་ཁྱད་མཚར་བའི་ས་གཞིའི་སྟེང་ནས་འོད་མདངས་བཀྲ་བའི་ལེའུ་གསར་པ་ཞིག་འབྲི་ཐུབ་ལ། སྔར་ལས་ཆེ་བའི་བྱས་རྗེས་ངོ་མཚར་ཅན་གསར་སྐྲུན་བྱེད་ཐུབ་པ་ཁོ་ཐག་ཡིན། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།