གཡུ་འབྲུག་སྔོན་མོ་འཁྱུག་འདྲའི་རྨ་ཀླུང་དལ་འབབ་རིང་མོའི་འགྲམ་རྒྱུད་ཀྱི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་མང་ཚོགས་ཀྱི་བདེ་ཐང་གཙོར་བཟུང་ཞིང་། གཞན་ཕན་གྱི་སྙིང་རྗེ་ཆེན་པོས་ཀུན་ནས་ཕྱུག་པའི་རིགས་སོ་སོའི་སྨན་པའི་རུ་དཔུང་ཞིག་གིས་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་རེ་འདུན་དེ་རང་ཉིད་ཀྱི་འབད་འཐབ་དམིགས་འབེན་དུ་བྱས་ཏེ། ཉིན་མཚན་དབྱེར་མེད་དུ་འཁང་ར་དང་ལེ་བདའ་ཅི་ཡང་མེད་པར་རིགས་སོ་སོའི་མང་ཚོགས་དག་ལ་ཆུ་ཚད་སྔར་ལས་མཐོ་བའི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུ་ལོངས་སུ་སྤྱོད་དུ་འཇུག་པར་བརྩོན་བཞིན་འདུག དེ་ནི་ཉིས་སྟོང་བཅོ་ལྔ་ལོར་རྒྱལ་ཡོངས་དང་ཞིང་ཆེན། ཁུལ་བཅས་རིམ་པ་གསུམ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ལས་ཁུངས་ཀྱི་མཚན་སྙན་ཐོབ་པའི་གཅན་ཚ་རྫོང་མི་དམངས་སྨན་ཁང་རེད།
ང་ཚོ་སྨན་ཁང་དེའི་སྒོ་བསྟེན་སྨན་ཁང་དུ་ཐོན་པ་ན། ནད་པ་མང་པོ་འཚང་ཁ་ཤིག་ཤིག་གིས་སྨན་པས་སྒོ་འགྲམ་དུ་ནད་ལ་སྟོན་པར་སྒུག་ཡོད་ལ། ང་ཚོ་ནང་དུ་སོང་ནས་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ན། ཀྲུའུ་རིན་ཁྲིན་ཆིན་ལེན་གྱིས་སེམས་ཞིབ་མོས་ནད་པར་བལྟ་བཞིན་ཡོད། ཁོ་མོས་སྨན་ཁང་དུ་ལོ་ངོ་སུམ་ཅུ་ལྷག་ལ་བྱ་བ་སྒྲུབ་པ་དང་། ནད་པར་ཁ་བརྡ་བྱེད་སྐབས་བབ་ཆགས་དང་གཟབ་ནན་ཡིན་ལ། བྱང་ཆ་ལྡན་པའི་རྣམ་པ་ཞིག་ངང་ངམ་ཤུགས་ཀྱིས་སྟེར་སྲིད། ཁོ་མོས་བཤད་རྒྱུར།
ནད་པ་སུ་ཞིག་ཡིན་རུང་རྒྱ་བོད་ཀྱི་ཁྱད་པར་མེད། སྨན་ཁང་དུ་ཐོན་ཚེ་ཚང་མ་ནད་པ་རེད། དཀའ་ཁག་ཅན་གྱི་ནད་པར་ཐུགས་ཚེ། སྨན་པ་རྣམས་ཀྱིས་རང་འགུལ་སྒོས་རོགས་རམ་བྱེད་བཞིན་ཡོད། མགོ་ལོག ཡུས་ཧྲུའུ། མཚོ་བྱང་། མཚོ་ལྷོ་སོགས་བྱིས་པ་སྐོར་ཞིག་གིས་རྫོང་ཐོག་ཏུ་སློབ་གྲྭ་འདོན་བཞིན་ཡོད་ལ། ཁོ་ཚོའི་ལག་ཏུ་སྐར་གང་ཡང་མེད་པ་ཡོད་པས་དེ་དག་ལ་རིན་མེད་ཀྱིས་སྨན་བཅོས་བྱེད་བཞིན་ཡོད་ལ། སྨན་པ་སུ་ལ་འཕྲད་ན་སྨན་པས་རང་ཉིད་ཀྱི་བྱང་བུ་བཀོལ་ནས་སྨན་བཅོས་བྱེད་སྲིད་པས། ནད་པས་སྨན་པར་བརྩི་བཀུར་བྱེད་པ་དང་སྨན་པ་ནད་པར་ཤ་ཚ་བ་ཞིག་རེད། སྨན་ཁང་དུ་ནད་པ་ལྕི་མོ་ཞིག་ཐོན་ཚེ་སྔོན་ལ་བརྟག་དཔྱད་བྱེད་པ་དང་རྗེས་ནས་སྨན་རིན་སྤྲོད་པ་སོགས་ཀྱི་འགྲོ་ལུགས་སྒྲུབ་བཞིན་ཡོད། དེ་བས། རང་ཉིད་ཀྱིས་བལྟས་ན་ཕྱོགས་གང་ཐད་ནས་བཟང་གི
དམངས་ཡོངས་ཀྱི་བདེ་ཐང་མེད་ན་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་འཚོ་བ་གླེང་ཐབས་མེད་པས། གཅན་ཚ་རྫོང་མི་དམངས་སྨན་ཁང་གིས་མི་རིགས་ཀྱི་ཁྱད་པར་དང་ཉེ་རིང་ཅི་ཡང་མེད་པར་མང་ཚོགས་དག་ལ་རང་ཁྱིམ་གྱི་སྒོ་ཁ་ནས་སྤུས་ལེགས་བདེ་འཇགས་དང་སྟབས་བདེ། རིན་བདེའི་སྤྱི་ཐུན་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས་ཏེ། ངེས་པ་དོན་གྱིས་གཞི་རིམ་མང་ཚོགས་ཀྱི་ནད་སྟོན་དཀའ་བའི་གནད་དོན་རྩ་བ་ནས་ཐག་གཅོད་བྱས་སྟབས། རིགས་སོ་སོའི་མང་ཚོགས་ཀྱི་བསྟོད་བསྔགས་དང་ཁས་ལེན་ཐོབ་ཡོད། སྨན་ཁང་གི་ཡོན་ཀྲང་མཱ་ཅིས་ལིན་གྱིས་བཤད་རྒྱུར།
ང་ཚོའི་སྨན་ཁང་དུ་མི་རིགས་བདུན་གྱི་ལས་བཟོ་བ་ཡོད་པ་དང་། བོད་རིགས་ཀྱིས་བརྒྱ་ཆའི་ལྔ་བཅུ་ལྷག་ཟིན་ཡོད། མི་རིགས་སུ་ཞིག་གི་དུས་ཆེན་དུ་སླེབས་རུང་ཚང་མས་མཉམ་རོལ་བྱེད་ཀྱིན་ཡོད་ལ། ལས་བཟོ་སུ་ཞིག་གི་ཁྱིམ་དུ་དོན་དག་བྱུང་ཚེ་ཚང་མས་ཐུགས་ཁུར་བྱེད་ཀྱིན་ཡོད། མི་རིགས་གང་དང་གང་ཡིན་རུང་། ང་ཚོའི་སྨན་ཁང་དུ་ཡོང་ཚེ་ཚང་མས་འདྲ་མཉམ་སྒོས་ནད་པ་སུ་ལ་སྨན་རྫས་སོགས་ཀྱི་རོགས་རམ་དགོས་ཚེ་དེ་ལ་རོགས་རམ་བྱེད་བཞིན་ཡོད། དེ་སྔོན་གཅན་ཚ་རྫོང་དང་དཔའ་ལུང་རྫོང་གཉིས་ཀྱི་བར་དུ་འགལ་བ་རེ་འགའ་ཡོད་ལ། རྗེས་སུ་ཞིང་ཆེན་དང་ཁུལ། རྫོང་རིམ་པའི་ཐུགས་ཁུར་འོག ལོ་རེར་གྲོས་བསྡུས་ངོ་འཕྲད་ཚོགས་འདུ་རེ་བསྡུས་ཏེ་ཐག་གཅོད་བྱས་པས། ད་ལྟ་ང་ཚོའི་སྨན་ཁང་དུ་ཡོང་བའི་ནད་པའི་བརྒྱ་ཆའི་ལྔ་བཅུ་དཔའ་ལུང་ས་ཆའི་རེད།
སྨན་ཁང་དེ་ནི་སྙིང་རྗེ་ཆེན་པོས་ཀུན་ནས་ཕྱུག་པའི་མི་རིགས་མང་བོའི་མི་བུ་ལྷག་བསམ་ཅན་མང་བོ་ལྷན་དུ་འཛོམས་པའི་ཚོགས་པ་ཞིག་ཡིན་ཞིང་། སྨན་ཁང་སྤྱི་དང་སྨན་པ། སྨན་ཞབས་པ་རང་ཉིད་ནས་མི་རིགས་སོ་སོའི་ནད་པར་ཕྱོགས་གང་ཅིའི་ཐད་ནས་རོགས་སྐྱོར་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་དུས་ངེས་མེད་དུ་འབྱུང་བཞིན་ཡོད་ལ། ནད་པར་སྒོར་མོ་མེད་པའམ་བདག་མེད་སོགས་གང་ཡིན་ཡང་སྔོན་ལ་སྲོག་སྐྱོབ་སྨན་བཅོས་བྱས་རྗེས་སྨན་ཡོན་རྗེས་ནས་ཐག་གཅོད་བྱེད་པ་དང་། གལ་ཏེ་ནད་པར་སྨན་ཡོན་སྤྲོད་པའི་ནུས་པ་མེད་པའི་དབང་དུ་བཏང་ཡང་སྨན་པ་དང་སྨན་ཞབས་པ་སོགས་ཀྱིས་རང་མོས་ལྟར་ཞལ་འདེབས་ཕུལ་ནས་རོགས་སྐྱོར་བྱེད་པ་ནི་སྨན་ཁང་དེའི་ཐུན་མིན་གྱི་ཁྱད་ཆོས་ཤིག་དང་དཔེ་སྲོལ་ལེགས་པོ་ཞིག་ཏུ་གྱུར་འདུག སྨན་ཁང་གི་སྨན་ཞབས་པ་མགོན་པོ་སྒྲོལ་མས་བཤད་རྒྱུར།
ནད་པ་ཞག་སྡོད་བྱེད་དུ་ཡོང་ཚེ། ཁྱིམ་བདག་མེད་པའི་ནད་པ་དང་རྒྱ་སྐད་མི་ཤེས་པ། ལོ་ན་མཐོ་བ། བདག་མེད་ནད་པ་བཅས་སྨན་ཁང་དུ་ཡོང་ན་དཀའ་ལས་མང་པོ་འཕྲད་ཀྱིན་ཡོད། སྨན་པས་བོད་སྐད་མི་ཤེས་པས་ནད་པ་དང་གོ་བརྡ་སྤྲོད་པར་དཀའ་ལས་ཆེན་པོ་མྱོང་བཞིན་ཡོད། ང་ཚོ་སྨན་ཞབས་པའི་ཁྲོད་ན་བོད་རིགས་མང་པོ་ཡོད་པས་ལོ་ཙཱ་བྱེད་བཞིན་ཡོད། ཁྱིམ་བདག་མེད་པའམ་རྒྱ་སྐད་མི་ཤེས་པ་དག་ང་ཚོས་དངོས་སུ་ཁྲིད་ནས་སྨན་རིན་སྤྲོད་པ་དང་བརྟག་དཔྱད་སོགས་བྱེད་པར་རོགས་རམ་བྱེད་བཞིན་ཡོད། བདག་མེད་ནད་པ་རྣམས་ལ་སྨན་ཞབས་པས་རེས་སྐོར་ཏེ་བདག་སྐྱོང་བྱེད་བཞིན་ཡོད། དེ་སྔོན་ཧོས་རིགས་རྒད་པོ་ལོ་བརྒྱད་ཅུ་ཅན་ཞིག་ཡོང་ནས་ཞག་སྡོད་བྱས་པ་དང་། བདག་སྐྱོང་བྱེད་མཁན་མེད་པས། ང་ཚོ་སྨན་ཞབས་པ་རྣམས་ཀྱིས་ཁོ་ལ་བདེ་ཐང་གི་ཕྱོགས་ནས་རོགས་སྐྱོར་བྱེད་པ་ལས་གཞན། ཟ་ཐུན་ཚང་མ་ཡང་རང་ཉིད་ཀྱིས་ཉོས་ཡོང་ནས་ཁོ་ལ་བླུད་པ་ཡིན།
རིམ་གཉིས་ཀ་བའི་སྨན་ཁང་དེ་ནི་མཐུན་སྒྲིལ་དང་མཛའ་བརྩེའི་དྲོད་ཁོལ་རབ་ཏུ་རྒྱས་པའི་མི་རིགས་མང་པོའི་ཁྱིམ་གཞིས་ཆེན་མོ་ཞིག་ཡིན་པ་དང་། སྨན་པ་དང་སྨན་པའི་བར་དང་སྨན་པ་དང་ནད་པའི་བར་གང་ཡིན་ཡང་ཕན་ཚུན་གྱི་མི་རིགས་གོམས་སྲོལ་ལ་བརྩི་འཇོག་བྱས་ཤིང་། བྱ་བ་དང་འཚོ་བའི་ཐད་ནས་ཕན་ཚུན་རོགས་རམ་བྱས་ཏེ་ཕུ་ནུ་མིང་སྲིང་ལྟ་བུར་གྱུར་འདུག་པར་མ་ཟད། མི་རིགས་སོ་སོས་ཕན་ཚུན་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་པའི་མི་རིགས་ཀྱི་འབྲེལ་བ་ཟབ་མོ་ཆགས་ནས། སྨན་ཁང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་གྲུབ་འབྲས་མངོན་གསལ་ཐོབ་ཡོད་པ་མ་ཟད། གོང་རིམ་ལས་ཁུངས་ཀྱིས་བསྩལ་བའི་དེ་མཐུན་གྱི་བྱ་དགའ་ཡང་རབ་དང་རིམ་པ་ཐོབ་མྱོང་ཡོད།
སྨན་ཁང་ཡོངས་ཀྱི་སྨན་པ་དང་སྨན་ཞབས་པ་ཚང་མས་རང་རང་གི་ལས་རྐང་དུ་ནམ་རྒྱུན་ནད་པར་ཞབས་འདེགས་ཞུ་བར་རྩེ་གཅིག་ཏུ་གཞོལ་བཞིན་ཡོད་པ་དང་། རང་གི་ངལ་གསོ་དང་ལག་ཡོང་སོགས་ཀྱི་ཐད་ནས་འཁང་སེམས་སྤུ་ཙམ་ཡང་མེད་ལ། བློ་གཅིག་སེམས་གཅིག་གིས་ནད་པར་ཕན་རེ་འདོགས་པར་བརྩོན་བཞིན་ཡོད། གོས་དཀར་ལྷ་རྗེ་རེ་རེ་ལས “སྨན་པ་ཕ་ཡིན་ནད་པ་བརྩེ་བས་སྐྱོང”བའི་སྨན་པའི་བླ་མེད་ཀུན་སྤྱོད་གཟུགས་ཅན་བཞིན་དུ་མངོན་པར་བྱས་ཡོད། ང་ཚོ་ཞག་སྡོད་ཐོག་ཁང་དུ་ཐོན་པ་ན། གཤག་བཅོས་བྱས་ནས་ཅུང་འགོར་མེད་པའི་ནད་པའི་ཁྱིམ་བདག་སྐལ་རྒྱལ་ལ་འཕྲད་པ་དང་། ཁོས་བཤད་རྒྱུར།
སྨན་ཁང་གི་ཕྱོགས་གང་ཐད་ནས་བཟང་གི ངེད་ཚང་གི་སྨན་པ་ལོ་ན་ཆུང་བ་ཞིག་རེད། ང་རང་དེ་སྔོན་ཐེངས་མང་པོར་ནད་པ་གཉོར་སྐྱོང་བྱེད་དུ་སོང་མྱོང་བ་ཡིན། སྔོན་ཆད་སྨན་པ་རྒན་པ་ཡིན་ན་བཟང་རྒྱུ་རེད་འདོད་མྱོང་། ད་འདང་ཞིག་རྒྱབ་ན་ལོ་ན་ཆེ་ན་མིག་སོགས་ལོ་ན་ཆུང་བ་ལས་ཞན་རྒྱུ་རེད་སྙམ། སྨན་པ་ཆུང་བ་དེ་བལྟོས་ཚོད་ཀྱིས་ལས་ཀ་བྱང་ཆ་ལྡན་ལ། ནད་པར་བལྟ་སྐབས་གདེང་ཚོད་ཡོད་པའི་རྣམ་པ་ཞིག་མངོན། ཆེད་མཁས་པ་ཚུར་སྨན་ཁང་དུ་གདན་འདྲེན་བྱས་ན། ང་ཚོ་མང་ཚོགས་རྣམས་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད། ཞིང་ཆེན་དུ་སོང་ན་འདུག་སའི་གནས་དང་ཟ་མ་གཡོ་སྐོལ་བྱེད་པར་སྟབས་མི་བདེ་ལ། ངེད་ཚང་གི་ནད་པ་ལྟ་བུར་མཚོན་ན་མི་འགའ་ཡིས་བདག་སྐྱོང་མ་བྱས་ན་མི་གཅིག་གཉིས་ཀྱིས་བདག་སྐྱོང་བྱེད་ཁག་པོ་རེད། དེ་བས་ང་ཚོར་མཚོན་ན་ཆེད་མཁས་པ་སྨན་ཁང་དུ་གདན་འདྲེན་བྱེད་པ་དེ་དོན་བཟང་ཞིག་རེད།
གཅན་ཚ་རྫོང་མི་དམངས་སྨན་ཁང་གིས་ཕུན་སུམ་ཚོགས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བྱ་འགུལ་སྤེལ་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་སྐས་རིམ་གསར་བ་ཞིག་ཏུ་བསླེབས་ཏེ། རྫོང་ཡོངས་ཀྱི་མི་རིགས་སོ་སོའི་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་བསྐྲུན་པར་དགོས་ངེས་ཀྱི་བྱས་རྗེས་བཞག་ཡོད་ལ། ས་གནས་མང་ཚོགས་ལ་ཡང་སྔར་མེད་ཀྱི་སྟབས་བདེ་ཆེན་པོ་བསྐྲུན་དང་བསྐྲུན་བཞིན་ཡོད།
གསར་འགོད་པ། ཕྱུག་ལོ། བསོད་ནམས་ཚེ་རིང་། ཤ་བོ་རིན་མཚོ།
རྩོམ་སྒྲིག་འགའན་ཁུར་བ། ཨ་བརྟན་རྒྱལ།
ལྟ་སྐུལ་བ། དབྱངས་ཅན།
སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།