ཀུན་དགའ་སྡེ་བའི་བྱེ་འགོག་ཕྱུག་འགྱུར་ཐད་ཀྱི་གྲུབ་འབྲས་ཆེན་པོ།
2020.09.28 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 24

 ཟླ9བའི་ཚེས18ཉིན། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཐང་སྐར་མ་གྲོང་རྡལ་ཀུན་དགའ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་རྒྱ་མཚོ་སོགས་ཀྱི་སྣེ་ཁྲིད་འོག  ཀུན་དགའ་སྡེ་བའི་བྱེ་འགོག་ནགས་སྐྲུན་གྱི་ཡུལ་དངོས་སུ་སོང་ནས་ཆེད་དོན་བཅར་འདྲི་བྱས།

ཀུན་དགའ་སྡེ་བ་ནི་གུང་ཧོ་གཤོང་སའི་བྱེ་ཐང་གི་འགོ་ཁུངས་ས་ཁུལ་དུ་གཏོགས།  གུང་ཧོ་གཤོང་ས་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ལྟེ་བ་ཡིན་པའི་གཤོང་ས་ཡིན་ཞིང་།  མདོ་ལ་རི་རྒྱུད་དང་ཁུ་ནུ་རི་རྒྱུད་ཀྱི་བར་མཚམས་སུ་ཆགས་ཡོད།  སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་གཅིག་སྟོང་གསུམ་བརྒྱད་བརྒྱ་ལྷག་ཡོད།   ཀུན་དགའ་སྡེ་བ་ནི་སྔོན་ཆད་གུང་ཧོ་གཤོང་སའི་བྱེ་རླུང་གི་འགོ་ཁུངས་ཡིན་ཞིང་།  ད་ལྟའི་ཀུན་དགའ་སྡེ་བ་དེ་ཐང་སྐར་མ་གྲོང་རྡལ་གྱི་ཤར་ཕྱོགས་སུ་སྤྱི་ལེ2ཀྱི་མཚམས་སུ་ཆགས་ཡོད་ལ།   ཁུལ་སྲིད་གཞུང་གནས་སའི་ཆབ་ཆ་གྲོང་རྡལ་དང་བར་ཐག་སྤྱི་ལེ50ལྷག་ཡོད།  སྡེ་བ་དེ་བོད་རིགས་དང་རྒྱ་རིགས།  ཧུའེ་རིགས་བཅས་མི་རིགས་གསུམ་གྱིས་གྲུབ་ཡོད་ལ།  བསྡོམས་པས་ཁྱིམ་ཚང330ལྷག་དང་།  སྤྱིའི་མི་གྲངས1230ལྷག་ཡོད།   བྱེ་མའི་འཇིག་ཉེན་གྱིས་དབང་གིས་ཐང་སྐར་མ་གྲོང་རྡལ་དང་བར་ཐག་སྤྱི་ལེ15ཡོད་པའི་ཀུན་དགའ་མཚོ་ཡི་མཐའ་འཁོར་ནས།  ད་ལྟའི་ས་གནས་སུ་སྤར་ཞིང་སྔོན་གྱི་སྡེ་མིང་རྒྱུན་འཛིན་བྱས་ཡོད།   ཤར་ཕྱོགས་ནས་བཏུལ་ཐང་དང་འབྲེལ་ཞིང་ནུབ་ཕྱོགས་ནས་ལ་ཀ་ཏང་སྡེ་བ་དང་འདྲེས་ཡོད།  མངའ་ཁོངས་སུ་ཐོན་སྐྱེད་མཉམ་ལས་རུ་ཁག5ཡོད་པ་དང་།  ཞིང་ཕྱུགས་ལས་གཙོ་བོར་གཉེར་བའི་སྲིད་འཛིན་སྡེ་བ་ཞིག་ཡིན།  ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི2960ཡས་མས་ཡོད།   ཐན་པ་དང་བྱེ་མ།  སེར་བ་སོགས་ཀྱི་གནོད་འཚེ་ནི་སྡེ་བའི་ཞིང་ཕྱུགས་ལས་འཕེལ་རྒྱས་ལ་ཚོད་འཛིན་ཐེབས་པའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད་པ་མ་ཟད།  བྱེ་འགྱུར་འགོ་ཁུངས་སུ་གནས་ཡོད་པའི་དབང་གིས་བྱེ་འགོག་ནགས་སྐྲུན་ལ་བརྟེན་ནས་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་དགོས་པར་གྱུར།

གསར་འགོད་པས་ཧྲུའུ་ཅི་རྒྱ་མཚོའི་སྣེ་ཁྲིད་འོག་སྡེ་བའི་ཀུན་དགའ་མཚོ་ཡི་མཐའ་འཁོར་གྱི་ཡུལ་དངོས་སུ་བཅར་འདྲི་བྱེད་སྐབས།  བཅར་འདྲི་བྱེད་སའི་ས་གནས་གང་དུ་ཐོན་ན་ཡང་།  ཁོས་ཕྱོགས་གཅིག་ནས་རང་གི་ཁུག་མར་བཅུག་ཡོད་པའི་འཇལ་ཆས་་བླངས་ཏེ། ཉེ་བའི་ལོ་འགའི་རིང་འདེབས་འཛུགས་བྱས་པའི་ནགས་ཚལ་གྱི་སྐྱེ་ཚད་འཇལ་བ་དང་།  ཕྱོགས་གཅིག་ནས་སྤྲོ་སེམས་འཁོལ་བའི་ངང་ཀུན་དགའ་སྡེ་བའི་བྱེ་འགོག་ཕྱུག་འགྱུར་གྱི་རྒྱུད་རིམ་མཚམས་སྦྱོར་བྱས།

ཀུན་དགའ་མཚོ་ཡི་འགྲམ་དུ་ཐོན་སྐབས། ཧྲུའུ་ཅི་རྒྱ་མཚོས་དགའ་སྤྲོའི་ངང་བཤད་རྒྱུར།  “ སྔོན་ཆད་ཀྱི་ཀུན་དགའ་སྡེ་བའི་དཀྱིལ་ཁུལ་དུ་མཛེས་སྡུག་ལྡན་པའི་མཚེའུ་གསུམ་ཡོད།  དེ་དག་ནི་ཀུན་དགའ་མཚོ་གོང་མ་དང་ཞོལ་མ།  མཚོ་ཆུང་ནོར་བུ་བཅས་ཡིན།  སྡེ་མིང་ལ་ཡང་ཀུན་དཀའ་སྡེ་བ་ཟེར།”  “དུས་རབས་ཉི་ཤུ་བའི་ལོ་རབས90བ་དང་།  སྒོས་སུ་ 2005ལོ་ནས་བཟུང་།  རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པར་བརྟེན་ནས།  ང་ཚོའི་སྡེ་དམངས་ཡོངས་ཧུར་ཐག་གིས་བྱེ་འགོག་ནགས་སྐྲུན་གྱི་ལས་དོན་ཆེན་པོར་ཞུགས།  མིག་སྔའི་བར་མུའུ་ཁྲི6ལྷག་གི་བྱེ་ཐང་དུ་བྱེ་འགོག་ནགས་སྐྲུན་བྱས་ཡོད་པས། མུ་མཐུད་དུ་བྱེ་མར་གྱུར་བའི་གནད་དོན་སེལ་པ་མ་ཟད།  རྩྭ་ཤིང་གཉིས་འཛོམས་ཀྱི་ལྗང་མདོག་རྣམ་པ་མངོན་འགྱུར་བྱུང་ཞིང་།  མི་ཤུགས་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་ནུས་པ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་མངོན་གསལ་ཐོབ”།

རྒྱ་མཚོས་མཚམས་སྦྱོར་བྱས་པ་ལྟར་ན། དུས་རབས་སྔོན་མའི་ལོ་རབས90པ་ནས་བཟུང་།  ཀུན་དགའ་སྡེ་བའི་ཤར་རྒྱུད་ཀྱི་ཤིང་མངར་བྱེ་སྒོ་ས་ཁུལ་གྱི་བྱེ་ཐང་གིས་ཀུན་དགའ་སྡེ་བར་གནོད་འཚེ་ཆེན་པོ་བཟོས་བས།  སྡེ་མི་མང་པོ་མཐའ་འཁོར་དུ་གནས་སྤོར་མི་བྱེད་ཐབས་མེད་དུ་གྱུར།  ལོ་དུ་མར་ཁྱིམ་ཚང་ལ་ལས་སྡེ་བའི་མཐའ་འཁོར་དུ་ཐེངས་གསུམ་ལྷག་ལ་གནས་སྤར་མྱོང་།  དེའི་རྐྱེན་གྱིས1996ལོ་ནས་བཟུང་སྡེ་མི་ཡོངས་ཀྱིས་སྡེ་བའི་མཐའ་འཁོར་དུ་སྡོང་འཛུགས་ནགས་སྐྲུན་བྱེད་འགོ་བརྩམས།  2005ལོ་ནས་བཟུང་།  སྐབས་དེའི་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་དང་ཀྲུའུ་རིན་སོགས་ཀྱིས་སྣེ་ཁྲིད་བྱས་ཏེ། ཕྱོགས་གཅིག་ནས་སྐྱེས་ཁམས་འཛུགས་སྐྲུན་ལས་གཞི་བརྩོན་ལེན་བྱས་ཤིང་། ཕྱོགས་གཅིག་ནས་འཆར་གཞི་དང་གོ་རིམ་ལྡན་པའི་ངང་བྱེ་འགོག་ནགས་སྐྲུན་གྱི་ལས་དོན་བསྒྲུབས་པས།  ཀུན་དགའ་སྡེ་བས་སྐྱེ་ཁམས་བཅོས་སྐྱོང་གི་གོམ་པ་དང་པོ་སྤོས།

རྒྱ་མཚོས་བཤད་རྒྱུར། “2005ལོར་གཞི་ཁྱོན་ཆེན་པོས་བྱེ་འགོག་ནགས་སྐྲུན་ལས་དོན་གྱི་འགོ་བརྩམས་པ་ནས་བཟུང་།  སྡེ་མི་ཡོངས་ལ་རིམ་བཞིན་ཐུན་མོང་གི་ངོས་འཛིན་གསལ་བོ་ཞིག་ཆགས་ཤིང་།  སྒོས་སུ‘རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི’བསམ་བློའི་མཛུབ་སྟོན་ལ་བརྟེན་ནས།  ང་ཚོར་སྔར་ལས་ལྷག་པར་བྱེ་འགོག་ནགས་སྐྲུན་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་བསྐྱོད་པར་ཡིད་ཆེས་ཀྱིས་ཁེངས་ཤིང་།  ང་ཚོས་རང་གི་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པ་བཞིན་དུ་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།  རྒྱུ་མཚན་ནི་ཁོར་ཡུག་བཟང་བོ་ནི་ང་ཚོ་དུས་རབས་འདིའི་འཚོ་གནས་དང་དམ་པོར་འབྲེལ་ཡོད་པ་མ་ཟད། བུ་རབས་ཚ་རྒྱུད་ཀྱི་བདེ་སྐྱིད་ལའང་དེ་ལས་ཀྱང་འབྲེལ་བ་དམ་པོ་ཡོད་པས་ཡིན།  སྡོང་འཛུགས་ནགས་སྐྲུན་གྱི་སྐབས་སུ་ཡང་། སྡེ་མི་ཡོངས་ཀྱིས་དཀའ་སྤྱད་འབད་འཐབ་སྒོས་ལོ་རེའི་སྡོང་འཛུགས་ནགས་སྐྲུན་ཀྱི་དམིགས་ཚད་ལས་འགན་ལེགས་འགྲུབ་བྱས་པ་མ་ཟད།  དུས་མཇུག་དོ་དམ་དང་ཞིབ་དཔྱད་ཚད་ལེན་ལམ་སྲོལ་རབ་དང་རིམ་པ་བཙུགས་ནས།  སྐྱེ་ཁམས་འཛུགས་སྐྲུན་གྱི་རྒྱུན་མཐུད་རང་བཞིན་དང་ནུས་ལྡན་རང་བཞིན་འགན་ལེན་བྱས། ”

ཧྲུའུ་ཅི་རྒྱ་མཚོས་བྱེ་འགོག་ནགས་སྐྲུན་ཕྱོགས་ཀྱི་ཉམས་མྱོང་ངོ་སྤྲོད་བྱེད་སྐབས།  “ བྱེ་འགོག་ནགས་སྐྲུན་ལག་ལེན་དང་། སྒོས་སུ་བྱེ་འགོག་ནགས་སྐྲུན་ལ་བརྟེན་ནས་ཕྱུག་པོར་བསྒྱུར་བའི་ཡིད་ཆེས་བརྟན་པོར་བརྟེན་ནས།   ང་ཚོས་བྱེ་འགོག་ནགས་སྐྲུན་ཡུལ་དངོས་ནས‘ ཁྲོན་པ་བརྐོས་ནས་ཆུ་འཐེན་ཏེ་བྱེ་མ་འགོག་པ ’ དང ‘དཔལ་འབྱོར་ནགས་ལས་ལ་བརྟེན་ནས་ཡོང་འབབ་ཇེ་མང་དུ་གཏོང་བ’ཟུང་འབྲེལ་གྱི་འཕེལ་རྒྱས་ཁ་ཕྱོགས་སྤྱི་སྡོམ་བྱས་ཡོད།  དེ་ལྟར་བྱས་ན་ད་གཟོད་སྐྱེ་ཁམས་བཅོས་སྐྱོང་གི་ཕན་འབྲས་ཇེ་མཐོར་འགྲོ་སྲིད་པ་མ་ཟད། རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཀྱང་ཇེ་མང་དུ་འགྲོ་སྲིད།  འདི་ནི་ཀུན་དགའ་སྡེ་བའི་ལོ་མང་པོར་ཞིབ་འཇུག་དང་བྱེ་འགོག་ཕྱུག་སྒྱུར་ལག་ལེན་དངོས་ལ་བརྟེན་ནས་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་གལ་ཆེན་ཡིན”ཞེས་དེ་ལྟར་བཤད།

རྒྱ་མཚོས་ད་དུང་སྤྲོ་སེམས་འཁོལ་བའི་ངང་བཤད་རྒྱུར། “སྔོན་ཆད་གཙོ་བོ་དཔྱིད་དུས་སུ་བྱེ་འགོག་ནགས་སྐྲུན་བྱས་མོད།  དཔྱིད་དུས་ཐན་པ་ཆེ་བས་ལྗོན་ཤིང་གི་གསོན་ཚད་ཧ་ཅང་དམའ།  རྗེས་སུ ‘དུས་ཚིགས་དང་པོར་ནགས་བསྐྲུན་པ་དང་ལྗོན་ཤིང་གསོན་ཚད་གནམ་ལ་རེ་བའི’སྲོལ་རྒྱུན་བསྒྱུར་བཅོས་བྱས་ཏེ།  བྱེ་འགོག་ནགས་སྐྲུན་གྱི་ལས་སྒོ་དེ་ཟླ8པ་ནས་ཟླ9བའི་བར་སྤེལ་བ་ཡིན།  དུས་སྐབས་དེར་ཆར་ཆུ་མོད་པས་ལྗོན་ཤིང་གི་གསོན་ཚད་ཀྱང་དེ་བཞིན་ཇེ་མཐོར་འགྲོ་སྲིད།  ད་ལྟ་ལྗོན་ཤིང་གི་གསོན་ཚད90%ཡན་ལ་སླེབས་ཡོད” ཟེར།

“བྱེ་འགོག་ནགས་སྐྲུན་གྱི་ཐོག་མའི་དུས་སྐབས་སུ།  སྡོང་བོ་གཅིག་བཙུགས་ན་ཆུ་གཏོང་པ་དང་བདག་སྐྱོང་བྱེད་པ་བཅས་ཀྱི་ཕྱོགས་ནས་མ་དངུལ་གཏོང་དགོས་པས།  གལ་ཏེ་སྡོང་ཕྲུག་སྐྱེས་མ་ཐུབ་ན་གྱོང་གུན་ཐེབས་སྲིད།   སྡོང་འཛུགས་ནགས་སྐྲུན་གྱི་སྐབས་སུ་ཡང་། ཉིན་མང་པོར་རང་ཁྱིམ་དུ་ལོག་མི་ཐུབ་ལ། གལ་ཏེ་ཁྱིམ་དུ་ལོག་ཐུབ་ན་ཡང་། ལུས་ཧྲིལ་བོར་བྱེ་མའི་གང་ཡོད།  ཡིན་ཡང་སྡེ་མི་ཡོངས་ཀྱི་བློ་བརྟན་འགྱུར་མེད་ཀྱི་བརྩོན་སེམས་ནི། ང་ཚོས་བྱེ་འགོག་ནགས་སྐྲུན་ལས་དོན་རྒྱུན་འཁྱོངས་བྱེད་པའི་གཞི་རྩའི་སྒུལ་ཤུགས་ཡིན་པར་མ་ཟད།  དེར་བརྟེན་ནས་ད་ལྟའི་ལྗང་མདོག་གི་ཁོར་ཡུག་འདི་འདྲ་ཡོད་པར་གྱུར།”

རྒྱ་མཚོས་ངོ་སྤྲོད་བྱས་པ་ལྟར་ན། ད་ལྟ་ཀུན་དགའ་མཚོ་ཡི་མཐའ་འཁོར་དུ་ནགས་ཚལ་གྱི་ཁྱབ་ཚད70%ཡན་ཟིན་ཞིང་།  ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ཆར་ཆུ་འབབ་ཚད་ཇེ་མང་དུ་སོང་བ་དང་བྱེ་ཐང་མང་ཆེ་བ་ལྗང་མདོག་ཅན་དུ་བསྒྱུར་བས།  ལོ་མང་པོར་མཐོང་དཀའ་བའི་རི་བོང་དང་ཝ་མོ་སོགས་རི་སྐྱེས་སྲོག་ཆགས་ཀྱང་ཀུན་དགའ་མཚོ་ཡི་མཐའ་འཁོར་གྱི་ནགས་ཚལ་ནས་རྒྱུན་དུ་མཐོང་ཐུབ་པ་རེད།

རླངས་འཁོར་ལ་བསྡད་ནས་ཀུན་དགའ་མཚོ་ཡི་གཡས་ཕྱོགས་ཀྱི་བྱེ་འགོག་ནགས་ཚལ་དུ་སླེབས་དུས།   ཧྲུའུ་ཅི་རྒྱ་མཚོས་ངོ་གདོང་ནག་ཅིང་སྐྲ་ལོ་ཅུང་ཙམ་འཁྱིལ་པའི་ནགས་སྲུང་བ་གཅོད་པར་བསྟན་ནས།  “ཁོ་ནི་ནགས་ཚལ་སྲུང་རྒྱུ་དེ་རང་གི་ཚེ་སྲོག་ལས་ཀྱང་གལ་ཆེན་དུ་འཛིན་མཁན་ཞིག་ཡིན། སྡེ་བར་ཁོ་དང་འདྲ་བའི་མི་མང་པོ་ཡོད་པས།   ད་ལྟའི་ལྗང་མདོག་གི་གྲུབ་འབྲས་ཆེན་པོ་འདི་འདྲ་ཐོབ་པ་ཁོ་ཚོའི་དྲིན་རེད”ཅེས་དེ་ལྟར་བཤད།

“ཀུན་དགའ་སྡེ་བས་བྱེ་འགོག་ནགས་སྐྲུན་ལས་དོན་སྤེལ་བ་དང་ཆབས་ཅིག  ཕྱོགས་གཅིག་ནས་ཞིང་ཕྱུགས་ལས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་པར་སྐུལ་འདེད་བྱས་ཏེ།  ནོར་ལུག་གཟན་ཆས་ཀྱིས་གསོ་བའི་ཁ་ཕྱོགས་དམ་འཛིན་བྱས་པ་དང་། ནོར་ལུག་གསོ་ཐབས་ལ་བསྒྱུར་བཅོས་དང་འཕེལ་རྒྱས་སུ་བཏང་པ་དང་།  ཕྱོགས་གཞན་ཞིག་ནས། 2008ལོར། ང་ཚོ་སྡེ་བའི་བྱེ་འགོག་ནགས་སྐྲུན་གྱི་རྒྱ་ཁྱོན་ཇེ་ཆེར་གཏོང་སྐབས། ནགས་སྐྲུན་དང་བསྟུན་ནས་རྩྭ་ཕྱུགས་ཇེ་ཉུང་དུ་འགྲོ་སྲིད་པའི་དོན་དངོས་ལ་དམིགས་ནས། མ་བསྐུལ་དང་ལེན་སྒོས་གུང་ཧོ་རྫོང་ཡུས་མའོ་ཐོན་ལས་ཚད་ཡོད་ཀུང་སི་དང་འབྲེལ་ལམ་བཙུགས་ཏེ། ཀུང་སི་དེ་དང་མཉམ་དུ་ས་མུའུ4000ལྷག་ཡོད་པའི་འཕང་འབྲས་འདེབས་གསོ་རྟེན་གཞི་བཙུགས། དེར་བརྟེན་ནས་ཀུན་དགའ་སྡེ་བའི་སྡེ་མི་ཚོས་ས་ཁུལ་གཞན་དུ་འགྲོ་མི་དགོས་པར། རང་གི་སྡེ་བ་ནས་ཡོང་སྒོ་བཙལ་ཐུབ་པའི་དམིགས་ཡུལ་མངོན་འགྱུར་བྱས་ཤིང་། ན་ནིང་ལོའི་མི་རེའི་ཡོང་སྒོ་སྒོར7800ལྷག་ལ་སླེབས་ཏེ། སྡེ་དམངས་ཀྱི་ཡོང་འབབ་རྒྱུན་ལྡན་ཅན་དུ་འགན་སྲུང་བྱས།”

ཕྱི་དྲོའི་དུས་ཚོད5ཡས་མས་སུ།  བཏུལ་ཐང་བར་མའི་བྱེ་འགོག་ནགས་ཚལ་དུ་ཐོན་དུས། ནགས་སྲུང་བ་གཅོད་པས་མགོ་སྒུར་ནས་བྱེ་ཐང་དུ་རྡོ་ཐལ་དཀར་པོས་ཐིག་བརྒྱབ་ཡོད་པའི་ནང་གི་ལྗང་སྨྱུག་བརྩི་ཞོར་དུ “ང་ཚོས་འདེབས་འཛུགས་བྱས་པའི་ལྗོན་ཤིང་གི་གསོན་ཚད90%ཡན་ལ་སླེབས་ཡོད།”  “བྱེ་འགོག་ནགས་སྐྲུན་ནི་དཀའ་ཚེགས་ཧ་ཅང་ཆེ་བའི་བྱ་བ་ཞིག་ཡིན་མོད།  ང་ཚོར་ཀུན་དགའ་སྡེ་བའི་མཛེས་སྡུག་དང་འཆམ་མཐུན།  བདེ་སྐྱིད་བཅས་ཀྱི་མ་འོངས་པའི་མདུན་ལམ་ལ་ཡིད་ཆེས་སྔར་ལས་བརྟན་པོ་ཡོད”ཅེས་དེ་ལྟར་བཤད་བྱུང་།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།