མགོ་ལོག་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་གྲུབ་འབྲས་མངོན་གསལ་ཐོབ།
2020.10.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 15

 གངས་རི་ཀྲོང་ངེར་འགྱིང་ལ། ནོར་གནག་སྤང་རི་སྟེང་བག་ཡངས་ངང་རྒྱུ་བཞིན་འདུག འབྲོག་པའི་སྐད་གསང་མཐོན་པོའི་གླུ་སྐད་སྙན་མོ་ཆུ་འཛིན་གླང་བོའི་དབུས་ན་འཁྱིལ། གནས་འདི་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རེད། གནས་འདི་ན། ལང་ལོང་འཕྱོ་བའི་རྨ་ཆུ་སྔོན་མོ་དྭངས་ཤིང་གསལ་ལ་ཞིམ་མངར་ལྡན་པ་དང་། རབ་དཀར་གངས་རི་དང་ཁོད་ཡངས་པའི་རྩྭ་ཐང་གིས་ཕན་ཚུན་རྒྱན་དུ་སྤྲས་ཏེ་མཚར་སྡུག་ངོམས་ཤིང་། རིགས་སོ་སོའི་མང་ཚོགས་འབུམ་གཉིས་ཕན་ཚུན་དམ་དུ་འབྲེལ་ཡོད།

མགོ་ལོག་ནི་བོད་རིགས་གཙོ་བྱས་ཏེ་རྒྱ་རིགས་དང་ཧའེ་རིགས། སོག་རིགས། ཧོར་རིགས། ཟ་ལར་རིགས་སོགས་མི་རིགས་མང་པོ་འཆམ་མཐུན་མཉམ་གནས་ཀྱིས་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན་ཞིང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་བུ་བུ་མོ་འབུམ་གཉིས་ལྷག་གིས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ཏེ། སྤྱི་ལེ་གྲུ་བཞི་མ་ཁྲི་བདུན་སྟོང་དྲུག་བཞི་བརྒྱ་ཡོད་པའི་མཐོ་སྒང་གི་ས་གཞི་ཆེན་པོ་འདིའི་སྟེང་། རི་སྔོ་ཆུ་དྭངས་ཀྱི་གཞི་མདངས་དང་སྤུས་ཚད་མཐོ་བའི་འཚོ་བའི་རང་མདངས། སྤུས་ཀ་ལེགས་པའི་འཕེལ་རྒྱས་ཀྱི་གཟི་འོད་བཅས་ཀྱིས་ཡར་ངོའི་ཟླ་ལྟར་འཕེལ་བའི་མི་རིགས་མཐུན་སྒྲིལ་གྱི་པར་རིས་གསར་པ་ཞིག་བྲིས་ཡོད།

སྔར་ནས་ད་བར་དུ། མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྐྲུན”ཞེས་པའི་སྤྱིའི་དམིགས་འབེན་གཞིར་བཟུང་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་གྱི་འདུ་ཤེས་བརྟན་པོ་བཞེངས་རྒྱུ་དེ་རྩ་བའི་ཁ་ཕྱོགས་བྱེད་པ་དང་། རིགས་སོ་སོ་འབྲེལ་འདྲིས་བརྗེ་རེས་བྱེད་པ་དེ་རྩ་བའི་ཐབས་ལམ་བྱས་ཏེ། གསར་གཏོད་ཀྱི་གོ་དོན་གཏིང་ཟབ་ཏུ་སྤེལ་བ་དང་གསར་སྐྲུན་གྱི་ཐབས་ལམ་འཐུས་ཚང་དུ་བཏང་ཞིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་སྒྲོག་སློབ་གསོ་རྒྱ་ཆེར་སྤེལ་ནས། རིགས་སོ་སོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དར་ཆ་མཐོན་པོར་བསྒྲེངས་ཤིང་། མི་རིགས་མཐུན་སྒྲིལ་གྱི་སྡོང་བུའི་རྩ་བ་དེ་མགོ་ལོག་གི་རིགས་སོ་སོའི་མི་དམངས་ཀྱི་སེམས་ཁོངས་སུ་ཟུག་སྟེ་རྩེ་མོ་རྒྱས་ཤིང་འབྲས་བུ་སྨིན།

དམངས་ཚིས་ལེགས་བཅོས་བྱས་ཏེ་འབྱོར་འབྲིང་གི་ལམ་ནས་གཅིག་ཀྱང་བསྐྱུར་མི་རུང་།

རྨ་སྟོད་ནི་རྨ་ཆུ་སྟོད་རྒྱུད་ཀྱི་རྫོང་དང་པོ་ཡིན་ལ། མི་གྲངས་ཉུང་ཞིང་མཚོ་ངོས་ལས་མཐོ་ཚད་སྨི4800ཡན་ཡོད་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དཀྱིལ་དབུས་སུ་གནས་ཡོད་པས། རྨ་ཆུའི་མགོ་ཁུངས་ཡིན་ལ།  མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་གཙོ་བོ་ཞིག་ཀྱང་ཡིན།

མགོ་ལོག་ཁུལ་གྱིས་གནད་ཁེལ་དབུལ་ཐར་གྱི་རྩ་དོན་ལྟར། གླིང་ཁུལ་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་ནས་མགོ་བརྩམས་ཏེ། སྐྱེ་ཁམས་ལྟ་སྲུང་གི་སྤྱི་ཕན་ལས་རྐང་བཙུགས་ནས་སྐྱེ་ཁམས་ལྟ་སྲུང་པ3042དཔང་ཡིག་ལ་བརྟེན་ནས་ལས་རྐང་དུ་ཞུགས་སུ་བཅུག་པ་དང་། རྫོང་ཡོངས་སུ་འབྲོག་ཁྱིམ་གྱི་སྤྱི་གྲངས4329ཡོད་པ་དེའི70.3%ཟིན་ལ། ཁྱིམ་ཚང་རེར་ལོ་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར21600ལ་འཕར་སྣོན་བྱུང་།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཁེ་ཕན་ཐོབ་མཁན་ཞིག་ཡིན་པའི་ཆ་ནས། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཐོན་སྐྱེད་ཆུ་ཚད་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྲུང་སྐྱོབ་བྱ་བ་བསྟུད་མར་སྤེལ་བ་དང་བསྟུན་ནས། ས་གནས་སོ་སོས་ཀྱང་སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར། དམངས་ཚིས་ལེགས་བཅོས་བཅས་ཕན་ནུས་ལྡན་པའི་སྒོ་ནས་ཟུང་འབྲེལ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་བཟང་བོ་བླངས།

སྲིད་ཇུས་དངོས་འབེབས་བྱས་ཏེ་མང་ཚོགས་ཀྱི་བདེ་སྐྱིད་ལ་ཤུགས་བསྣན།

བསོད་ནམས་ཚེ་རིང་ནི་སྔོན་ཆད་རྫོང་མཁར་དང་བར་ཐག་སྤྱི་ལེ200ཡོད་པའི་དྭངས་ལག་ཡུལ་ཚོར་བསྡད་ཡོད། དྭངས་ལག་ཡུལ་ཚོའི་ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་ལ་སྨི4500ཡན་ཡོད་པ་དང་། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད་གོར་ཐིག་མན་གྱི་ཏུའུ4℃ཡིན་ལ། མཐོ་སྒང་དུ་གྲངས་ངར་ཆེ་ཞིང་དབྱང་རླུང་དཀོན་པར་མ་ཟད། རང་བྱུང་གནོད་འཚེ་རྒྱུན་དུ་འབྱུང་ངེས། དྭངས་ལག་ཡུལ་ཚོ་ཁོ་ནར་དཀའ་སྡུག་ཆེ་བ་ཞིག་མིན་པར་རྨ་ཆེན་རྫོང་གི་ཉེ་འཁོར་གྱི་འབྲོག་པ་མང་པོ་ཡང་སྐྱེ་ཁམས་ཞན་སའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་དཀྱིལ་དབུས་སུ་འཚོ་སྡོད་བྱེད་བཞིན་ཡོད།  སྡེ་བའི་ཕྱོགས་བཞི་བོར་གངས་རིས་བསྐོར་བས་འབྲོག་པ་མང་ཚོགས་ཀྱིས་ནོར་ལུག་འཚོས་ཏེ་འཚོ་བ་སྐྱེལ་བ་ལས་ཡོང་སྒོ་གཞན་མེད་པས་འཚོ་བར་དངོས་གནས་དཀའ་ཁག་ཆེ་བ་རེད།

འབྲོག་པ་མང་ཚོགས་ཀྱི་དངོས་ཡོད་དཀའ་ཁག་ལ་ཁ་གཏད་ནས། རྨ་ཆེན་རྫོང་གིས་ས་གནས་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་སྲིད་ཇུས་ལག་བསྟར་བྱས། 2018ལོའི་ཟླ10པར། བསོད་ནམས་ཚེ་རིང་དྭངས་ལག་ནས་ད་ལྟའི་རྟ་བོ་གྲོང་རྡལ་འཇིགས་མེད་གཞིས་ཁུལ་གྱི་སྡོད་ཁང་གསར་པ་རུ་གནས་སྤར་བ་རེད། རྒྱུས་ལོན་བྱུང་བ་ལྟར་ན། 2016ལོ་ནས་བཟུང་། རྨ་ཆེན་རྫོང་གིས་སྲིད་གཞུང་གིས་གཅིག་གྱུར་འཆར་འགོད་དང་འཛུགས་སྐྲུན། དེ་མིན་གཅིག་བསྡུས་བཀོད་སྒྲིག་སོགས་ཀྱི་དཔེ་དབྱིབས་སྤྱད་ནས། རིམ་བསགས་ཀྱིས་མ་དངུལ་སྒོར་དུང་ཕྱུར་གཉིས་བྱེ་བ་དྲུག་ས་ཡ་དགུ་བཏང་ནས་ས་གནས་གཞན་དུ་གནས་སྤོ་བའི་གཏན་སྡོད་བྱེད་ས11གཅིག་བསྡུས་ཀྱིས་འཛུགས་སྐྲུན་བྱས་པ་དང་། བསྡོམས་པས་སྡོད་ཁང1285འཛུགས་སྐྲུན་བྱས་ཏེ་མི4348བཀོད་སྒྲིག་བྱས་ཤིང་། དེས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི54.8%ཟིན་ལ། སྡོད་ཁང་གསར་པར་སྤར་ཚད100%ལ་སླེབས།

འབྲོག་པ་མང་ཚོགས་རྫོང་མཁར་དུ་གནས་སྤར་བ་ནས་བཟུང་ཕྱུགས་ལས་ཀྱི་མཚམས་བཞག་པ་དང་། རྨ་ཆེན་རྫོང་གིས་ད་དུང་ངལ་རྩོལ་པ་ཕྱིར་གཏོང་དང་སྤྱི་ཕན་རང་བཞིན་གྱི་ལས་རྐང་མཁོ་འདོན་བྱེད་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ་འབྲོག་པ་མང་ཚོགས་ཐག་ཉེ་ས་ནས་ལས་ཞུགས་བྱེད་པ་དང་རང་དགར་ལས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ཏེ་ཡོང་སྒོའི་ལམ་བུ་རྒྱ་བསྐྱེད། “སྡོད་ཁང་གསར་པར་སྤར་རྗེས་རྩལ་ནུས་གསར་པ་སློབ་སྦྱོང་དང་ལས་ཀ་གསར་པར་གོམས་དགོས”ཞེས་བསོད་ནམས་ཚེ་རིང་གིས་དེ་ལྟར་བཤད།

བློ་སེམས་རྩེ་གཅིག་གིས་ཕུགས་འདུན་བསྐྲུན་ནས་བདེ་འཇགས་འཆམ་མཐུན་གྱི་ཁྱིམ་གཞིས་མཉམ་དུ་བསྐྲུན།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རྒྱུས་ནི་མི་རིགས་འགའི་འབྲེལ་འདྲིས་དང་བརྗེ་རེས། འགྲོ་འོང་བཅས་མཐུན་སྒྲིལ་ཡར་ཐོན་གྱི་ལོ་རྒྱུས་ཤིག་དང་། གནའ་ནས་བཟུང་སྟེ་མི་རིགས་མཉམ་བསྲེས་ཀྱི་ཁྱམས་རིང་ཞིག་བོད་རྒྱ་འབྲེལ་འདྲིས་ཀྱི་ཟམ་པ་ལྟ་བུ་བཅས་ཡིན་པ་རེད།

མགོ་ལོག་ཁུལ་གྱིས་ཐོག་མཐའ་བར་གསུམ་དུ་མཐའ་འཁོར་ས་ཁུལ་བར་གྱི་མཐུན་སྒྲིལ་མཉམ་ལས་དང་མཉམ་དུ་འཕེལ་རྒྱས་འགྲོ་བ་གཉིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འགན་འཁྲི་ཨང་དང་པོར་བཞག་སྟེ། བདེ་འཇགས་དང་དར་རྒྱས་གཏོང་ཐབས་ལ་བསྟུད་མར་ཤུགས་བསྣན་ནས། རྨང་གཞིའི་འཛུགས་སྐྲུན་ཏན་ཏིག་གིས་སྤེལ་བ་དང་། བོད་ཁུལ་གྱི་ས་ཁུལ་བར་གྱི་སྤྱི་ཚོགས་བཅོས་སྐྱོང་གི་དཔེ་དབྱིབས་གསར་པ་བསྐྲུན་པས། མགོ་ལོག་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་དང་ཉེ་འཁོར་ས་ཁུལ་གྱི་རིགས་སོ་སོའི་མང་ཚོགས་ལ་ལག་རྡང་སྦྲེལ་ནས་འབྱོར་འབྲིང་དུ་བསྐྱོད་པའི་མཛེས་སྡུག་གི་བྱང་བུར་གྱུར།

ད་ལྟ། མགོ་ལོག་ཁུལ་གྱིས་ཁྱིམ་མཚེས་ཞིང་ཆེན་གཞན་དག་གི་རིམ་པ་སོ་སོའི་ཏང་ཨུ་ཚང་མར་ཞིང་ཆེན་ལས་བརྒལ་བའི་མཉམ་འབྲེལ་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་དང་རྫོང་ལས་བརྒལ་བའི་མཉམ་འབྲེལ་ཏང་གི་ལས་དོན་ཏང་ཀྲི་པུའུ་བཙུགས་ཏེ། ཕན་ཚུན་ལ་འཚམས་འདྲི་དང་སློབ་སྦྱོང་། རོགས་རེས། དེ་མིན་རིག་གནས་ལུས་རྩལ་བྱ་འགུལ་བརྗེ་རེས་སོགས་ཀྱི་རྣམ་པ་མང་པོའི་བྱ་འགུལ་སྤེལ་བ་བརྒྱུད། བསམ་བློའི“མཉམ་བསྲེས་ཆེན་མོ”མངོན་འགྱུར་བྱུང་ཡོད། ས་གནས་གཉིས་ཀྱི་ཐོན་ལས་མཉས་ལས་དང་ཚོང་ཟོག་བརྗེ་རེས་ལ་ཤུགས་གང་ཡོད་ཀྱིས་སྐུལ་འདེད་བྱས་པ་བརྒྱུད། ཉེ་འཁོར་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས། མི་རིགས་མཐུན་སྒྲིལ་ཡར་ཐོན་བཅས་ལ་སྲུང་སྐྱོང་གང་ལེགས་བྱས།

མིག་སྔར། མགོ་ལོག་ཁུལ་གྱིས་བདེ་འཇགས་དང་དར་རྒྱས་བཟོ་འགོད་སྐོར་བདུན་གྱི་ལས་གཞི85དངོས་འབེབས་བྱས་ཏེ། སྤྱིའི་མ་དངུལ་སྒོར་དུང་ཕྱུར་ལྔ་བྱེ་བ་བདུན་ས་ཡ་དྲུག་བཏང་ལ། གཙོ་བོ་འབྲེལ་མཚམས་ས་ཁུལ་གྱི་སློབ་གསོ་རིག་གནས་དང་སྨན་བཅོས་འཕྲོད་བསྟེན། མི་ཕྱུགས་ཀྱི་འཐུང་ཆུ། བགྲོད་ལམ་དང་དེ་མིན་བཙོག་ཆུ་བཅོས་སྐྱོང་སོགས་རྨང་གཞིའི་སྒྲིག་བཀོད་ཕྱོགས་སུ་བཀོལ།

རྒྱུན་འཛིན་འཕེལ་རྒྱས་བཏང་སྟེ་མི་རིགས་རིག་གནས་ཀྱི་མེ་ཏོག་རྣམ་པར་བཞད།

མགོ་ལོག་ནི་གེ་སེར་རིག་གནས་སྐྱེ་ཁམས་ཀྱི་རྟེན་གཞི་གལ་ཆེན་ཞིག་ཡིན། ལོ་རྒྱུས་སྙན་རྩོམ་རིང་མོ《གེ་སར》ནི་རང་རྒྱལ་གྱི“དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་གསུམ་གྱི”གྲས་ཡིན་ལ། འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཀྱང་ཡིན་པས། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས“མིའི་རིགས་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་ཐོ”ཁྲོད་བདམས་ཤིང་། “བོད་ཀྱི་རིག་གནས་ཤེས་བྱ་ཀུན་ཁྱབ”ཅེས་འབོད་ཀྱིན་ཡོད། མགོ་ལོག་ཁུལ་གྱིས་ལོ་རྒྱུས་སྙན་རྩོམ་རིང་མོ《གེ་སར》གྱི་འཕེལ་རྒྱས་ལོ་རྒྱུས་སྟེང་གོ་གནས་ཁྱད་པར་བ་ཞིག་ཟིན་ཞིང་། གེ་སར་རྟ་རྒྱུགས་རྒྱལ་འཇོག་གི་གནས་མཆོག་ཏུ་གྲགས་ཡོད་ལ། ཀྲུང་གོའི《གེ་སར》རིག་གནས་ཀྱི་ཕ་ས་དང《གེ་སར》རིག་གནས་ཞིབ་འཇུག་གི་རྟེན་གཞི་གལ་ཆེན། དེ་བས་ཀྱང་རྒྱལ་ཡོངས་ཀྱི་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་གཅིག་པུར་གྱུར་ཡོད།

མགོ་ལོག་གི་ཡུལ་སྲོལ་གོམས་གཤིས་སོགས་ས་ཁོངས་རིག་གནས་དང་གེ་སར་རིག་གནས་ཀྱི་བྱུང་བར་འབྲེལ་བ་དམ་པོ་ཡོད་པར་མ་ཟད། མཉས་འདྲེས་སྒོས་གེ་སར་ལྷ་རི་དང་ལྷ་ཆབ།  འཚོ་བའི་གོམས་གཤིས་སོགས་ཀྱི་རིག་གནས་སྣང་ཚུལ་ཞིག་གྲུབ་ཡོད། གེ་སར་རིག་གནས་ནི་ཀྲུང་ཧྭའི་རིག་གནས་ཀྱི་གྲས་ཤིག་ཡིན་པས་མགོ་ལོག་གི་རིགས་སོ་སོའི་བློ་སེམས་གཅིག་སྒྲིལ་དང་མཉམ་གནས་མཉམ་དར་གྱི་རིག་གནས་སྒྲོག་ཐག་ལྟ་བུར་གྱུར་ཡོད། ལོ་མང་པོའི་རིང་ལ། མགོ་ལོག་ཁུལ་གྱིས་གེ་སར་རིག་གནས་ཞིབ་འཇུག་གི་གོ་རིམ་དང་ཁྱབ་ཁོངས། ཟབ་ཚད་བཅས་ཀྱི་ཕྱོགས་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གང་ལེགས་བྱས། 2018ལོར། མགོ་ལོག་ཁུལ《གེ་སར》ལོ་རྒྱུས་སྙན་རྩོམ་རིང་མོ་བྱིས་སྐད་མཉམ་ལེན་ཚོགས་པ་རིག་གནས་དང་གནས་སྐོར་པུའུ་ཡིས་བསྒྲུབས་པའི“གླུ་སྐད་ང་དང་མཉམ་དུ་ནར་སོན”ཞེས་པ་བརྗོད་དོན་ཡིན་པའི་སྐབས་དགུ་པའི་ཀྲུང་གོའི་ལོ་ཆུང་བྱིས་པའི་མཉམ་ལེན་དུས་ཆེན་ནང་ཞུགས། དེ་དང་ཆབས་ཅིག  ཁུལ་ཡོངས་ཀྱིས《གེ་སར་ལོ་རྒྱུས་སྙན་རྩོམ་རིང་མོ》ཡི་ནང་དོན་ཐུན་ཕྱིའི་ཀློག་དེབ་ཁྲོད་བཞག་པ་དང་། སྲོལ་རྒྱུན་མི་རིགས་ཞབས་བྲོ་སློབ་གསེང་ལུས་རྩལ་དུ་གསར་བསྒྲིགས་བྱས་པ་སོགས་ཀྱི་རྣམ་པས་གཟུགས་འདས་རིག་གནས་ཤུལ་བཞག་སློབ་རར་བསྐྱོད་པའི་བྱ་འགུལ་དེ་རིག་གནས་རྒྱུན་འཛིན་བྱེད་པའི་ཐབས་ལམ་གཙོ་བོར་གྱུར་ཡོད། །

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།